༄༅། །ཆོས་བདུན་ཕན་ཡོན་དང་འདོད་གསོལ་འགྲེལ་བ་བཞུགས་སོ། །

ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

༄༅༅། །ན་མོ་གུ་རུ། འདིར་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་གནད། ལུས་རྣམ་སྣང་ཆོས་བདུན་བྱས་པའི་ཕན་ཡོན་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ། ཡང་ན་སེམས་དཔའི་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་དབུ་མར་ཚུད་ཅིང་ཕྲག་དོག་ཞི་བ་དང་བར་ཆད་ཀྱིས་མི་ཚུགས། ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅས་པས་ཆུ་རླུང་དབུ་མར་ཚུད་དེ་ཞེ་སྡང་ཞི། སྒལ་ཚིགས་མདའ་ལྟར་བསྲང་ཞིང་དཔུང་བ་རྒོད་གཤོག་ལྟར་བསྒྲེངས་པས་ས་རླུང་དབུ་མར་ཚུད་དེ་གཏི་མུག་ཞི། མགྲིན་པ་བསྲང་ལ་གུག་ཙམ་བྱས་པས་མེ་རླུང་དབུ་མར་ཚུད་དེ་ཆགས་པ་ཞི། མིག་འབྱེད་འཛུམ་རན་པར་སྣ་རྩེ་ནས་སོར་བཞིའི་ཐད་དུ་བལྟ་བ་དང་ལྕེ་ཡ་རྐན་ལ་སྦྱར་བས་རླུང་གི་རླུང་དབུ་མར་ཚུད་དེ་ང་རྒྱལ་ཞི་ཤེས་པ་གསལ་ལོ། །དེ་ལྟར་ལུས་གནད་ཆོས་བདུན་མ་འཆུག་ན་རླུང་དབུ་མར་ཚུད་པས་རྟོགས་པ་རང་བཞིན་གྱིས་འཆར་རོ། །ལུས་གཡས་སུ་ཡོ་ན་དང་པོ་གསལ་ཉམས་སྐྱེ་སྟེ། དེ་ནས་ཞེ་སྡང་སྐྱེ་ཞིང་རྒྱལ་པོ་སོགས་གནོད། གཡོན་དུ་ཡོ་ན་དང་པོ་བདེ་ཉམས་སྐྱེ་སྟེ། དེ་ནས་ཆགས་པ་སྐྱེ་ཞིང་མོ་གདོན་གནོད། མདུན་དུ་གུག་ན་དང་པོ་མི་རྟོག་པའི་ཉམས་སྐྱེ་སྟེ། རྗེས་ནས་གཏི་མུག་སྐྱེ་ཞིང་ས་བདག་གནོད། ཡིད་མི་དགའ་ཞིང་སྙིང་རླུང་འཇུག །ལུས་གནད་རྒྱབ་ཏུ་དགྱེ་ན་དང་པོ་སྟོང་ཉམས་སྐྱེ་སྟེ། དེ་ནས་ང་རྒྱལ་སྐྱེ་ཞིང་རྣམ་རྟོག་འཕྲོ་རྒོད་ཆེ་བ་དང་། ལུས་སྔོ་སྐམ་དང་དྭངས་མ་འཛག་པ་སོགས་གེགས་འབྱུང་། དེས་ན་ལུས་གནད་མ་འཆུག་པར་བྱའོ། །

