༄༅། །སྔགས་ཀྱི་ཀློག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག་བཞུགས།

 

ཨོཾ་སྭ་སྟི་སིདྡྷཾ།  འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རིག་སྔགས་བཟློག་པར་བཟླས་གྱུར་ན། །དད་མེད་རྣམས་ལ་འདོད་དོན་མེད། །དད་པ་ཡོད་ཀྱང་དངོས་གྲུབ་རིང་། །དེ་ལ་ཀློག་ཐབས་མདོར་བསྡུ་ན། །ཨཱ་ལི་ཀཱ་ལི་གུག་སྐྱེད་བཅས། །དེ་ལ་སློབ་དཔོན་ངག་བཞིན་དུ། །ཁ་མིག་འདྲིས་པར་ཡུན་རིང་བསླབ། །ཀློག་ཐབས་རིམ་བཞིན་མི་སློབ་པར། །སྔགས་འབྲུ་རྣམས་ལ་འདི་ཅི་ཞེས། །ཟེར་བའི་རྒྱུ་མེད་འབྲས་འདོད་པ། །རྨོངས་རྣམས་ཡུན་རིང་དོན་མེད་འགྱུར། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿདབྱངས་ཡིག་བཅུ་དྲུག་གོ །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། གསལ་བྱེད་སུམ་ཅུ་རྩ་བཞིའོ། །ཐོག་མར་དབྱངས་ཡིག་བཅུ་དྲུག་ལ། །ཨ་ནི་དྲང་པོ་ཨི་བཀུག་པ། །ཨུ་ནི་སྨད་པ་ཞེས་བྱ་སྟེ། །དེ་དག་རིང་ཐུང་གཉིས་གཉིས་ཡོད། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ། །མ་ནིང་གི་ནི་ཡི་གེ་བཞི། །དེ་ལ་རིང་ཐུང་གཉིས་གཉིས་ཡོད། །ཨེ་ནི་བསྒྲེང་བའི་ང་རོ་སྟེ། །ཨཻ་ནི་བསྒྲེང་ཞིང་བཀུག་པ་ཡིན། །ཨོ་ནི་བསྟོད་པ་ཞེས་བྱ་སྟེ། །ཨཽ་ནི་བསྟོད་དེ་སྨད་པ་ཡིན། །ཨཾ་ནི་སྣ་ལྡན་ཞེས་བྱ་སྟེ། །ཨཿནི་རྣམ་པར་བཅད་པའོ། །ང་རོ་དྲང་པོ་ལས་བྱུང་བ། །ཀ་ནས་བརྩམས་ཏེ་ཀྵ་ཡི་བར། །གསལ་བྱེད་ཡི་གེ་སུམ་ཅུ་བཞི། །སྐད་གདངས་ཡུལ་གྱི་སྐད་ཀྱིས་དབྱུང་། །གལ་ཏེ་སྐད་གདངས་བཅོས་པ་ན། །རྣར་མི་སྙན་ཞིང་བརྗོད་ནོར་འབྱུང་། །རྒྱ་སྐད་ཕལ་ཆེར་ལྕེ་རྩེ་ལས། །འབྱུང་ཞིང་བརྗོད་པ་རབ་ཏུ་མྱུར། །སྐད་གདངས་མགྲིན་པ་ཕྲ་ཞིང་སྙན། །བོད་སྐད་ཕལ་ཆེར་ལྕེ་དབུས་ལས། །འབྱུང་ཞིང་བརྗོད་པ་དལ་བ་ཡིན། །མགྲིན་པ་སྦོམ་གྱུར་ཁ་ཆེ་དང་། །ཨུ་རྒྱན་ཡུལ་ཡང་དེ་དང་འདྲ། །བོད་ནི་ཁྱད་པར་སྐད་ཐུང་ཞིང་། །རིང་ཐུང་ཁྱད་པར་འགའ་ཡང་མེད། །དེ་ལ་འ་མེད་ཐུང་བ་སྟེ། །ཐུང་དང་དྲག་པོ་ནོར་མི་བྱ། །ཨཻ་ཨེ་འི་ར་བཀླག་པ་སྟེ། །བསྒྲེང་ཞིང་བཀུག་པ་ཡིན་ཕྱིར་རོ། །ཨཽ་ཨོའུ་གང་དུ་བྲིས་ཀྱང་རུང་། །ཨོ་འུར་བརྗོད་དེ་བསྟོད་སྨད་ཕྱིར། །སྣ་ལྡན་རྣམ་པར་བཅད་པ་ཡང་། །རིང་བར་སྒྲར་ནི་བརྗོད་པར་བྱ། །ཊ་ཋ་ཌ་ཌྷ་ཎ་ཥ་དྲུག །གྷ་ཛྷ་དྷ་བྷ་ཀྵ་སྟེ་ལྔ། །དེ་ལྟར་ཡི་གེ་བཅུ་གཅིག་པོ། །བོད་ལ་གཏན་ནས་མེད་པ་ཡིན། །རྒྱ་གར་བ་ལའང་དེ་དག་ལ། །ཡི་གེ་ལོག་དང་ཧ་བཏགས་མེད། །འོན་ཀྱང་བོད་ཀྱིས་བརྗོད་ཤེས་ཕྱིར། །སྔོན་གྱི་བྱང་ཆུབ་སེམས་དཔས་མཛད། །དེ་ལྟར་ཏ་ཐ་ད་ན་ཤ །ལྕེ་རྣལ་ལས་འབྱུང་དེ་དག་ལ། །ལྕེ་རྩེ་བཟློག་སྟེ་བརྗོད་པ་ཡིས། །ཊ་ཋ་ཌ་ཎ་ཥ་རྣམས་འབྱུང་། །གྷ་སོགས་ཧ་བཏགས་ཡི་གེ་ལྔ། །ག་ཛ་ཌ་ད་བ་ལྔ་ལ། །ཧ་སྒྲ་ཅུང་ཟད་འབྱུང་བ་ལ། །དགོངས་ཏེ་ཧ་བཏགས་ཡི་གེ་མཛད། །གྷ་ལ་མཁའ་འདྲ་ཛྷ་འཚའ་འདྲ། །ཌྷ་ནི་འཋྲའདྲ་དྷ་འཐའ་འདྲ། །བྷ་ནི་འཕའ་དང་འདྲ་བར་བཀླག །ཧ་སྒྲ་མི་གསལ་ཅུང་ཟད་ལྡན། །ཀྵ་ནི་ཀ་ཥ་ཡིན་མོད་ཀྱི། །མི་ཤེས་རྣམས་ཀྱིས་ཁྱ་འདྲར་བཀླག །ཤ་ཥ་ས་ཡི་ཡི་གེ་གསུམ། །སྐབས་ཀྱིས་ལྕེ་ལ་གང་བདེར་བཀླག །ཀ་ཚན་གྱི་ནི་ཀླད་ཀོར་ང་། །ཙ་ཚན་ཉ་ཡིན་ཊ་ཚན་ཎ། །ཏ་ཚན་ན་ཡིན་དེ་གསུམ་ག བོད་ཀྱིས་ནར་བརྗོད་པ་མཚན་མ། །ཨ་དང་ཀྵ་ཡི་ཀླད་ཀོར་རྣམས། །ངར་བཀླག་པ་ནི་མཆོག་ཡིན་ནོ། །ད་ནི་བརྩེགས་པ་བརྗོད་པར་བྱ། །དཔེར་ན་ཏིཥྛ་ཏིས་ཐྲ་བཞིན། །གུག་སྐྱེད་ཅན་གཅིག་བྱུང་གྱུར་ན། །ཕྲལ་ཏེ་གུག་སྐྱེད་ཀུན་ལ་སྦྱར། །དཔེར་ན་ཏྱུ་ལ་ཏུ་ཡུའམ། །ཥྛི་ལ་ཥི་ཐྲི་ཇི་བཞིན་ནོ། །གལ་ཏེ་ཕྲལ་ཏེ་ཀློག་པས་ན། །ཅི་ཕྱིར་ཕྲལ་ནས་མི་འབྲི་ཞེས། །རྒོལ་ན་བོད་སྐད་ཀྱང་མཚུངས་ཞེས། །དེ་གཉིས་ཁྱད་པར་མེད་པར་བསྒྲེ། །གསང་སྔགས་ཀྱི་ནི་རྒྱུད་རྣམས་ལས། །ཡི་གེ་མང་པོ་བརྩེགས་པ་ཡོད། །དེ་ནི་ས་བོན་ཡིན་པའི་ཕྱིར། །དུས་གཅིག་མི་བརྗོད་ཕྲལ་ཏེ་བརྗོད། །ཙ་ཚ་ཛ་ལ་ཡ་སྟ་བཏགས། །བོད་ཀྱིས་ཅ་ཆ་ཇ་བཞིན་བཀླག །གུག་སྐྱེས་ཅན་ཡང་དེ་བཞིན་ཏེ། །དཔེར་ན་ཙྱཻ་ལ་ཙ་ཡེ་བཞིན། །ཏ་ཐ་ད་སོགས་ཡ་སྟ་བྱུང་། །ཨེ་སྒྲ་ལྡན་པར་ཕྲལ་ཞིང་བཀླག །དཔེར་ན་ཏྱཻ་ལ་ཏེ་ཡེ་བཞིན། །ཐྱཻ་ལ་ཐེ་ཡེ་ཇི་བཞིན་ནོ། །ཛྙ་ཞེས་བྱ་བའི་ཡི་གེ་ལ། །བོད་ཀྱིས་གཉའ་ཞེས་བྱ་བར་བཀླག།ཥྞ་ཥྚ་ཥྛ་ཞེས་བྱ་བ་ལ། །ཤ་ལོག་ཤ་རྣལ་གང་བྱུང་ཡང་། །ས་དང་འདྲ་བར་བྱ་བ་སྟེ། །སྣྲ་སྟྲ་བྱ་ཞེས་བརྗོད་པས་འགྲུབ། །སྟྲཻ་ཡཱ་དྷཱ་ལྟ་བུ་ལ། །སྟྲེའི་ཡཱ་དྷཱ་རུ་བཀླགས་པས་འགྲུབ། །དེ་ལ་སོགས་པ་བསམ་མི་ཁྱབ། །སྔགས་ཀྱི་ཀློག་ཐབས་མ་ཤེས་ན། །འདིར་མང་དྲིས་པས་ཅི་ཞིག་ཕན། །དེ་བས་སྔགས་བརྗོད་ཐབས་ལ་འབད། །སྔགས་ཀྱི་ཀློག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག་ཅེས་བྱ་བ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།། །།

47.2K