༄༅། །བསླབ་བྱའི་སྙིང་གཏམ་ཞིམ་མངར་སྦྲང་རྩིའི་གོང་བུ་བཞུགས་སོ། །

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

༄༅། །དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ།  །སྤྱིར་དམ་པའི་ཆོས་སྒྲུབ་པའི་རྟེན་ལ་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་ལས། དང་པོ་ལྟར་ན་དཔོན་གྱིས་མངའ་རིས་དང༌། འབངས་མིས་ཀྱང་རང་ཁྱིམ་ཆོས་ཀྱི་ལམ་དང་མི་འགལ་བར་སྐྱོང་ཚུལ་དང༌། བརྟུལ་ཞུགས་ཀྱི་གཞི་ལྔ་དང༌། རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཞི་བདུན་སོགས་ལ་བརྟེན་ནས་འཇིག་རྟེན་ཕ་རོལ་གྱི་རྒྱགས་སྒྲུབ་ལུགས་མང་དུ་ཡོད་ཀྱང་བཤད་པའི་སྐབས་སུ་མ་བབ། ཕྱོགས་གཉིས་པ་རབ་བྱུང་ཡིན་ན། དགེ་ཚུལ་སློང་གང་ཡིན་ཀྱང་དེ་དང་དེའི་བསླབ་བྱ་ལེགས་པར་ཉན་ནས་འབད་པ་ཆེན་པོས་སྲུང་བ་གཞིར་བཞག་སྟེ། ཐོས་པ་ལ་དང་པོར་བརྩོན་དགོས། དེ་ལ་སྒྲ་སྙན་སྐར་རྩིས་སོགས་ཀྱང་སྤྱིར་མཁས་བྱའི་གནས་ཙམ་ཡིན་ཀྱང༌། སྙིགས་དུས་ཀྱི་ཚེ་ཐུང་འདིར་དེ་འདྲའི་སྤྲོས་པ་མང་པོ་ལ་གཡེང་ཆེས་ན་ཟན་རྒུམ་ཐུས་པས་ཟན་ལོག་རྦབ་ལ་ཤོར་བའི་དཔེ་བཞིན་འགྱུར་བས། བྱང་ཆུབ་སྒྲུབ་པའི་ལམ་ཚང་ལ་མ་ནོར་བ་འབའ་ཞིག་གཙོ་བོར་བཟུང་ནས་ཅི་ཤེས་བྱེད་དགོས། དེ་བྱེད་ན་སྟོན་པ་སངས་རྒྱས་ནས་བཟུང་སྟེ་ཆོས་བརྒྱུད་ཀྱི་བྱིན་རླབས་བར་མ་ཆད་པར་ཐོབ་དགོས་པས། དཔེ་ལྟས་རྐྱང་པ་ལྟ་བུས་མི་ཆོག་གི། སྐྱེས་བུ་དམ་པ་ལ་བསྟེན་ནས་གདམས་ངག་གི་ཞུན་ཐར་ལེགས་པར་གཅོད། དེ་ཁ་ཕྱིར་བལྟས་ཀྱི་སློབ་གཉེར་ཁོ་ནའི་རྗེས་སུ་མགོ་བོ་མི་འཁོར་བར། རྩེ་གཅིག་ཏུ་སྒྲུབ་ཚུགས་བཟུང་སྟེ་ཐོས་པ་ལ་སྙིང་པོ་ལེན་དགོས་ཀྱང༌། གྲོགས་ངན་འདུ་ལོང་གི་གསེབ་ཏུ་མཐུན་འཇུག་ངོ་བསྲུང་དང༌། དགྲ་གྱོད་འཁོན་གསུམ། ཚོང་སོ་ནམ། བསམ་བློ་འདུན་གྲོས། ཟད་མེད་ངག་འཁྱལ་གྱི་འཁོར་ལོ་སོགས་བྱ་བ་ངན་པ་ལ་མི་ཚེ་ཟད་ནས་སྒྲུབ་པ་རྣལ་མ་ཉིན་གཅིག་ཀྱང་བྱེད་རྒྱུ་མི་འབྱུང་བས་འདུ་འཛི་རྒྱང་བསྲིང་ནས་དབེན་པ་བསྟེན། དབེན་པར་