༄༅། །གུ་རུ་རྡོ་རྗེ་གྲོ་ལོད་ལ་ཐུགས་དམ་སྐུལ་བའི་གསོལ་འདེབས་ཕྲིན་ལས་ཡོངས་གྲུབ་ནོར་བུའི་རྒྱལ་པོ་འབར་བའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

ཧཱུྃ་ཧཱུྃ་ཧཱུྃ། སངས་རྒྱས་ཀུན་གྱི་སྟོབས་བཅུའི་ནུས་རྩལ་འདུས། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །འཁོར་འདས་ཞིང་ན་ཆེ་བཙན་འགྲན་ཟླ་བྲལ། །འབར་བའི་སྐུར་བཞེངས་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །སྒྱུ་འཕྲུལ་དྲྭ་བའི་རྣམ་འཕྲུལ་ཞིང་ཀུན་ཁྱབ། །ཐུགས་རྗེ་རབ་ཁྲོས་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །གདོང་དམར་མི་དང་མི་མིན་གདུག་པ་འདུལ། །སྟོབས་ཀྱི་ཕྱག་རྒྱ་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །མཐའ་གྲོལ་ཡེ་ཤེས་སྟོབས་ལྡན་ཧེ་རུ་ཀ །གནས་གཏེར་མངའ་བདག་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །མཚན་ཐོས་དྲན་པ་ཙམ་གྱིས་བདུད་བཞི་འཇོམས། །བར་ཆད་ཀུན་སེལ་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རབ་ཁྲོས་སྐུར། །གཅིག་བསྡུས་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད། །འདིར་གཤེགས་གསོལ་འདེབས་བུ་ལ་བྱིན་གྱིས་རློབས། །བདུད་བཞི་སྒྲིབ་ཚོགས་ཡེ་ཤེས་མེ་ཡིས་སྲེགས། །འདོད་པའི་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ། །ཐུགས་རྗེ་མ་ཆུང་པདྨ་ཐོད་ཕྲེང་རྩལ། །ཐུགས་དམ་མ་བསྙེལ་རྡོ་རྗེ་གྲོ་བོ་ལོད། །བརྩེ་བས་དགོངས་ཤིག་རྗེ་བཙུན་པདྨ་འབྱུང་། །དད་པས་འབོད་དོ་ཐུགས་རྗེས་མྱུར་དུ་བྱོན། །གསོལ་བ་འདེབས་སོ་སྒོ་གསུམ་བྱིན་གྱིས་རློབས། །སྐལ་ངན་སྒྲིབ་པའི་མུན་པ་དབྱིངས་སུ་སོལ། །འཆི་བདག་བདུད་ཆོམས་འཆི་མེད་ཚེ་དབང་སྩོལ། །ཉོན་མོངས་མདུད་ཁྲོལ་ཡེ་ཤེས་རྩ་ཁ་ཕྱེས། །ཕུང་པོའི་ཟག་ཟད་འཇའ་ལུས་དྭངས་མར་སྨིན། །རྣམ་གཡེང་རྟོག་ཚོགས་ཆོས་ཉིད་རོལ་པའི་རྒྱན། །མཆོག་གི་རིག་འཛིན་རྣམས་དང་སྐལ་མཉམ་པའི། །སྦྱོར་ལམ་མཐར་ཕྱིན་མཐོང་སྒོམ་ཉམས་འོག་ཆུད། །དངོས་གྲུབ་མཆོག་གིས་དབུགས་ཆེན་འབྱིན་པར་མཛོད། །མ་སྲིང་མཁའ་འགྲོའི་བརྩེ་གདུང་དམ་ཚིག་སྐུལ། །དམ་ཅན་སྲུང་མའི་ཚོགས་ལ་བཀའ་ནན་སྩོལ། །ལོག་འདྲེན་བར་ཆད་འབྱུང་པོ་ཚར་ཆོད་ལ། །ཁྱོད་ཀྱི་རྗེས་སུ་ཞུགས་པའི་སྒྲུབ་པ་པོར། །སྒྲིབ་མེད་ཡེ་ཤེས་ཆེན་པོས་རབ་དགོངས་ཏེ། །གསོལ་བཏབ་འབྲས་བུ་མྱུར་དུ་མཆིས་པར་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཞེས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་རོང་མེ་དཀར་མོ་སྟག་ཚང་དུ་ཟབ་མོ་གཏེར་གྱི་སྒྲུབ་པ་ལ་ཞུགས་པའི་སྐབས་འགྲུབ་སྦྱོར་དང་ལྡན་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་འཆི་མེད་བསྟན་གཉིས་གླིང་པས་བྲིས་པ་དགེ་ལེགས་འཕེལ།། །།

47.2K