༄༅། །ཆོས་འཆད་ཚུལ་བཞུགས་སོ། །

ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

༄༅༅། །ན་མོ་གུ་རུ། ཆོས་འཆད་པའི་ཚེ་འབྱོར་ན་མཆོད་པ་དང་ཚོགས་གཏོར་རྒྱ་ཆེར་བཤམས། ཆོས་ཁྲི་མཐོན་པོར་མཛེས་ཤིང་བརྗིད་པའི་གོས་གྱོན་ཏེ་འཁོད་ནས་རང་རྒྱུད་ལ་བརྟགས་ཏེ། སྐྱབས་སེམས་སྔོན་བསྐལ་མ་གུ་རུའི་འཛབ་དབྱངས་ཡན་ལག་བདུན་པ་དང་བཅས་པ་ཐམས་ཅད་ཀྱིས་བཏོན་ཏེ་མཎྜལ་དང་གསེར་འཁོར་ཕུལ་རྗེས་རང་གི་ལུས་ཀྱི་ཀུན་སྤྱོད་མདུན་རྒྱབ་གཡས་གཡོན་སོགས་སུ་ཡོ་བ། ཁ་དང་ལག་པའི་རྣམ་འགྱུར་ངན་པ་སྟོན་པ་སོགས་སྤངས་ནས་ལུས་དྲང་པོར་བསྲང་སྟེ་འཛུམ་པའི་མདངས་དང་ལྡན་པའི་སྒོ་ནས་ཆོས་འཆད་ཚུལ་ཡང་། སྐབས་འཆོལ་བ་དང་། བརྡ་མ་འཕྲོད་པ་དང་། ཚིག་དོན་ནོར་བ་དང་། ཉོན་མོངས་པས་ཀུན་ནས་བསླངས་པས་མི་སྙན་པའི་ཚིག་དང་། ཚིག་མི་གསལ་བ་དང་། ལྷག་ཆད་དུ་གྱུར་པ་དང་། དམ་བཅས་པ་སྔ་མས་ཕྱི་མ་སུན་འབྱིན་པ་ལྟ་བུ་དང་། རང་གི་འཁོར་དང་། གཞན་ལ་འཕྱ་བ་དང་། ཡུལ་གྱི་བརྡ་སྐད་ངན་པ་འདྲེས་པ་དང་། གདུལ་བྱའི་བློ་དང་མི་འཚམས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་སྤངས་ནས། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པའི་བཤད་པ་ནི། བརྡ་གསལ་ལ་འཁོར་རྣམས་ཀྱིས་གོ་བ་དང་། རྣ་བར་སྙན་པས་ཀུན་གྱིས་ཉན་པར་སྤྲོ་བ་དང་། ཚིག་དོན་ངེས་པས་ཐེ་ཚོམ་ཆོད་པ་དང་། དཔེ་དོན་མཁས་པས་ཉན་པ་པོའི་ཡིད་དུ་འབབ་ཅིང་རྟོགས་སླ་བ་དང་། བློ་དང་འཚམས་པས་དོན་དུ་འགྱུར་བ་དང་། སྐབས་སུ་གཏམ་རྒྱུད་ངོ་མཚར་ཅན་བཤད་པས་ཉན་པ་མི་སྐྱོ་བ་དང་། ལུང་རིགས་ཀྱི་སྒྲོམ་ནས་བཏོན་པས་ནོར་འཁྲུལ་མེད་པ་དང་། ཐེག་པ་ཐམས་ཅད་དང་མཐུན་པར་བཤད་པས་ཀུན་ལ་འཐད་པ་དང་། གོ་བདེ་ཞིང་ཡུལ་སྐད་ངན་པ་དང་མ་འདྲེས་པས་ཚིག་གཟུང་བར་འོས་པ་དང་། སྤྲོས་ཤིང་སྡུད་པ་ལ་མཁས་པས་བཤད་པ་རང་དབང་དུ་གྱུར་པ་དང་། སོས་དལ་ཞིང་ཁོང་ཡངས་པས་ཐོག་རྡུགས་དང་ངལ་དུབ་མེད་པའི་འཆད་ཚུལ་ནི། ཡོན་ཏན་འབྱོར་ལྡན་གྱི་བཤད་པ་ཞེས་བྱའོ། །དེ་བཞིན་དུ་ཡིད་ཀྱིས་ཚེ་འདིའི་རང་འདོད་ཀྱི་འཁྲི་བ། རྙེད་པ་དང་བཀུར་སྟི། གཞན་མཐོ་བར་དོགས་པའི་ཕྲག་དོག་དང་ཕྱི་བཤོལ་བྱེད་པའི་ལེ་ལོ། ཡང་ཡང་འཆད་པ་ལ་སྐྱོ་བ་དང་། བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་བར་འདོད་པ་དང་། འཇིག་རྟེན་གྱི་སྙན་གྲགས་ཟས་གོས་ཟང་ཟིང་ལ་བལྟ་བ་སོགས་སྤངས་ནས། སྙིང་རྗེ་ཕན་སེམས་དང་ལྡན་པའི་སྒོ་ནས་འཆད་དགོས་ཏེ། མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། གཞན་ལ་གདམས་ངག་བྱེད་པ་ན། །སྙིང་རྗེ་ཕན་སེམས་ལྡན་པར་མཛོད། །ཅེས་དང་། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླངས་པར་གྱིས། །ཞེས་གསུངས་པ་ལྟར། ཚེ་འདི་ལ་དམིགས་པའི་བྱ་བ་ཐམས་ཅད་དོན་མེད་ཅིང་མི་རྟག་སྙམ་དུ་བསྒོམ་ནས། རང་གི་འདོད་པའི་གཙོ་བོ་ཆོས་རྣམ་དག་བཞིན་བཤད་སྙམ་པ་དང་། སློབ་མ་ལ་ནད་པའི་འདུ་ཤེས། རང་ལ་སྨན་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས། བསྟན་པ་འདི་ཡུན་རིང་དུ་གནས་པའི་འདུ་ཤེས་སོགས་བསྐྱེད་པ་དང་། མདོར་ན་ལུས་ངག་ཡིད་གསུམ་ལྷོད་ཆགས་པའི་ངང་ནས་འཆད་དགོས་སོ། །དེ་ལྟར་ཆོས་ཀྱི་སྦྱིན་པ་བཏང་བ་ནི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་རབ་ཏུ་དགའ་བའི་སེམས་ཀྱིས་ཕུལ་བ་པས། སངས་རྒྱས་ཀྱི་བསྟན་པ་ཉམས་པའི་དུས་ན་ཆོས་ཚིགས་བཅད་གཅིག་སྦྱིན་པ་ཕན་ཡོན་ཆེ། ཇོ་བོའི་ཞལ་ནས། ཕན་བཏགས་པ་ཐམས་ཅད་ཀྱི་མཆོག་བློ་ཆོས་ལ་བསྒྱུར་བ་དེ་ཡིན་གསུངས། མདོ་ལས། སྐྱེ་བོ་མང་པོ་དགའ་བ་དང་། ཆོས་སྲུང་རྣམས་ཀྱིས་བསྲུང་བ་དང་། ལྷ་རྣམས་ཀྱིས་བསྟོད་པ་དང་། མི་མ་ཡིན་གྱི་གནོད་པས་མི་བརྫི་བ་དང་། ཕྱོགས་བཅུར་སྙན་པའི་གྲགས་པ་དང་། ཤེས་རབ་དང་སྤོབས་པ་མི་བཟད་པ་དང་། བླ་ན་མེད་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་གསུངས། ཆོས་བཤད་པ་ལ། ཕར་ཕྱིན་དྲུག་ཚང་ཚུལ་ནི། ཆོས་ཀྱི་ཚིག་དོན་ལེགས་པར་བཤད་པ་སྦྱིན་པ། ཉོན་མོངས་པ་དང་མ་འདྲེས་པར་འཆད་པ་ཚུལ་ཁྲིམས། དཀའ་ཚེགས་སོགས་བཟོད་པ་བཟོད་པ། མི་སྐྱོ་བར་སྤྲོ་བ་བརྩོན་འགྲུས། སེམས་གཞན་དུ་མ་གཡེང་བ་བསམ་གཏན། གང་བཤད་པར་བྱ་བའི་གནས་སོ་སོར་འབྱེད་པ་ཤེས་རབ་པོ། །ཅེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་བའོ། །བཀྲ་ཤིས།

རྩོམ་སྒྲིག་པ། འོད་གསལ་དབང་མོ།

47.2K