འདོད་པའི་དོན་ལ་གསོལ་བ་འདེབས་པའི་འགྲེལ་བ་ནི། ཕྱོགས་བཅུའི་ཞིང་ཁམས་ཇི་སྙེད་པ་ན་འདས་པ་དང་མ་བྱོན་པ་དང་། ད་ལྟ་བཞུགས་པ་སོགས་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་ནི་དཔལ་ལྡན་བླ་མ་དམ་པ་ཁྱོད་ལགས་པས་བདག་སོགས་འགྲོ་བ་སེམས་ཅན་ཐམས་ཅད་འདི་ཕྱི་བར་དོ་ཀུན་ཏུ་ཁྱེད་རང་གཅིག་པུ་མཁྱེན་མཁྱེན་ཞེས་ནན་ཏན་བསྐྱེད་པ་ཡིན། ཁྱེད་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ལ་མ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་སེམས་ཅན་རེ་རེ་ལ་གང་འདུལ་གྱི་སྐུ་དང་གསུང་གི་མཛད་པ་སྣ་ཚོགས་བསྟན་ནས་འདུལ་བའི་འཕྲིན་ལས། སེམས་ཅན་རྣམས་སྐད་ཅིག་ལ་རྒུད་པ་མཐའ་དག་ལས་བསྐྱབས་ཏེ་སངས་རྒྱས་ཀྱི་སར་འགོད་པའི་ནུས་མཐུ་སོགས་ཡོན་ཏན་གྱི་ཆ་ཕྲ་མོ་ཙམ་ཡང་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་མངའ་བ་ནི་ཁྱོད་རང་གཅིག་པུ་ལགས་པས། བདག་མིང་འདི་ཞེས་བགྱི་བས་ཐོག་དྲངས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བློ་ནང་པ་སངས་རྒྱས་པའི་ཆོས་སྐྱབས་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་ལ་རྟག་ཏུ་གནས་པར་མགོན་པོ་ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་མི་ཟད་པས་འདོད་དོན་དེ་བཞིན་དུ་བརླབ་པའམ་འགྱུར་བར་མཛད་དུ་གསོལ། ཆོས་དེ་ཡང་ཐེག་པ་དམན་པའི་ལམ་དུ་མི་འགྲོ་བར་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བར་ཁྱེད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ལམ་དེ་ལ་ཡང་རྐྱེན་བཟང་ངན་གང་ལ་བརྟེན་པའི་བར་ཆད་ཀྱི་ཆ་ཕྲ་མོ་ཙམ་ཡང་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། དགྲ་གཉེན་འཁོར་འདས་ཉོན་མོངས་དང་ཡེ་ཤེས་སུ་འཛིན་པའི་འཁྲུལ་སྣང་གི་བློ་སྣ་ཕྲ་རགས་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་བསྟེན་པ་ནས་ཆོས་ཟད་དུ་འཁྱོལ་བའི་བར་གྱི་ཐོས་བསམ་སྒོམ་གསུམ་ཕྱིན་ཅི་ལོག་ཏུ་གྱུར་པའི་བློ་ངན་པ་མཐའ་དག་འགག་པའམ་མི་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་བསྟེན་པ་ནས་ཆོས་ཟད་དུ་འཁྱོལ་བའི་བར་གྱི་ཐོས་བསམ་སྒོམ་གསུམ་གྱི་རྟོགས་པ་ཕྱིན་ཅི་མ་ལོག་པའམ་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འགྲོ་བ་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་ཀྱི་བྱམས་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་འདོད་ཀྱི་སྙིང་རྗེ། དེ་དག་གི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་དང་། དེའི་རྒྱུ་བསྒྲུབ་པ་ལ་འཇུག་པ་སྟེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་བཅས་པ་ཁ་ཙམ་དང་བཅོས་མ་ལྟ་བུ་མ་ཡིན་པར་ཤུགས་འབྱུང་འགྱུར་བ་མེད་པ་ཞིག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དོན་ཁྱད་པར་དུ་གྱུར་པ་ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོ་མ་བསྒོམ་རང་གྲོལ་གྱི་ལྟ་བ་གཞན་ལས་ཁྱད་པར་དུ་འཕགས་པས་དེ་ཉིད་ཇི་བཞིན་པ་ཞིག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐབས་འདིར་ཡང་དགོས་སུ་དཔེར་ན་དལ་འབྱོར་རྙེད་དཀའ་བསྒོམ་པའི་སྐབས་ཡིན་ན། དལ་འབྱོར་རྙེད་དཀའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་ལྟ་བུ་འཇུག །བླ་མ་དག་པ་གཉིས་ལྡན་ཡེ་ཤེས་ཆོས་ཀྱི་སྐུར་བལྟས་ཏེ་གསོལ་བ་བཏབ་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས་སྐུ་རུ་བལྟས་ཏེ་གསོལ་བ་བཏབ་པས་ཉམས་ཀྱི་སྣང་བ་གོང་དུ་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་གང་འདུལ་སྣ་ཚོགས་སྤྲུལ་པའི་སྐུ་ལ་གསོལ་བ་བཏབ་པས་རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་བཞིན་དུ་བླ་མ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ངོ་བོ་ཉིད་སྐུར་བལྟས་ཏེ་གསོལ་བ་བཏབ་པས་སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། གཞན་རྣམས་གོ་སླའོ། །ཞེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་བའོ། །

རྩོམ་སྒྲིག་པ། ཀ་དག

47.2K