༄༅། །ཆོས་ཉན་ཚུལ་བཞུགས་སོ། །

ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

༄༅༅། །ན་མོ་གུ་རུ། འོ་ལེགས་སོ།  །ད་ཁྱེད་རང་རྣམས་ཀྱིས་ཆོས་ཉན་པའི་ཚེ་བསམ་པ་འདི་བཞིན་མཛོད། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་འདི་ཉན་སྙམ་པ་དང་། གནས་ཁང་དང་ས་ཕྱོགས་འདི་ཡང་ཐ་མལ་བ་འདི་ལྟ་བུ་མ་ཡིན་པར། སངས་རྒྱས་ཀྱི་ཞིང་ལྟ་བུའི་དབུས་སུ་གཞལ་ཡས་ཁང་ཁྲི་སྟན་ལྗོན་ཤིང་ཆུ་མཚོ་མེ་ཏོག་དང་བཅས་པ། བླ་མ་ང་ཡང་ཆོས་སྐུ་ཀུན་ཏུ་བཟང་པོའམ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དངོས་ཡིན་སྙམ་པ་དང་། ཁྱེད་རང་རྣམས་ཀྱང་སེམས་དཔའ་སེམས་མ་དཔའ་བོ་མཁའ་འགྲོ་དངོས་ཡིན་སྙམ་པ་དང་། གཞན་ཡང་ཆོས་གྲལ་འདིར་ལྷ་ཀླུ་གནོད་སྦྱིན་སོགས་ཕྱོགས་སྐྱོང་བ་ཐམས་ཅད་དང་། ཡུལ་ལྷ་གཞི་བདག་རྣམས་ཀྱིས་གུས་པ་ཆེན་པོས་ཉན་ཡོད་སྙམ་པའི་མོས་པ་མཛོད། ཆོས་ཉན་པའི་ཚེ་ལུས་ཀྱི་ཀུན་སྤྱོད་ཞྭ་དང་ལྷམ་མི་གྱོན་ཅིང་། ཁྲི་སྟན་ལ་མི་འདུག་པ། སྐྲ་ཐོར་ཅོག་མི་བྱེད་པ་དང་། གྲི་སོགས་མཚོན་ཆ་མི་འཛིན་པ་དང་། ལུས་ཀྱི་རྩིབ་མི་སྟོན་པར། མདུན་ངོས་ནས་པུས་མོ་ས་ལ་བཙུགས་ཐལ་མོ་སྙིང་གར་སྦྱར་ནས་མིག་གིས་བླ་མའི་ཞལ་ལ་ཅེར་གྱིས་བལྟ་བ་ལྟ་བུ་མ་ཡིན་པར་གུས་པས་བལྟ་བ་དང་། དེ་བཞིན་དུ་མིག་གིས་ཡར་མར་ལ་བལྟས་ཏེ་གཡེང་བ་དང་། རྣ་བས་སྒྲ་ཐོས་ཚད་ལ་གཡེང་བ་དང་། ཡིད་དོན་མེད་ཀྱི་རྟོག་དཔྱོད་ལ་གཡེང་བ་སོགས་སྤོང་ལ། ད་རེས་ཐོབ་དཀའ་བའི་མི་ལུས་ཐོབ། མཇལ་དཀའ་བའི་བསྟན་པ་དང་བླ་མར་མཇལ། ཐོས་དཀའ་བའི་དམ་པའི་ཆོས་ཐོས་པ་འདི་ང་བསོད་ནམས་རེ་ཆེ། སྐལ་བ་རེ་ཡག་སྙམ་པའི་སྒོ་ནས་ཉན་དགོས། ཆོས་ཉན་པའི་ཚེ་འགལ་རྐྱེན་སྣོད་ཀྱི་སྐྱོན་གསུམ་སྤངས་དགོས། དཔེར་ན་སྣོད་ཁ་སྦུབས་པའི་སྟེང་མར་ཆུ་ལ་སོགས་པ་བླུགས་ཀྱང་ནང་དུ་མི་འགྲོ་བ་ལྟར། ཆོས་ཉན་པའི་ཚེ་གཉིད་པ་དང་ལུས་ངག་ཡིད་གསུམ་གཞན་དུ་གཡེང་སྟེ་ལེགས་པར་མ་ཉན་ན། ཆོས་བཤད་པ་དོན་མེད་དུ་འགྱུར་བས་ཚུལ་བཞིན་དུ་ཉན་པ་གལ་ཆེ། ཉན་ཀྱང་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་དང་འདྲ་བས་ཡིད་ལ་འཛིན་པ་གལ་ཆེ། ཡིད་ལ་བཟུང་ཡང་རང་རྒྱུད་འདུལ་བའི་གཉེན་པོར་མི་བསམ་པར་མཁས་འདོད་དང་གྲགས་འདོད་དང་། ཉན་པའི་ཚེ་ཆོས་དང་བླ་མའི་སྐྱོན་ལ་རྟོག་པ་སོགས་སྣོད་དུ་མི་གཙང་བའམ་དུག་ལྟ་བུའི་དྲི་མ་ཡོད་པ་དང་འདྲ་བས་ཆོས་མིན་གྱི་བསམ་པ་མི་སྐྱེ་བ་གལ་ཆེ། གཞན་ཡང་ཆོས་ཉན་པའི་ཚེ་དྲི་མ་དྲུག་སྤངས་དགོས། དྲི་མ་དྲུག་ནི། དབྱིག་གཉེན་གྱིས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་མི་གཉེར་བ་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པ་བཞིན། དེ་བཞིན་དུ་མི་འཛིན་པའི་སྐྱོན་ལྔ་སྤང་དགོས། ཚིག་མི་འཛིན་པ་དང་། དོན་མི་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་དང་། ལོག་པར་འཛིན་པ་དང་། མ་ལུས་པར་མི་འཛིན་པའོ། །དེ་ལྟར་སྐྱོན་ཐམས་ཅད་སྤང་ནས་མཐུན་པའི་རྐྱེན་དད་པ་དགོས། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན། དད་པ་ཡོད་ན་དཀར་པོའི་ཆོས་ཡོད། དད་པ་མེད་ན་དཀར་པོའི་ཆོས་མེད། དད་པ་འཕེལ་ན་དཀར་པོའི་ཆོས་འཕེལ། དད་པ་འགྲིབ་ན་དཀར་པོའི་ཆོས་འགྲིབ། མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུངས་ཤིང་འཕེལ་བར་བྱེད། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་སོ། །དེ་བཞིན་མཐུན་པའི་རྐྱེན་འདུ་ཤེས་དྲུག་བསྟེན་ཚུལ་ནི། རང་ཉིད་ཐོག་མེད་ནས་ཉོན་མོངས་པའི་ནད་འདིས་མ་བཏང་བར་རིགས་དྲུག་འཁོར་བའི་གནས་འདིར་སྡུག་བསྔལ་བཟོད་དུ་མེད་པ་མང་པོ་མྱང་། ད་དུང་ཡང་མྱོང་དགོས་པ་ཉོན་མོངས་པའི་ནད་འདིས་ལན་པས་རང་ལ་ནད་པ་ལྟ་བུའི་འདུ་ཤེས། ནད་དེའི་གཉེན་པོ་ཆོས་ཡིན་པས་ཆོས་ལ་སྨན་གྱི་འདུ་ཤེས། ཆོས་སྟོན་མཁན་བླ་མ་ཡིན་པས་བླ་མ་ལ་སྨན་པ་མཁས་པའི་འདུ་ཤེས། རང་གིས་ནན་ཏན་ཉམས་སུ་བླངས་ན་ནད་དེ་ལས་གྲོལ་བས་ནད་འཚོ་བའི་འདུ་ཤེས། ཆོས་འདི་ཐོག་མར་སྟོན་པའི་སངས་རྒྱས་ལ་གུས་པ་ནི་སྐྱེས་བུ་དམ་པའམ་མཆོག་གི་འདུ་ཤེས། ཆོས་ཀྱི་ཚུལ་འདི་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ་དྲུག་པོ་དེ་བསྟེན་པར་བྱའོ། །ཆོས་ཐོས་པ་འདི་དཀའ་སྟེ་སྔོན་རྒྱལ་པོ་ག་ན་ཤ་ནི་ཞེས་བྱ་བས། ཆོས་ཚིག་བཞི་གཅིག་ཐོས་པར་བྱ་བའི་ཕྱིར། ལུས་ལ་མར་མེ་སྟོང་བཙུགས་པ་དང་། རྒྱལ་པོ་བྱི་ལིང་གར་ལིང་ཞེས་བྱ་བས། ལུས་ལ་ལྕགས་གཟེར་སྟོང་བཏབ་པའི་ལོ་རྒྱུས་སོགས་ཀྱིས་ངེས་ཤེས་འདྲོང་ངོ་། །གཞན་ཡང་ཆོས་ཀྱི་སྒྲ་ཙམ་ཐོས་པས་སྔོན་བྱ་ཐི་བ་དང་སྦལ་བ་ལྷ་མིར་སྐྱེས་པའི་ལོ་རྒྱུས་སོགས་ཀྱིས་གོ་ལ། སྐྱེས་རབས་ལས། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེས་བུའི་རྫོངས་ལས་ཚེགས་ཆུང་ཐར་བར་བྱེད། །ཅེས་དང་། ཐོས་པས་ཆོས་ནི་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོངས། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་པ་ལྟར། ཐོག་མར་ཐོས་པ་གལ་ཆེ་བ་དང་། དེ་ལ་བརྟེན་ནས་བསམ་པ། བསྒོམ་པ། མཐར་མི་གནས་པའི་མྱང་འདས་ཐོབ་པ་ཡིན་ནོ། །ཅེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་བའོ། །སརྦ་མངྒ་ལཾ།

རྩོམ་སྒྲིག་པ། འོད་གསལ་དབང་མོ།

47.2K