བསྡོད་ཀྱང་བག་མེད་རྣམ་གཡེང༌། སོས་དལ་རོ་ཉལ། དྲན་ཚད་ལག་ལེན་གྱི་ངང་ལ་ནམ་ཟླ་བསྐྱལ་ན་ཕྱུགས་རྫི་རི་ཁར་ཉལ་བ་དང་ཁྱད་མེད་པས། དུས་རྒྱུན་དུ་བློ་ལྡོག་རྣམ་པ་བཞིས་རང་གི་རྒྱུད་བཏུལ་ཏེ། བློ་སྣ་ཆོས་ལ་འགྲོ་བ་དང་། བསམ་རྒྱུ་ཆོས་ལས་མེད་པ། ཡེངས་མ་ལམ་དུ་སྐད་ཅིག་ཙམ་ལུས་ཀྱང་ལོང་མེད་ཀྱི་འདུ་ཤེས་དྲན་སོས་ནང་ནས་བསྐུལ་བ་ལ་བསླབ། དེའང་རེས་མ་སྒོམ་ཀྱང་འོང་ལ། རེས་སྒོམ་ཀྱང་མི་འཆར་བའི་གློ་བུར་གྱི་ངེས་འབྱུང་སྤུ་སུ་ཙམ་སྐྱེ་བ་ལ་སྔོན་དུ་ཚུལ་བཞིན་སྦྱང་དགོས་པའི་ངེས་པ་མེད་ཀྱང་། ངེས་འབྱུང་གི་བསམ་པ་ཆིག་རྐྱ་ཕེར་བ་དང༌། ནམ་དགོས་ཀྱི་དུས་སུ་སླེབ་པ་འོང་བ་ལ་བློ་ལྡོག་རྣམ་བཞི་ཁྲིད་གཞུང་ནས་བཤད་པ་བཞིན་དུ་བསྒོམ་དགོས་པ་ཡིན། ནང་མ་རེ་བཞིན་དེ་རིང་དྲང་སྲོང་གི་གནས་སུ་ཐ་མལ་པའི་ཀུན་སྤྱོད་མི་བྱ་བར་དགེ་སྦྱོར་ཁོ་ན་སྐྱོང་དགོས་སྙམ་དུ་འཕེན་པ་བཏང་། ཐུན་ནང་དུ་ཆོས་བསམ་ལོ་བྱས་ཀྱང་ཐུན་མཚམས་རྣམས་སུ་ཤེས་པ་ངན་ལང་ལ་བཏང་ན་ཡང་སྐྱེད་མེད་ཅིང་རིམ་གྱིས་བློ་དྲེད་ལ་འགྲོ་བས་དུས་ཐམས་ཅད་དུ་རང་གི་རྒྱུད་ལ་བརྟག་ཅིང་དགེ་སྦྱོར་གྱི་རྒྱུན་མི་བརྗེད་པའི་དྲན་པ་ནར་རེ་བསྟེན། དེ་འདྲའི་རྩོལ་བ་ཧ་ཅང་བསྟེན་དྲགས་ནའང་ཞེ་སུན་སྐྱེས་ནས་སྡོད་སྙིང་མི་འདོད་པ་འབྱུང་བས་གྲིམ་ལ་ལྷོད་ཆགས་པ་པི་ཝང་གི་རྒྱུད་ལྟ་བུའི་བརྩོན་འགྲུས་རྩོམ་ཚུལ་ཤེས་དགོས། བར་སྐབས་ཅི་རིགས་པར་གོང་མའི་རྣམ་ཐར་ཉན་ཅིང་བལྟས་ན་བརྩོན་འགྲུས་ཀྱི་བོགས་འདོན་ཡོང་བས་རྗེ་བཙུན་མི་ལ་སོགས་བཀའ་བརྒྱུད་གོང་མ་དང་། ཞི་བྱེད་དང་། སྨྱུང་གནས་ཀྱི་བླ་བརྒྱུད། རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་སོགས་ཀྱི་རྣམ་ཐར་བལྟ་ཞིང་སྤྲོ་བ་བསྐྱེད། དེ་དག་གི་རྗེས་སུ་སློབ་པའི་ཡི་དམ་བཅའ། ནུབ་རེ་བཞིན་ཉིན་དེར་དགེ་སྦྱོར་གྱི་འཕེལ་འགྲིབ་གང་བྱུང་བརྩིས་ལ། འགྲིབ་ནས་སྣང་ན་རང་ལ་ཉེས་པ་བགྲང་ཞིང༌་། སང་ཉིན་ནས་འདི་ལྟར་མ་སོང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