༄༅། །རོང་ཟོམ་ཆོས་བཟང་གིས་རང་སློབ་དམ་ཚིག་པ་རྣམས་ལ་གསུངས་པའི་རྭ་བ་བརྒྱད་པའི་བཅའ་ཡིག་བཞུགས།

༄༅། །འབྲུག་གི་ལོ། ཡུལ་རུ་ལག་གཙང་སྨད་ཀྱི་བཙད་པོ་ཕ་བ་དེས་སེའི་ཡང་དབོན་རྒྱལ་བུ་སྲོང་བཙན་འབར་སྐུ་ཁབ་བཞེས་པ་ཙམ་གྱི་དུས་ན། སྔགས་བཙུན་སྡེ་གཉིས་ཀྱི་བན་དེ་ཀུན་ཀྱང་། སོ་སོའི་སྡོམ་པ་དང་དམ་ཚིག་བསྲུང་བ་ལ་གཡེལ་ཞིང་། དམ་པའི་ཆོས་ལེགས་པར་འཛིན་པའི་རྩོལ་བ་དང་མི་ལྡན་པར་མཐོང་ནས། ཡུལ་གནང་ལུང་རོང་དུ། རོང་ཟོམ་ཆོས་ཀྱི་བཟང་པོས་རང་གི་དམ་ཚིག་པ་རྣམས་བསྡུས་ཏེ། དཀོན་མཆོག་གསུམ་གྱི་རྟེན། གནས་བུ་འགའ་ཡང་བཙུགས་ནས། དང་པོར་ཁྱིམ་པའི་སྔགས་པ་རྣམས་ལ་བཅའ་བ་བགྱིས་པའི་མདོ། དེ་ལ་སྔགས་པ་ཁྱིམ་པ་རྣམས་ཀྱིས་ཐུན་མོང་གི་བསླབ་པའི་གཞི་ལྔ་ལ་གནས་ནས། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་གསང་སྔགས་ཀྱི་ཚུལ་གཉིས་ཀའི་སྒོར་གྱུར་པའི་རྩ་བའི་ལྟུང་བ་ཆེན་པོ་བཞི་སྤང་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་རྩ་བའི་ལྟུང་བ་བཞི་སྤང་སྟེ། དམ་ཚིག་ལ་ནན་ཏན་དུ་གནས་པར་བྱ་བའི་ཕྱིར། ཀུན་གྱིས་ཀྱང་མི་གནས་སུ་མི་གནང་བ། དེ་ལ་ཐེག་པ་ཆེན་པོར་གསུངས་པའི་བསླབ་པའི་གཞི་ལྔ་ལ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པ་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། རྫུན་དུ་སྨྲ་བ་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ་དང་ལྔའོ། །དེ་ལ་ཚངས་པར་སྤྱོད་པ་དང་། ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་ནུས་པ་ཡོད་ན་ལེགས། དེ་དག་མི་ནུས་པ་རྣམས་ཀྱིས་ཀྱང་། སྣ་འགའ་བསྲུང་བའི་དགེ་བསྙེན་ལ་གནས་པར་བཅའ་བ་བྱས་སོ། །དེ་ཡང་རྩ་བ་བཞི་ལས། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པའི་དངོས་གཞི་ནི་སྤོང་བར་བཅའ་བ་བྱས་སོ། །ཡན་ལག་ནི་འཛེམ་པར་བཅས་སོ། །དེ་ལ་ཡང་དང་པོ་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་ནོས་ན་ནི་ལེགས། མ་ནོས་ན་བླ་མ་ལས་བླངས་པར་བཅའ་བ་བྱས་སོ། །འདོད་པས་ལོག་པར་གཡེམ་པའི་སྐབས་སུ། ཐེག་པ་ཆེན་པོ་ལས། བུད་མེད་བཞི་བཀག་པ་ལས། དམ་པའི་ཆོས་ཀྱིས་བསྲུངས་པ་དང་། ཆོས་གོས་ཀྱི་མཚན་མས་བསྲུང་བ་དང་། འདི་གཉིས་ནི་སྤང་བར་བཅས་སོ། །སྡོམ་པ་བླངས་པ་ནི་ཉམས་དང་སྦྱར་རོ། །དེ་ལ་བུད་མེད་དེ་གཉིས་ནད་ཀྱིས་གཟིར་བ་ལས་སྐྱོབ་པའི་ཕྱིར་དང་། གང་སོ་སོར་ཐར་པའི་སྡོམ་པ་བསྲུང་མ་ནུས་ཏེ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་བཟླས་པ་དང་བསྒོམ་པ་ལ་བརྩོན་པར་བྱའོ། །སྙམ་པ་རྣམས་སྐྱོབ་པའི་ཕྱིར་ཡིན་གྱི། རང་གི་འདོད་པས་བློ་མ་ཕྲོགས་ན་དེ་ལ་བཀག་པ་མ་བྱས་སོ། །ཤེས་བཞིན་གྱི་རྫུན་དུ་སྨྲ་བ་ནི་གཏིང་བཅའ་བ་མ་བྱས་སོ། །མ་ནོས་ཀྱང་དམ་པའི་ཆོས་ལ་སྒྲོ་སྐུར་དང་། ལྷ་དང་འདྲེ་སྨྲ་བ་མཐོང་ཟེར་བ་ནི་སྤྱིར་བཀག་གོ། །གཞན་ཡང་སེམས་ཅན་ལ་གནོད་པའི་རྫུན་ནི་ཅི་ནུས་ཀྱིས་བསྲུང་ངོ་། །ལོག་པར་ལྟ་བ་སྤང་བའི་ཕྱིར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ནོ། །དེ་ལ་ཐེག་པ་ཆེན་པོ་སྤྱིའི་རྩ་བའི་ལྟུང་བ་བཞི་ནི། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་ལས་བཟློག་ནས། དམ་པའི་ཆོས་བཟུང་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། སེར་སྣ་དང་། གནོད་སེམས་ཀྱི་ས་བོན་དབྲི་བའི་ཕྱིར་བཅའ་བ་བགྱིས་ཏེ། དེ་ལ་དམ་པའི་ཆོས་བཟུང་བ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། དེ་ལས་གཅིག་ཉམས་ཀྱང་དམ་པའི་ཆོས་ཉམས་པ་ཡིན་ནོ། །བཞི་གང་ཞེ་ན། འདི་ལྟར་བནྡེ་དང་གླེགས་བམ་ཡོད་ཀྱང་རྟོགས་པ་རང་གི་རྒྱུད་ལ་མི་རྟེན་ཅིང་རྩོལ་བ་མི་བྱེད་ན་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །དེ་ལྟ་བུའི་རྩོལ་བ་ཡོད་ཀྱང་སྡོམ་པ་དང་དམ་ཚིག་ལ་གནས་པར་མི་བྱེད་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །ཆོས་ཀྱི་མངའ་ཐང་ཆུང་ཞིང་མེད་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །དམ་པའི་ཆོས་དང་ཆོས་པའི་གང་ཟག་ལ་ཕྱི་རོལ་གྱི་སྐྱེ་བོ་རྣམས་བཙུན་པར་མི་བྱེད་ལ་ཚད་མི་འཛུགས་ན་ཡང་ཆོས་ནུབ་པའི་ཆར་གཏོགས་པ་ཡིན་ནོ། །འདི་རྣམས་བཟློག་ཅིང་ཆོས་གཟུང་བའི་ཕྱིར། དང་པོར་གང་ཟག་ཆོས་པ་རྣམས་འདུ་འཛིས་ནོན་ཀྱང་རུང་། དགོན་པ་ལ་གནས་ཀྱང་རུང་། དགེ་བའི་བཤེས་གཉེན་ལ་ལུང་ནོད་པ་དང་། གླེགས་བམ་ཟབ་མོ་བརྟག་པ་དང་། གཞན་རྣམས་ལ་འཆད་པའི་སྤྲོ་བ་མེད་པས་ཀྱང་། རང་གི་རྒྱུད་ལ་རྟོགས་པ་བསྐྱེད་པའི་ནན་ཏན་བྱ་བར་བཅས་སོ། །དེ་ནས་དམ་ཚིག་གི་སྡོམ་པ་ལ་གནས་པར་བྱ་བའི་ཕྱིར། འོག་ནས་འབྱུང་བའི་དམ་ཚིག་གི་སྡོམ་པ་རྭ་བ་བརྒྱད་བསྡམ་པ་ལ་སོགས་པ་ལ་ནན་ཏན་བྱ་བར་བཅས་སོ། །དེ་ནས་དམ་པའི་ཆོས་ཀྱི་མངའ་ཐང་ཉམས་པ་འདི་ལས་ཅུང་ཟད་ཙམ་བོགས་དབྱུང་ཞིང་སོ་གཟུང་བའི་ཕྱིར་ན། དམ་ཆོས་ཉན་བཤད་བྱེད་པའི་ཚེ་སྤྱིར་སློབ་དཔོན་ལ་ཡོན་འབུལ་བ་དང་། སློབ་དཔོན་གྱི་དགོས་པ་ཕྲན་ཚེགས་སྐོང་བ་རྣམས་ལ་ལྷག་པར་བཅའ་བ་བྱས་ཏེ། ཐུན་སྐྱེམས་དང་ཕྱིན་སྐྱེམས་དང་མི་ལྡང་ན་གྲ་མི་གཟུགས་པ་དང་། ༼པོ་ཏ་ལའི་བྲིས་མ་ཞིག་ཏུ་ཐུན་སྐྱེམས་དང་ཕྱིན་སྐྱེམས་དང་མི་ལྡང་ན་བྲ་གཟུགས་པ་དང་། ཞེས་འབྱུང་། སྲི་ཞུ་བ་བཞག་ཅེས་པ་དང་། ཡང་ན། བསླབ་པའི་གྲ་མི་ཚུགས་ཞེས་པ་ཡིན་ནམ་དཔྱད།༽བསྙེན་སྒྲུབ་བྱེད་པའི་ཚེ་ཡོན་དབུལ་བ་དང་། དགོས་པ་ཆེ་ཕྲ་རྣམས་ནི་རང་རང་གི་དད་པ་དང་གཉེར་གྱིས་བྱའོ། །ཆོས་ཀྱི་མངའ་ཐང་སྨོན་ལམ་དང་དངོས་གྲུབ་ཀྱི་རྟེན་དགེ་བཤེས་རྣམས་ལ། དུས་ཀྱི་བསྙེན་པ་ནར་མར་བྱེད་པ་རྣམས་ཀྱིས་ཐ་ན་རང་རྒྱུ་ཙམ་དབུལ་བར་བྱའོ། །དུས་དུས་ཙམ་བྱེད་ན་ཁལ་ཕྱེད་ཙམ་དང་། གློ་བུར་གྱིས་བྱེད་ན་དེ་འགྱུར་དབུལ་བར་བྱའོ། །ཆོས་ཀྱི་མངའ་ཐང་འདི་ལྟར་མ་བྱས་ནས་བཤིག་ན། སློབ་མ་དེའང་དད་པས་ཆོས་མི་ཐེག་པ་ཡིན་པས་ངན་ཚད་དུ་བཞག་པར་བཅའ་བ་བྱས་སོ། །སློབ་དཔོན་གྱིས་སློབ་མ་ཤོར་གྱིས་དོགས་ནས་མངའ་ཐང་ཉམས་པར་བྱེད་བཞིན་དུ་བཅུག་ན་ནི། སློབ་དཔོན་རང་རྡོ་རྗེ་གྲལ་ནས་ཕྱུང་སྟེ་ངན་པ་ཚོགས་པའི་སློབ་དཔོན་དུ་བཞག་པར་བཅའ་བ་བྱས་སོ། །ཡན་ལག་བཞི་པ་དམ་པའི་ཆོས་གཉན་པར་བསྲུང་བའི་སྐབས་སུ་འདུ་འཛིས་ནོན་ཀྱང་རུང་། ནོར་ཟས་མེད་དེ་བདག་ལ་ནི་༼ ནོར་ཟས་མེད་པ་དེ་དག་ལ་ནི། ཞེས་བྲིས་མ་ཞིག་ཏུ་འབྱུང་།༽བསྲུང་རྒྱུ་མེད་དོ། །ཞེས་བསམ་ཡང་རུང་སྟེ། ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་བཙུན་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ལྷ་གང་ཡང་རུང་བ་གཅིག་ལ་བརྟེན་ནས་བསྟན་པ་བསྲུང་བའི་ཐབས་ཀྱིས་མན་ངག་རེ་རེ་ཡང་ཡི་དམ་དུ་བཅས་ཏེ། སྨོན་ལམ་དུ་ཡང་བདག་གི་རྩོལ་བ་འདིའི་མཐུས་༼བདག་གི་བཅོལ་བའི་ལས་འདིའི་མཐུས། ཞེས་པོ་ཏ་ལའི་བྲིས་མ་ལས་འབྱུང་།༽འཇིག་རྟེན་དུ་ཐེག་པ་ཆེན་པོ་དར་ཞིང་ཡུན་རིང་དུ་གནས་པར་སྨོན་ཏེ། སེམས་ཅན་ཐམས་ཅད་རྣམ་པར་ཐར་བའི་སྒོ་ལ་གནས་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་བོ། །དེ་ལྟར་དམ་པའི་ཆོས་གཟུང་བར་བྱ་བའི་ཕྱིར་བཅའ་བའི་ཡན་ལག་བཞི་བཅས་སོ། །དེ་ནས་བྱང་ཆུབ་ཀྱི་སེམས་མི་གཏོང་བའི་ཕྱིར་ན། ཇི་ལྟར་ནོད་པའི་སྡོམ་པ་རྣམས་ནན་ཏན་དུ་བསྲུང་ཞིང་། དམ་ཚིག་གི་ཡི་གེ་རྣམས་ཀྱང་རྒྱུན་དུ་བལྟ་བ་དང་། ལྟ་བ་དང་སྒོམ་པ་རྣམས་ཀྱང་བསྟེན་ཅིང་རང་གི་སེམས་ལ་གནས་པ་རྣམས་ནི་བསྒྲུབ་པར་བཅའ་བ་བྱས་སོ། །དེ་ནས་ཐེག་པ་ཆེན་པོ་ལས་ཤིན་ཏུ་སྨད་པ། བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱེད་པ་སེམས་ཅན་སྐྱོབ་པ་ལས་ཕྱིར་ཟློག་པ་ལྟུང་བའི་རྩ་བ་ཆེན་པོར་གྱུར་པ། སེར་སྣ་དང་གནོད་སེམས་ཀྱི་རྒྱུན་ལས་རིམ་གྱིས་བཟློག་ཅིང་དེའི་ས་བོན་དབྲི་བར་བྱ་བའི་ཕྱིར་ན་བཅའ་བ་ནི། དེ་ལ་སེར་སྣ་ལ་ནི། རང་གི་བླ་མ་དང་། རང་གི་མཆོད་གནས་དང་། གཉེན་བཤེས་དང་ཡུལ་མི་ལ་སོགས་ཏེ་བདག་གིར་བྱས་པ་ལ་སྦྱིན་པ་ནི་སེར་སྣ་སྤོང་བ་ལ་ཕན་པ་ཡིན་ཡང་། སེར་སྣའི་སྙིང་པོ་ཆེན་པོ་ཉིད་དུ་འགྱུར་བ་མ་ཡིན་པས། གང་གི་ཕྱིར་བདག་གིར་བཟུང་བ་དང་མ་བྲལ་བ་དང་། ཡོངས་སུ་སྐྱོབ་པའི་སེམས་དང་བྲལ་བའི་ཕྱིར་ཏེ། དེ་བས་ན་སེར་སྣ་ཉིད་ཀྱི་གཉེན་པོ་བརྟེན་པའི་ཕྱིར། བདག་ཤིན་ཏུ་ཆགས་པར་གྱུར་པའི་ཟས་ནོར་ལ་རྒྱུན་དུ་མི་བརྟེན་པར་བྱའོ། །གཞན་ཡང་རང་རེའི་འཚོ་བའི་ཡོ་བྱད་ལས། ཐ་ན་བརྒྱའི་ཆ་ཙམ་རེ་ཡང་བདག་གིར་མ་བཟུང་བའི་གང་ཟག །འདི་ལྟར་ཆོས་དང་འཇིག་རྟེན་གྱི་འབྲེལ་བས་བདག་གིར་མ་བཟུང་བ་དང་། ཆེད་དུ་གཉེར་བས་བདག་གིར་མ་བཟུང་བའི་གང་ཟག་ཕྱོགས་བཞི་དགེ་འདུན་སྔགས་བཙུན་སྡེ་གཉིས་ཀྱི་མགྲོན་ལྟོག་ལྟ་བུ་དང་། ནད་པ་གཡོག་གི་ས་ལ་ཕྱིན་པ་ལྟ་བུ་དང་། ༼ནད་པ་གཡོག་གིས་མ་ཕྱིན་པ་ལྟ་བུ་དང་། ཞེས་བྲིས་མ་ཞིག་ཏུ་འབྱུང་།༽ ཐ་མལ་པའི་གང་ཟག་བཀྲེས་པ་ལྟ་བུ་ལ་སྐྱོབ་པའི་ཕྱིར། སྔོན་དུ་བདག་གིས་བསྔོས་ཏེ་རང་གི་རྐང་གིས་བསྐྱལ་བའམ། གཞན་བསྐུལ་བ་ཞིག་གི་སྒོ་ནས་ལོ་རེའི་དམ་དུ་བཅས་ཏེ་བྱ་བ་ཡིན་ནོ། །བདག་གི་དྲུང་དུ་འདོད་༼རྫོགས་ཆེན་པར་མ་ལས་འདོང་ཞེས་འབྱུང་།༽དུ་བྱུང་བ་ལ་ནི་དབང་མེད་ཡིན་པས་ཡོ་བྱད་གཞན་ལས་སྦྱིན་པར་བྱའོ། །གཞན་ཡང་རྙེད་པ་དང་ལྡན། དད་པ་ཡོད་པ་༼གཞན་ཡང་རྙེད་པ་དང་ལྡན་པ་མོད་པ་རྣམས་ཀྱིས། ཞེས་པོ་ཏ་ལའི་བྲིས་མར་འབྱུང་།༽རྣམས་ཀྱིས་ནི་གཞན་གྱིས་རྫས་བཞུ་བ་ལ་ཕན་པ་དང་། སེར་སྣའི་ས་བོན་དབྲི་ཞིང་སྐྱོབ་པའི་ས་བོན་འཕེལ་བར་བྱ་བའི་ཕྱིར་ན། སྲང་རེ་རྙེད་པ་རྣམས་ཀྱིས་ཀྱང་བྲེ་རེ་རེ། ཕྱུག་ཙམ་ལ་ནི་ཞོ་རེ། འདི་ལྟ་བུའི་ཆ་དང་སྦྱར་ཏེ་བདག་གིར་མ་བཟུང་བའི་གྲོགས་སུ་བྱའོ། །འདི་ནི་བདག་གིར་གཟུང་བ་དང་བྲལ་བས། དམིགས་པ་དག་པ་དང་། དམིགས་པ་རྒྱ་ཆེ་བ་དང་། ཞིང་དག་པ་དང་། རྒྱ་ཆེ་བ་དང་། ༼ཞིང་རྒྱ་ཆེ་བ་དང་། ཞེས་བྲིས་མར་འབྱུང་།༽དུས་དང་བསམ་པ་རྒྱུན་རིང་བ་དང་སྐྱོབ་པའི་བསམ་པ་དང་ལྡན་པས། དེ་བས་ན་འདི་ལྟ་བུས་ནི་ཅི་གྲུབ་ཀྱང་སེར་སྣའི་གཉེན་པོར་འགྱུར་ཞིང་སྐྱོབ་པའི་ས་བོན་འཕེལ་ལོ། །དེའི་ཕྱིར་བཅའ་བ་འདི་བྱས་སོ། །དེ་ནས་སེམས་ཅན་ལ་གནོད་པའི་སྦྱོར་བ་སྤང་ཞིང་སྙིང་བརྩེ་བ་བསྐྱེད་པའི་ཕྱིར་བཅའ་བ་བྱས་པ། འགྲོ་བ་རྣམས་ནི་ཐོག་མ་མེད་པའི་དུས་ནས་གནོད་སེམས་ཀྱི་བག་ཆགས་རྒྱས་པས། དེ་བས་ན་བརྩལ་མི་དགོས་པར། གཞན་གཞིག་པར་དགའ་བའི་བློ་འབྱུང་སྟེ། དེའི་དབང་གིས་ཆེད་དུ་མ་བསམ་བཞིན་དུ་ཡང་གཞན་གཞིག་པའི་ལས་ལ་སྦྱོར་ཞིང་། རྩེད་མོའི་ཕྱིར་ཡང་སེམས་ཅན་ལ་གནོད་པ་བྱེད་དེ། འདི་ལྟར་བསམ་པ་གཡེངས་བཞིན་དུ་ལྗོན་ཤིང་དང་རྩྭ་གཅོད་པར་བྱེད། རྡོ་ལ་སོགས་ཏེ་གོང་བུ་རྣམས་འཇོམས་པར་བྱེད། སེམས་ཅན་འདྲ་བའི་གཟུགས་འཇོམས་པར་བྱེད། ས་བོན་རྣམས་ས་བོན་དུ་མི་རུང་བར་བྱེད། སྲོ་མ་དང་ཤིག་ལ་སོགས་པའང་དགའ་བའི་ཕྱིར་འཇོམས་པར་བྱེད། སྲོག་ཆགས་རྣམས་སྲོག་དང་ཡང་འབྲལ་བར་བྱེད་ན། གཞན་སྙིང་བརྩེ་བའི་སེམས་དག་ལྟ་ག་ལ་འབྱུང་། འདི་ལྟ་བུའི་བག་ཆགས་ཀྱིས་ནི་དམྱལ་བ་ལ་སོགས་ཏེ་གནས་ངན་ཐམས་ཅད་དུ་ཡང་འཁྲིད་པར་བྱེད་དོ། །དེ་བས་ན་གནོད་པ་བྱེད་པའི་བག་ཆགས་སྤང་ཞིང་དགག་པ་དང་། སྙིང་བརྩེ་བའི་ས་བོན་འཕེལ་བར་བྱ་བའི་ཕྱིར། གང་ཟག་ཁྱིམ་པ་རྣམས་ཀྱིས་ཀྱང་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་སེམས་ཅན་ལ་ཕན་གདགས་པར་འགྱུར་བའི་སེམས་པས་ཀུན་ནས་བསླང་བའི་བྱ་བ་བྱེད་པ་མ་གཏོགས་པར། བག་མེད་པས་གནོད་སེམས་ཀྱི་བག་ཆགས་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་སྤྱོད་པ། ཡན་ལག་འཇོམས་པ་དང་། ས་བོན་བརླག་པ་སྤང་བའི་བཅའ་བ་བྱས་སོ། །དེ་ལ་ཡན་ལག་འཇོམས་པ་ཞེས་བྱ་བ་ནི། སྣོད་ཀྱི་འཇིག་རྟེན་གྱི་གཟུགས་སེམས་ཅན་མ་ཡིན་པ་རྣམས་ཀྱང་སེམས་ཅན་འདྲའང་རུང་མི་འདྲའང་རུང་སྟེ། སེམས་ཅན་གྱི་ལུས་འདྲ་ན་ཨ་ཅང་ཡང་ཆེས། མི་འདྲ་ཡང་རྡོ་དང་བོང་བ་དང་། ས་ཕུག་དང་། ཤིང་དང་། རྩྭ་ལ་སོགས་པ་འཇོམས་པར་བྱེད་པ་མི་བྱའོ། །དེ་ལ་རིགས་མི་བརླག་པ་ཞེས་བྱ་བ་ནི། ས་བོན་དུ་རུང་བའི་རྫས་འབྲས་བུ་དང་། སྡོང་བུ་དང་། ལྡུམ་བུ་རྣམས་མཚོན་གྱིས་འཇོམས་པ་དང་། མེར་སྲེག་པ་དང་། སྨན་གྱིས་བྱུག་པ་དང་། སྲུལ་བར་བྱེད་པའོ། །འདི་ལྟ་བུས་ནི་གནོད་སེམས་ཀྱི་ས་བོན་རྒྱས་པར་བྱེད་ཅིང་སྙིང་བརྩེ་བ་དང་བྲལ་བར་བྱེད་པས་དེ་བས་ན་འདི་དག་སྤང་བའི་བཅའ་བ་བྱས་སོ། །དེ་ལ་སེར་སྣ་སྤང་བའི་སྐབས་སུ། ལང་ཚོ་དར་ལ་བབ་པ་ལ་རྒྱན་རྟེན་པ་དང་། ཆོས་དམག་གི་སྐབས་སུ་བཅས་བསྟར་བ་དང་། འདུ་འཛིས་ནོན་པ་ཞིང་དང་། རྒས་པའི་ལེག་རུ་ཉོན་མོངས་པས་འཇིགས་ནས་རྫས་གསོགས་པ་ནི་མ་བཅས་སོ། །གནོད་སེམས་ཀྱི་སྐབས་སུ་དཀོན་མཆོག་སྐུ་དགྲ་འདུལ་བའི་ཕྱིར། ལིངྒ་མཚོན་གྱིས་གཏུབ་པ་དང་བསྲེག་པ་དང་མནན་པ་ལ་སོགས་པ་ནི་གནོད་སེམས་ཀྱི་བག་ཆགས་ཙམ་ལས་བྱུང་བ་ཡང་མ་ཡིན་པས་དམ་ཆོས་བསྲུང་བའི་ཕྱིར་ཆེད་དུ་བསྲུང་དགོས་པ་ཉིད་དམ་ཚིག་ཡིན་པས་འདི་ལ་བག་ཚ་བར་མི་བྱའོ། །སོ་སོ་ཐར་པའི་སྡོམ་པ་ལས་འབྱུང་བའི་རྩ་བའི་ལྟུང་བ་བཞི་དང་། ཐེག་པ་ཆེན་པོའི་བསླབ་པའི་གཞི་ལྔ་ལ་སོགས་པའི་བཅའ་བ་རྣམས་དང་། དེ་ལས་གཞན་ཡང་མཚན་ཉིད་དང་གསང་སྔགས་ཐེག་པ་ཆེན་པོ་སྤྱི་ཐུན་མོང་རྩ་བའི་ལྟུང་བ་བཞི་བསྲུང་བ་ལས་བརྩམས་པའི་བཅའ་བ་རྫོགས་སོ། །།།
གསང་སྔགས་རྡོ་རྗེ་ཐེག་པ་ལས་ཁྱད་པར་དུ་གསུངས་པའི་རྩ་བའི་ལྟུང་བ་བཞི་ནི། འདི་ལྟ་སྟེ། སྙིང་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་དམོད་པ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་གཏན་དུ་གཏོང་བ་དང་། མཉམ་པ་ཉིད་ཀྱི་ཆོས་སུན་འབྱིན་པ་དང་། རྡོ་རྗེ་མཆེད་ལ་འཁུ་བ་རྣམས་ཏེ། འདི་དག་ནི་མཚམས་མེད་པའི་ལས་ཀྱིས་ཀྱང་ཉེ་བར་མི་འགྲོ་བའི་ལྟུང་བ་མི་བཟོད་པ་ཡིན་ནོ། །དེ་ལས་བཟློག་ནས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཆོས་མཉམ་པ་ཉིད་གཙོར་བླངས་ཏེ་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གཙོ་བོར་བསྒོམ་ཞིང་ཆོས་མཉམ་པ་ཉིད་ཀྱི་དོན་དང་ཚིག་ལ་ཐེ་ཚོམ་མི་བཟའ་བ་ཡིན་པས་སྤྱིའི་དོན་དུ་འདུ་བའི་ཕྱིར་ལྷག་པར་བཅའ་བ་མ་བྱས་སོ། །རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་མཆེད་ལྕམ་གྱི་རྡོ་རྗེ་རྭ་བ་བསྲུང་བའི་ཕྱིར་ན་བྱ་བ་མ་ཡིན་པ་ལས་ལྡོག་པའི་བཅའ་བ་རྣམ་པ་བརྒྱད་བྱས་སོ། །དམ་ཚིག་གི་ཕྲེང་ཐག་ལ་འཇུག་པའི་ཕྱིར་བཅའ་བ་རྣམ་པ་གསུམ་བྱས་སོ། །དེ་ལ་རྡོ་རྗེ་རྭ་བ་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་དང་། མཆེད་རྣམས་ལྟ་བ་དང་དམ་ཚིག་མཐུན་པས་ནང་མཐུན་ཞིང་འགྲོགས་བདེ་བ་མཛའ་ཞིང་འཁོན་བཅུགས་མེད་པར་སྤྱོད་པ་སྟེ། དེའི་རྭ་བ་ནི་འདི་བརྒྱད་ཡིན་ནོ། །དེ་ཡང་གང་ཞེ་ན། གང་ཟག་སྨེ་བ་ལྔ་དང་དམ་ཚིག་མི་བསྲེ་བ་དང་གཅིག ། མ་དག་པ་རྣམ་པ་བཞི་དང་ལྡན་པའི་ཚོགས་མཆོད་མི་བྱ་བ་དང་གཉིས། དམ་ཚིག་པའི་ནང་དུ་ཤེས་རབ་དང་ཐོས་པ་སྙེམས་པས་རྨ་བྱ་སྦྲུལ་འཛིན་ལྟ་བུས་ཆོས་ཀྱི་རྩོད་པ་མི་བྱ་བ་དང་གསུམ། རང་གི་རྟོག་གེ་བ་དན་དུ་འཕྱར་ནས་བླ་མ་དང་གྲོགས་པོ་མཁས་པའི་གདམས་ངག་ཁྱི་འཁྲིད་དུ་མི་བྱ་བ་དང་བཞི། སློབ་མ་དང་གྲོགས་པོ་ཁྱི་འདུལ་གྱིས་མི་འདུལ་བ་དང་ལྔ། སློབ་དཔོན་གྱིས་སློབ་མ་རྒྱང་ཆད་དང་སྡེ་རིས་སུ་མི་གཅད་པ་དང་། སློབ་མས་ཀྱང་སློབ་དཔོན་སྔ་མ་སྤང་ཞིང་བརྙས་པ་མི་བྱ་བ་དང་དྲུག །རང་དད་ཅིང་སྤྱོད་པའི་ཆོས་ལ་ལྷག་པར་གཞོག་བསྟོད་དང་བཙན་བསྟོད་མི་བྱ་ཞིང་། རང་མ་དད་མི་སྤྱོད་པའི་ཆོས་ལ་གཞོག་སྨད་དང་བཙན་སྨད་མི་བྱ་བ་དང་བདུན། ཆོས་ཞུ་བ་རྣམས་ཀྱིས་ཀྱང་ལྷག་པར་མཐོང་འདོད་དང་མཚམས་གཟུང་མི་བྱ་ཞིང་། ཆོས་སྟེར་བ་རྣམས་ཀྱིས་ཀྱང་སྟེར་ཕན་ཆོད་ཆོ་ག་ལྷག་ཆད་མེད་པར་སྦྱིན་ཞིང་རང་གི་ཆོས་ཀྱི་མངའ་ཐང་ཡང་དབྲི་འཆབ་མེད་པར་ལུང་གསལ་བ་དང་བརྒྱད་དོ། །འདི་བརྒྱད་དང་ལྡན་ན་རྡོ་རྗེ་རྭ་བ་རང་བཞིན་གྱིས་བཙན་པར་འགྱུར་རོ། །དེ་ལ་གང་ཟག་སྨེ་བ་རྣམ་པ་ལྔ་ནི། དམ་ཚིག་ཉམས་པ་དང་གཅིག །འགྲོ་བ་མིའི་གཤེད་མ་བྱས་པ་དང་གཉིས། ངན་པས་འཚོ་བ་དང་གསུམ། སྨེ་ནད་ངན་པས་འཚོ་བ་དང་བཞི། དེ་དག་གི་སློབ་དཔོན་བྱེད་པ་དང་ལྔའོ། །དེ་ལ་ངན་པས་འཚོ་བ་ཞེས་བྱ་བ་ནི། ཤན་པ་དང་། རྔོན་པ་དང་། ཆོམ་རྐུན་དང་། སྨད་འཚོང་མ་ལྟ་བུའོ། །གང་ཟག་ལྔ་པོ་འདི་དག་དང་དམ་ཚིག་བསྲེས་ན་ཉེས་པ་ཆེན་པོ་དགུ་ཡོད་དེ། རྡོ་རྗེ་རྭ་བ་འདྲལ་བར་བྱེད་དོ། །དེ་ལ་ཉེས་པ་དགུ་ནི། གཅིག་ཏུ་གསང་སྔགས་ཀྱི་བཀའ་དང་འགལ་བ་ཡིན་ཏེ། དེ་ཡང་དམ་ཚིག་ཉམས་པ་དང་མི་འགྲོགས་པ་ནི་སྔགས་ཕྱི་ནང་ཀུན་ནས་མང་དུ་འབྱུང་ངོ་། །གཤེད་མ་མ་རབ་སྡིག་ཅན་དང་མི་འགྲོགས་ཤིང་མི་སྨྲ་བ་དང་གང་ཟག་མི་གཙང་བ་དང་ལྷན་ཅིག་མི་ཉལ་བ་ནི་པུ་སི་ཏི་ཀ་ར་ལས་འབྱུང་ངོ་། །ངན་པས་འཚོ་བ་དམ་ཚིག་པར་མི་གཟུང་བ་ནི་གསང་བ་སྤྱི་རྒྱུད་ལས་འབྱུང་ངོ་། །དེ་ལྟར་ན་བཀའ་དང་འགལ་བའི་ཉེས་པ་དང་གཅིག །འདི་རྣམས་ཆོས་སུ་བཅུག་ན་འཁོར་ཐམས་ཅད་སྡིག་པའི་ལས་ལ་མི་བཟློག་སྟེ་རང་ཡང་སྡིག་པའི་དཔོན་པོར་འགྱུར་བ་དང་གཉིས། སྔོན་བོད་ཡུལ་དུ་དམ་པའི་ཆོས་བསྒྱུར་བའི་ཚེ་སྔགས་པ་རྣམས་ཀྱིས་གང་ཟག་སྨེ་བ་རྣམས་ཆོས་སུ་མི་ཞུགས་པའི་བཅའ་བ་བྱས་པས། སྔོན་གྱི་ཆོས་ལུགས་བཟང་པོ་དང་འགལ་ཞིང་བཤིག་པའི་ཉེས་པ་དང་གསུམ། གསང་སྔགས་ཀྱི་སྲུང་མ་རྡོ་རྗེ་མཁའ་འགྲོ་མ་གཙང་མ་རྣམས་འཁངས་ཏེ་སྔགས་པ་རྣམས་ལ་རྐྱེན་དང་བར་ཆད་འབྱུང་བ་དང་བཞི། རིག་སྔགས་དང་གསང་སྔགས་རྣམས་སྨེ་བའི་ལས་ཀྱིས་གོས་པའི་སྐྱོན་གྱིས་དངོས་གྲུབ་མི་འགྲུབ་པ་དང་ལྔ། སྨེ་བའི་ལས་ཀྱིས་གསང་སྔགས་མཐུ་ཉམས་ཏེ་མཐུ་དང་བྱིན་རླབས་ཆུང་བས་བསྟན་པ་དམན་པར་འགྱུར་བ་དང་དྲུག །དམ་པའི་ཆོས་མི་བཙུན་པར་འགྱུར་བའི་ཉེས་པ་དང་བདུན། དེ་ལྟར་སྤྱོད་པའི་གང་ཟག་དེ་ལ་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་བསྔགས་པ་མི་བརྗོད་ཅིང་འདི་ལ་མཐུ་དང་རྩལ་མི་འབྱུང་ངོ་སྙམ་དུ་བསམ་སྟེ་གཟེམ་བག་ཆུང་བའི་ཉེས་པ་དང་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་རྭ་བ་འབྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་སློབ་དཔོན་དམ་ཚིག་གཙང་ལ་སློབ་མ་མི་གཙང་ན་སློབ་དཔོན་ཞེ་ལ་འཛེམ། དེ་བཞིན་དུ་སློབ་མ་དམ་ཚིག་གཙང་ལ་སློབ་དཔོན་མི་གཙང་ན་སློབ་མའི་ཞེ་ལ་འཛེམ་སྟེ། ལྟ་སྤྱོད་བསྟུན་དུ་མ་བཏུབ་པས་རང་བཞིན་གྱིས་སྙིང་རིང་ཞིང་དབྱེན་དུ་འགྱུར་ཏེ། མཆེད་ལྕམ་དྲལ་ནང་དུ་ཡང་དེ་བཞིན་ཏུ་འགྱུར་རོ། །གཞན་ཡང་གཅིག་ལ་གཅིག་དཔྱ་ཞིང་མ་བསྔགས་པ་བརྗོད་པར་འགྱུར་ལ། དེའི་ལན་དུ་ཕྱིར་ཡང་ཁྲོ་ཞིང་ཚིག་ངན་སྨྲ་སྟེ། དེའི་དབང་གིས་རྡོ་རྗེ་མཆེད་རྣམས་རང་བཞིན་གྱིས་སྙིང་རིང་ཞིང་བྱེ་བར་འགྱུར་ཏེ། དེའི་ཕྱིར་གང་ཟག་སྨེ་བ་རྣམ་པ་ལྔ་དང་དམ་ཚིག་མི་བསྲེ་བའི་བཅའ་བ་བྱས་སོ། །གལ་ཏེ་ལ་ལ་དག་ཕོངས་པས་ཟས་ནོར་ལ་སོགས་པའི་སྐྱབས་སུ་འཚོལ་ཞིང་། གང་ཟག་སྨེ་བ་སྤོང་མི་ནུས་པ་བྱུང་ན་ནི་ཀུན་གྱིས་གནང་བར་བྱ་སྟེ་སྒྲོ་སྐུར་མེད་པར་ཕྱི་རོལ་པ་ཙམ་དུ་བཞག་སྟེ་དཀྱིལ་འཁོར་དུ་འཇུག་པར་མི་གནང་ངོ་། །ཕྱི་རོལ་གྱི་གྲོགས་ཙམ་ནི་བྱའོ། །གཉིས་པ་མ་དག་པ་རྣམ་པ་བཞི་དང་ལྡན་པའི་ཚོགས་མཆོད་མི་བྱ་བ་ནི། འདི་ལྟར་ཡོ་བྱད་མ་དག་པ་དང་། ཆོ་ག་མ་དག་པ་དང་། ལོངས་སྤྱོད་མ་དག་པ་དང་། བསྔོ་བ་མ་དག་པའོ། །དེ་ལ་ཡོ་བྱད་མ་དག་པ་ནི། སྲོག་བཅད་པ་དང་མ་བྱིན་པར་བླངས་པའི་རྫས་ལས་བྱེད་པའོ། །ཆོ་ག་མ་དག་པ་ནི། ཚོད་ཡོད་དང་། ལེ་ལོ་དང་། རུང་དྲེད་དུ་བྱེད་པའོ། །ལོངས་སྤྱོད་མ་དག་པ་ནི། ཁ་ཚར་དང་གསོག་འཇོག་ཏུ་སྤྱོད་པའོ། །བསྔོ་བ་མ་དག་པ་ནི། བླ་ན་མེད་པའི་གནས་བྱང་ཆུབ་ཏུ་བསྔོ་བ་དང་བྲལ་བའོ། །འདི་ལྟར་བྱས་ན་བཀའ་དང་འགལ་བའི་ཉེས་པ་དང་། རང་བཞིན་གྱིས་སྡིག་པ་དང་འབྲེལ་བའི་ཉེས་པ་དང་། སྒྲིབ་པ་ལྷག་པས་འཕོག་པའི་ཉེས་པ་དང་། ཚོགས་ཀྱི་ཉུལ་ལེ་རྣམས་མ་དགའ་སྟེ་ལས་དང་དངོས་གྲུབ་མི་འགྲུབ་ཅིང་བར་ཆད་དུ་འགྱུར་བའི་ཉེས་པ་དང་། མ་བསྔགས་པའི་གཏམ་གྱི་ཉེས་པ་འཕོག་པར་འགྱུར་བའི་སྟེང་དུ་ཡང་། རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། མཆེད་ལྕམ་དྲལ་ནང་དུ་ཡང་ཁ་ཚར་དང་གསོག་འཇོག་གི་དབང་གིས་གཅིག་ལ་གཅིག་མ་རངས་པ་སྐྱེ་བར་བྱེད། ཚོགས་པ་གཞན་ཡང་སྤྱོད་པ་མ་མཐུན་པའི་དབང་གིས་གཅིག་ལ་གཅིག་འཕྱ་སྨོད་དང་ཚིག་ངན་སྨྲ་སྟེ། དེའི་དབང་གིས་སྔགས་པ་རྣམས་རང་བཞིན་གྱིས་སྙིང་རིང་ཞིང་བྱེ་བའི་རྐྱེན་དུ་འགྱུར་ཏེ། དེའི་ཕྱིར་མ་དག་པ་རྣམ་པ་བཞི་དང་ལྡན་པའི་ཚོགས་མི་བྱ་བར་བཅས་སོ། །དམ་ཚིག་པའི་ནང་དུ་རྨ་བྱ་སྦྲུལ་འཛིན་པའི་ཐབས་ཀྱིས་ཆོས་ཀྱི་རྩོད་པ་མི་བྱ་བ་ནི། དཔེར་ན་རྨ་བྱ་སྦྲུལ་འཛིན་པ་ནི་དང་པོ་སྦྲུལ་གྱི་མཇུག་མ་ནས་མནན་ཏེ། སྦྲུལ་སོ་འདེབས་སུ་བྱུང་བ་ན་གཤོག་པའི་རྩེ་མོས་སྦྲུལ་གྱི་ཁར་བཙངས་ཏེ། དེའི་སྐྱབས་ནས་སྦྲུལ་གྱི་གནད་སར་རིམ་གྱིས་མཆོང་བར་བྱེད་དོ། །དེ་བཞིན་དུ་ལ་ལ་དག་ཐོས་པ་དང་ཤེས་རབ་ཀྱིས་ང་རྒྱལ་གྱི་རྒྱུ་དང་ལྡན་པ་དམ་ཚིག་གི་ངོར་མི་ལྟ་བ་རྣམས། གྲོགས་པོ་ལ་ཉམས་སད་ཅིང་གྲོགས་པོས་སྨྲས་པའི་ཚིག་ལ་ནི་ཁ་བྱུགས་ཙམ་གྱིས་ལན་ལྡོག་ཅིང་། དེའི་སྐྱབས་ནས་གྲོགས་པོས་གང་མི་ཤེས་པ་དེ་ལ་གནད་དུ་འཛུགས་པར་བྱེད་དོ། །འདི་ལྟར་བྱས་པའི་ཉེས་པ་ནི། བཀའ་ལས་ཀྱང་། ཐེག་པ་ཆེན་པོའི་གྲོགས་པོ་ལ། །ཤེས་རབ་རྩལ་གྱིས་བརྩད་མི་བྱ། །ཞེས་གསང་སྔགས་འདུལ་བ་ལས་གསུངས་པས། བཀའ་དང་འགལ་བའི་ཉེས་པ་དང་། བདག་དང་གཞན་གཉིས་ཀ་ལ་ཉོན་མོངས་པ་འཕེལ་བའི་ཉེས་པ་དང་། ཆོས་ཀྱི་རྩོད་པ་ལ་དགའ་བའི་གང་ཟག་དེ་ལ་མི་རྣམས་ཀྱང་སྡང་ཞིང་མ་བསྔགས་པར་འགྱུར་གྱི་སྟེང་དུ། རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་རྩོད་པ་རྒྱལ་འཕམ་དུ་གྱུར་ན་ཡང་ངན་སེམས་སྐྱེ་ཞིང་སྙིང་རིང་བར་འགྱུར་རོ། །མཉམ་དུ་རྩོད་ན་ཡང་ཕྱོགས་འཛིན་ཅིང་བྱེ་བར་འགྱུར་ཏེ། དེ་བས་ན་ཤེས་རབ་འཕེལ་བ་དང་། ཡོན་ཏན་གཞན་ལ་སྣང་བར་བྱ་བའི་ངོར་མི་ལྟ་བར་དམ་ཚིག་པ་ནང་དུ་ཆོས་ཀྱི་རྩོད་པ་མི་བྱ་བར་བཅའ་བ་བྱས་སོ། །གལ་ཏེ་གྲུབ་པའི་མཐའ་བསྡུར་བའི་ཕྱིར་ཕན་ཚུན་ལྷག་པར་སྨྲ་བའི་བགྲོ་བ་ནི་གནང་ངོ་། །རང་གི་རྟོག་གེ་བ་དན་དུ་འཕྱར་ཞིང་བླ་མ་དང་གྲོགས་པོ་དམ་པའི་གདམས་ངག་ལ་ཁྱི་ཁྲིད་དུ་འཁྲིད་ཅེས་བྱ་བ་ནི། ལ་ལ་དག་ཆོས་སྨྲ་བའི་ཚེ། བདག་གི་བླ་མ་ཆེ་གེ་མོ་དང་གྲོགས་པོ་ཆེ་གེ་མོ་འདིས་འདི་སྐད་ཅེས་ཟེར་ཏེ། དེ་ལ་ཉེས་པ་འདི་ཙམ་ཞིག་ཡོད་པས་དེ་ལྟར་མི་རུང་ངོ་ཞེས་ཟེར་ཞིང་ཕྱི་ནས་ཁྱི་ཁྲིད་དུ་འཁྲིད་ཅིང་། བདག་གི་འདི་ནི་སྐྱོན་དང་བྲལ་བའོ། །ཞེས་བ་དན་དུ་འཕྱར་བ་སྟེ། འདི་ཡི་ཉེས་པ་ནི་རྩ་བའི་དམ་ཚིག་ཆེན་པོ་ཉམས་ཏེ། ཉེས་པ་སྨོས་མི་དགོས་ཀྱི་སྟེང་དུ་ཡང་གལ་ཏེ་བདེན་སྲིད་ཀྱང་། དེ་ལ་དངོས་གྲུབ་མེད་པར་འགྱུར་རོ། །ཆོས་དེ་ཉིད་ཁུངས་མེད་ཅིང་མི་བཙུན་པར་འགྱུར། གང་ཟག་དེ་ལ་ཀུན་གྱིས་དཔྱའ་བའི་གནས་སུ་འགྱུར་གྱི་སྟེང་དུ་རྡོ་རྗེ་རྭ་བ་འདྲལ་བའི་གཞི་ཆེན་པོ་སྟེ། འདི་ལྟ་བུའི་སྤྱོད་པ་དང་ལྡན་པ་ལ། རྡོ་རྗེ་སློབ་དཔོན་དང་། གྲོགས་པོ་ཡོན་ཏན་ཅན་རྣམས་དང་མཐུན་པའི་གནས་མེད་དོ། །འདི་ལྟ་བུ་ནི་མི་བྱ་བར་བཅའ་བ་ཙམ་དུ་མ་ཟད་ཀྱི་གང་ཟག་འདི་ལྟ་བུ་དེ་ཀུན་གྱིས་སྤང་བར་བཅའ་བ་བྱས་སོ། །སློབ་མ་དང་གྲོགས་པོ་ལ་ཁྱི་འདུལ་བྱེད་པ་བྱ་བ་ནི། དཔེར་ན་མི་རྣམས་ཁྱི་གཏུམ་པོ་དང་ལྷན་ཅིག་ཏུ་འགྲོགས་པའི་ཚེ། དང་པོ་མ་འདྲིས་ཙམ་ན་ནི་འཛེམ་པར་བྱེད་ཅིང་ཡིད་སྲུན་པར་བྱེད། ཟན་ཡང་དང་ཡང་དུ་སྟེར་ཞིང་། ངག་འཇམ་པ་སྨྲ་ཞིང་བརྙས་པ་དག་མི་བྱེད་དོ། །འདྲིས་པར་གྱུར་ན་ནི་བརྙས་པར་བྱེད་ཅིང་ཆེ་ངག་འབྱིན་ཏེ་ཡིད་སྲུན་པར་མི་བྱེད་དོ། །རྡོ་དབྱུག་གིས་བསྣུན་པར་བྱེད་དོ། །དེ་བཞིན་གང་ཟག་ལ་ལ་དག་སློབ་མའམ་གྲོགས་པོ་ལྟ་བུ་ལ། དང་པོ་འཕྲད་ནས་འགྲོགས་པའི་ཚེ། དང་པོ་མ་འདྲིས་ཙམ་ན་ནི་གསོང་ཞིང་དེས་ལ་ངག་འཇམ་ཞིང་ཡིད་སྲུན་པར་བྱེད་ལ། འདྲིས་པར་གྱུར་ནས་ནི་གྱོང་ཞིང་མི་བདེ་སྟེ། ཡིད་མི་སྲུན་ཅིང་རང་གི་ཡིད་དང་མི་མཐུན་པ་ཅུང་ཟད་ཙམ་གྱི་ཕྱིར་ཡང་ཁྲོའམ་སྤྱོ་བར་བྱེད་ཅིང་ཡིད་འབྱུང་བར་བྱེད་དེ། འདིའི་ཉེས་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་གཟུང་བར་དམ་བཅས་ཀྱི་འོག་ཏུ། སེམས་ཅན་ཕལ་པ་རྣམས་ཀྱང་བསླུ་ཞིང་སུན་དབྱུང་བའང་མ་གནང་ན། ལྷག་པར་ཡོངས་སུ་གཟུང་བའི་སློབ་མ་དང་། དམ་པས་འབྲེལ་བའི་གྲོགས་སྒྱུས་འདུལ་ཞིང་སུན་དབྱུང་བ་ལྟ་ཅི་ཞིག་སྨོས་ཏེ། ལྟུང་བ་ཆེན་པོར་འགྱུར་གྱི་སྟེང་དུ་རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་ཁྱི་འདུལ་མཁན་དེ་ལ་སློབ་མ་དང་གྲོགས་པོ་དེ་རྣམས་ཕྱིར་ཞིང་མ་དད་པར་འགྱུར། ཡིད་འབྱུང་བར་འགྱུར། ཕྱིར་ཕྱོགས་པ་ལ་དགའ་བར་འགྱུར། ཕག་ཏུ་ངན་ཏུ་སྨྲ་བར་འགྱུར། ཡུལ་དུ་ལྷན་ཅིག་འགྲོགས་པ་མི་དགའ་བར་འགྱུར་ཏེ། དེའི་དབང་གིས་རྡོ་རྗེ་རྭ་བ་འདྲལ་བར་འགྱུར་བས། དེའི་ཕྱིར་ཁྱི་འདུལ་མི་བྱ་བར་བཅའ་བྱས་སོ། །སློབ་མ་རྒྱང་ཆད་དུ་མི་གཅད་པ་དང་། སློབ་དཔོན་སྔ་མ་མི་སྤང་བ་ནི། འདི་ལྟར་སློབ་དཔོན་གྱིས་སློབ་མ་སྡེ་རིས་སུ་བྱས་ནས། སློབ་མས་གཞན་ལ་ལུང་ནོད་པ་དང་། རྣམ་པར་ཐར་བའི་སྒོ་སྣ་ཚོགས་ལ་དད་པ་རྣམས་སྒོ་བཀག་ནས་གཞན་ལ་མ་བྱེད་ཅིག་ཅེས་རིས་སུ་བཅད་ན། སློབ་དཔོན་རང་ལ་ངན་སེམས་ཀྱི་ལྟུང་བ་འབྱུང་བ་དང་། སློབ་མ་ཡང་བཀའ་ཉན་པ་ཡང་ཡིད་མི་དགའ་སྟེ། ཡིད་ཀྱིས་མ་དད་པ་འབྱུང་། བཀའ་མ་ཉན་ཏེ་སློབ་དཔོན་མི་དགྱེས་བཞིན་དུ་གཞན་དུ་ཕྱིན་ན་ཡང་དམ་ཚིག་གི་གཅུགས་ཆེན་པོར་འགྱུར་རོ། །སློབ་མས་ཀྱང་སློབ་དཔོན་སྔ་མ་ཡོན་ཏན་ཆུང་ཡང་རུང་རང་བཞིན་ངན་ཀྱང་རུང་སྟེ་སྤང་བར་མི་བྱའོ། །སློབ་དཔོན་དེ་ཤིན་ཏུ་རང་བཞིན་ངན་ན་ཡང་། རྒྱུན་དུ་ལྷན་ཅིག་གནས་པ་ལ་བག་བྱ་སྟེ། ཕྱི་རོལ་ནས་ཐུགས་གཟུང་ངོ་། །དེ་བས་ན་སློབ་དཔོན་གྱིས་ཀྱང་སློབ་མ་རྒྱང་ཆད་དུ་བྱས་པ་དང་། སློབ་མས་སློབ་དཔོན་སྔ་མ་མ་བཀུར་བ་ལས། རྡོ་རྗེའི་དམ་ཚིག་རྭ་བ་འདྲལ་བའི་གཞིར་འགྱུར་བས་འདི་མི་བྱ་བར་བཅའ་བ་བྱས་སོ། །རང་དད་ཅིང་སྤྱོད་པའི་ཆོས་ལ་གཞོག་བསྟོད་དང་བཙན་བསྟོད་སྨྲ་ཞིང་རང་མ་དད་པའི་ཆོས་ལ་གཞོག་སྨད་དང་བཙན་སྨད་སྨྲ་བའི་ཉེས་པ་ནི། དམ་པའི་ཆོས་དང་གང་ཟག་ལ་སྒྲོ་སྐུར་བྱས་པའི་ལྟུང་བ་ལ་སོགས་པ་འབྱུང་གི་སྟེང་དུ་རྡོ་རྗེ་རྭ་བ་འདྲལ་བའི་གཞིར་འགྱུར་ཏེ། འདི་ལྟར་གང་ཟག་རྣམས་དམ་པའི་ཆོས་ཀྱི་སྒོ་སོ་སོར་འཇུག་པའང་། རིགས་དང་བཤེས་གཉེན་དང་རྐྱེན་གྱི་དབང་གིས། གང་དད་པ་ནས་འཇུག་ཅིང་སྤྱོད་ལ། མ་དད་པ་ནས་མི་འཇུག་སྟེ། དེ་བས་ན་རྣམ་པར་ཐར་བའི་སྒོ་སྣ་ཚོགས་དང་། ལས་ཀྱི་སྤྲོས་པ་སྣ་ཚོགས་གསུངས་པར་ཟད་དེ། ཕྱོགས་གཅིག་ཏུ་ངེས་པར་ཆད་པ་མེད་པས་བསྟོད་སྨད་ཀྱི་གནས་མ་ཡིན་པའི་སྟེང་དུ་ཡང་། ཆོས་ལ་བསྟོད་སྨད་བྱས་པས་ཆོས་པ་རྣམས་མི་དགའ་བར་འགྱུར་ཏེ། དེའི་རྐྱེན་གྱིས་ཆོས་པ་རྣམས་ནང་མཐུན་དུ་མི་སྟེར་ཏེ། དེའི་ཕྱིར་འདི་མི་སྨྲ་བར་བཅའ་བ་བྱས་སོ། །ཆོས་ཞུ་བ་རྣམས་ཀྱིས་སློབ་དཔོན་ནི་གྲོགས་པོ་ལ་མཐོང་འདོད་དང་། མཚམས་བཟུང་བྱས་ན། ཕ་རོལ་ཡིད་འབྱུང་བར་བྱེད་དེ། མི་དགའ་བཞིན་དུ་བྱིན་ན་ཡང་སྟེར་བ་པོ་མི་དགའ་བར་འགྱུར། མ་བྱིན་ན་ཡང་ཞུ་བ་པོ་མི་དགའ་བར་འགྱུར་ཏེ། དེའི་དབང་གིས་སྔགས་པ་ནང་སྙིང་རིང་བར་འགྱུར་ཞིང་བྱེ་བའི་རྐྱེན་དུ་འགྱུར་རོ། །ཆོས་སྟེར་བ་རྣམས་ཀྱིས་ཀྱང་སྟེར་ཕན་ཆད་ཆོ་ག་ལྷག་ཆད་དང་དབྲི་འཆབ་མེད་པར་མ་བྱིན་ན། རང་ལ་སྒྲིབ་པས་འཕོག་པའི་སྟེང་དུ་དམ་ཚིག་གི་སེལ་དུ་འགྱུར་ཏེ། དེའི་ཕྱིར་ཆོས་ཞུ་བ་རྣམས་ཀྱིས་ཀྱང་བརྟགས་ཤིང་དཔྱད་ལ་ཚོད་བླང་ཞིང་ཞུའོ། །སྟེར་བ་རྣམས་ཀྱིས་ཀྱང་རང་གི་སྙིང་ཚིག་སྨྲས་ལ། སྟེར་ཕན་ཆད་སྦ་འཆབ་མེད་པར་བྱའོ། །དེ་ལྟར་མ་བྱས་ན། ཕན་ཚུན་དུ་ཆོས་ཀྱི་འབྲེལ་བས་སླར་དམ་ཚིག་གི་སེལ་དུ་འགྱུར་བ་དང་། རིགས་རྗེས་དང་དཔེ་ཡོན་ཕྲ་མོ་ལ་བལྟས་ནས་གསང་སྔགས་ཀུན་ཏུ་སྤེལ་བས་ཀྱང་ཆོས་ཉམས་པར་འགྱུར་བས། འདི་ལྟ་བུ་ཡང་འཛེམ་སྟེ། མདོར་ན་རྡོ་རྗེ་སྤུན་གྱི་སེམས་དང་འགལ་གྱིས་དོགས་པ་ཐམས་ཅད་བསྲུང་བའི་བཅའ་བ་བྱས་ཏེ། དེ་ལྟར་རྡོ་རྗེ་རྭ་བ་བསྲུང་བའི་བཅའ་བ་རྣམ་པ་བརྒྱད་བྱས་སོ། །རྭ་བ་བརྒྱད་པོ་འདི་དག་ཐུབ་ན། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་བྱེ་བར་འགྱུར་བའི་ཆོས་ལས་འབྱུང་བའི་རྐྱེན་རྣམས་ནི་བཟློག་པར་འགྱུར་རོ། །གཞན་ཕྱི་རོལ་གྱི་རྐྱེན་བྱུང་ན་རྡོ་རྗེ་མཆེད་ལྕམ་གཞན་གྱིས་ཇི་ལྟར་རིག་པའི་ཞལ་ཆེ་བྱས་ཏེ། དེ་བཞིན་དུ་ཉོན་ཅིག །དེ་ལྟར་རྡོ་རྗེ་མཆེད་ཀྱིས་གྲོས་ཡང་དང་ཡང་དུ་བྱས་ཀྱང་མི་ཉན་པའི་ང་རྒྱལ་ཅན་རང་བཞིན་ངན་པ་དག་བྱུང་སྟེ། མཆེད་རྣམས་ཁ་འདུས་ཏེ་ཡོད་ན་རྡོ་རྗེའི་གྲལ་ནས་ཕྱུངས་ཤིག །གཉིས་ཀས་ལན་ན་གཉིས་ཀ་ཕྱུངས་ཤིག །དམ་ཚིག་པ་ནང་དུ་བཟློག་པ་བྱེད་པ་བྱུང་ན། སྔར་གྱི་སློབ་དཔོན་མིན་ན་ནི་གཏིང་བྱ་བར་མི་གནང་ངོ་། །སློབ་དཔོན་ཡིན་ན་ནི། སློབ་དཔོན་དེ་དང་མཆེད་གཞན་གྱིས་དེ་དང་མཐུན་པར་བྱའོ། །གྲོས་བཏབ་ཀྱང་མ་ཉན་ན་རྩ་བ་གཏིང་ནས་ཞིག་པས་གཏམ་སྨྲ་བར་མི་བྱའོ། །དེ་ནས་དཀོན་མཆོག་ལ་ཕོད་འཛུག་པ་བྱུང་ན་ནི་དེའི་ཆོ་ག་བྱེད་དུ་མི་གནང་ངོ་། །བནྡེ་ང་རྒྱལ་ཅན་བྱུང་ནས་བཟླུམ་དུ་མི་བཏུབ་ན། གྲོགས་མཆེད་གཞན་གྱིས་མི་བཟླུམ་པའི་དབང་མེད་པར་ནན་འོག་ཏུ་གཞུག་གོ །འདི་དག་ནི་རྡོ་རྗེ་མཆེད་བྱེ་བའི་རྒྱུ། བྱ་བ་མ་ཡིན་པ་ལས་བཟློག་པའི་བཅའ་བ་བྱས་སོ། །ད་ནི་མཆེད་ཀྱིས་འབྲེལ་བའི་གཟུང་ཐག་ཕན་གདགས་པའི་བཅའ་བ་གསུམ་བྱས་པ་ལ། རྡོ་རྗེ་མཆེད་མནའ་མཐོ་གཅིག་གི་ནང་དུ་དགྲ་རབ་འབྲིང་རྣམ་པ་གསུམ་བྱུང་ན། དེའི་ར་མདའ་རྣམ་པ་གསུམ་ཇི་ལྟར་རིགས་པ་དང་། བདག་པོ་ཇི་ལྟར་དགའ་བ་དང་། དེ་ལྟར་གཉིས་སུ་བསྡུར་ཏེ་ཅི་རིགས་སུ་ར་མདའ་བྱ་བར་བཅའ་བ་བྱས་སོ། །དེའི་གཟུས་༼བྲིས་མར་གཟུགས།༽སུ་ལོ་རེ་ཞིང་ངོ་བྲེ་ཙམ་བསྡུས་ལ་གནས་བརྟན་པ་ཞིག་ཏུ་སྨྲ་བཏའ་༼བྲིས་མར་སྨྲ་བཏག་ཞར་ལ། ཞེས་འབྱུང་།༽ཞར་ལ་བསལ་ཞིང་དེ་ལས་ཅི་རིགས་སུ་དགྲ་བྱུང་བའི་གྲོགས་བྱའོ། །དགྲ་བྱུང་བའི་ར་མདའ་བྱ་བའི་སྐབས་སུ། གལ་ཏེ་བནྡེ་རང་གིས་གོ་མཚོན་བཟུང་སྟེ་གཡུལ་དུ་ཞུགས་པ་ལ་དགྲ་བྱུང་བ་དང་། དེའི་ཕ་དང་བུ་དང་སྤུན་ཟླ་ལ་སོགས་པས་གཞན་ལ་ཉེས་པ་བྱས་ནས་དེའི་ལན་དུ་དེ་དག་ལ་ཚུར་ཉེས་པ་བྱས་པ་ལྟ་བུ་ལ་ནི་ཆོས་དམག་དྲངས་པའི་ཤགས་མེད་དེ། རང་བཞིན་གྱིས་ཕན་ཅི་ནུས་ཀྱིས་བྱས་ཏེ་བྱ་བར་བཅའ་བ་བྱས་སོ། །དགྲ་ཡང་དཀོན་མཆོག་ལ་ཚད་གཟུགས་པའི་དགྲ་མ་གཏོགས་པར། རང་ཅག་སྤྱོད་ལམ་མ་ཐུབ་པས་སྡང་བའི་ཕྱོགས་སུ་གྱུར་ནས་འབྲུབ་པ་ལྟ་བུ་ལ་ནི་གྲོགས་པོས་བཟློག་པས་མི་ལང་། རིགས་ཀྱང་མི་རིགས། དཔྱས་སུ་ཡང་འགྱུར་རོ། །སླར་དམ་པའི་ཆོས་དམའ་བར་འགྱུར་བས། འདི་ལྟ་བུ་ལ་ནི་གཞན་མི་བཟློག་གོ །གཉིས་པ་རྡོ་རྗེའི་མཆེད་ཀྱི་ནང་དུ་ལོང་བ་དང་ཞ་གྲུམ་བྱུང་ནས་སོ་ནམ་མི་ནུས་ན། མཆེད་རྣམས་ཀྱིས་སློངས་སྦྲམ་པ་རེ་སྦྱིན་པར་བཅས་སོ། །དེ་ནས་ཀྱང་ཚེ་རིང་ཞིང་ཕོངས་པར་གྱུར་ན་ཕྱིས་ཡང་ཕན་ཅི་རིགས་སུ་གདགས་སོ། །གསུམ་པ་ནི། མཆེད་ཀྱི་ནང་དུ་མཛེ་ནད་འབྱུང་བ་ཡང་སྲིད་ན། དགུན་ནི་ཤ་ལྷུ་རེ་དང་། དབྱར་མར་བྲེ་རེ་ཇི་སྲིད་འཚོའི་བར་དུ་བསྐྱལ་བར་བྱའོ། །དེའང་རང་རེས་དྲུང་དུ་ཐུག་པར་མི་ནུས་པས་འགྲུལ་ལ་བསྐུར་ཞིང་གཏོང་ངོ་། །བཅའ་བ་འདི་རྣམས་ལས་འགལ་ན་ཕྱིར་དབྱུང་བར་བྱའོ། །
བླ་མ་ཆོས་ཀྱི་བཟང་པོས་མཛད་པ་རྗོགས་སོ། །།།

གཞན་ཕན་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུ། །ག༵ཞན་༵ཕན་ཆོ༵ས་ཀྱི་༵སྣང་༵བ་ཞེས་བྱ་བས། །གཞན་ཕན་སླད་དུ་སྤར་འདི་བསྒྲུབས་པའི་དགེས། །གཞན་ཕན་ཕྲིན་ལས་ས་སྟེང་ཁྱབ་གྱུར་ཅིག །ཅེས་པའང་མི་ཕམ་པས་སོ། །

དཔེ་རྙིང་བྲིས་མ་ཞིག་གི་མཇུག་ཏུ། དམ་པའི་གསུངས་འདི་རྒྱལ་བའི་བཀའ་དང་མཚུངས། །འདི་ལ་གཅེས་སྤྲས་བསྟན་པའི་རྨང་རྡོ་ཚུག །སྔ་འགྱུར་བསྟན་པའི་རང་ལུགས་རྨ་མེད་ཕྱིར། །བསྟན་པའི་བདག་པོ་ཀུན་གྱིས་བཀུར་བར་རིགས། །
ཞེས་འབྱུང་།

࿇དེབ་བསྡུར་མཆན་འགོད་གནང་མཁན་ནི་མཁན་པོ་གུར་ཚེ་ལགས་ཡིན་ནོ། །

47.2K