་གཏོང་། འཕེལ་བར་འདུག་ན། འདི་འདྲ་དབེན་པ་བསྟེན་པ་ལས་བྱུང་སྙམ་དུ་ཕྱི་ཕྱིར་དབེན་པ་ལ་དགའ་བ་བསྒོམ་ཞིང༌། དཀོན་མཆོག་གི་བཀའ་དྲིན་དྲན་པ་དང་། སྨོན་ལམ་རྣམ་པར་དག་པའི་རྒྱས་འདེབས་སོགས་བྱ། བྱ་བཏང་དང་རྣལ་འབྱོར་པའི་ཤ་ཚུགས་བཟུང་ཡང༌། དེ་ལ་མངོན་རློམས་ཀྱི་གཡའ་ཞུགས། གཞན་ལ་བརྙས་སྨོད་དང་ཁྱད་གསོད་གཏོང༌། རང་ལ་གཞན་གྱིས་བཟང་པོར་མཐོང་དུ་རེ་ཞིང༌། ནང་དུ་ཡོན་ཏན་ཅི་སྐྱེས་ངོམ་ཆོས་སུ་ཁྱེར། རྟོགས་པ་མ་ཤར་བཞིན་དུ་ཆོས་བཤད་ལ་དགའ། དྲོད་མ་ཐོབ་བཞིན་དུ་ཐོ་ཅོ་རྩིང་སྤྱོད་བྱེད་པ་སོགས་ཆོས་མ་འགྲུབ་གོང་ནས་བདུད་འགྲུབ་པའི་རྒྱུ་ཡིན་པས་ས་འོག་གི་གཏེར་དང་ཐལ་དོང་གི་མེ་བཞིན་དུ་སྦས་པའི་བརྟུལ་ཞུགས་བཟུང་། ལར་བློ་ཆོས་སུ་འགྲོ་བ་དང༌། ཆོས་ལམ་དུ་འགྲོ་བ་ཐམས་ཅད་བླ་མ་དཀོན་མཆོག་གི་དྲིན་ལ་རག་ལས་པས་དུས་རྟག་ཏུ་གསོལ་འདེབས་མོས་གུས་ལ་འབད་ཅིང༌། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྟོབས་བཞིའི་བཤགས་པས་སྦྱོང་བ་དང༌། ཚོགས་བསགས་ཀྱི་སྒོ་མང་པོའི་མཐུན་རྐྱེན་བསྟེན་པ་གལ་ཆེ། དེ་ལྟར་མན་ངག་གི་གནད་དང་ལྡན་པས་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོར་བྱས་ན་རིམ་ནས་རིམ་གྱིས་ཕྱིན་ཅི་ལོག་གི་བློ་སྣ་ཤས་ཇེ་ཆུང་། ཕྱིན་ཅི་མ་ལོག་པའི་བློ་སྣ་ཤུགས་ཇེ་ཆེ་དང་ཇེ་མང་ལ་འགྲོ་སྟེ། དེ་འདྲ་བ་ལ་སེམས་འདུལ་བ་ཟེར། སེམས་འདུལ་བ་མིན་པའི་གདམས་ངག་གི་དོན་པོ་གཞན་མེད་དེ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །སྐྱབས་འགྲོ་དང་བློ་ལྡོག་རྣམ་བཞིས་ཆོས་ཀྱི་རྩ་བ་ཚུགས་པ་ན་ཐེག་ཆེན་སྤྱིའི་ལམ་གྱི་སྙིང་པོ་བྱང་ཆུབ་སེམས་གཉིས་ལ་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་སློབ་དགོས་ཏེ། དེའི་ཚུལ་ནི་འདིར་མགོ་མེད་མཇུག་རྡུམ་ཅིག་བྲིས་ཀྱང་གོ་མི་ཆོད་པས་སྤྱོད་འཇུག་དང༌། རྫོགས་ཆེན་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། དྭགས་པོ་རིན་པོ་ཆེའི་ཐར་རྒྱན་སོགས་ལས་ཞིབ་ཏུ་ཤེས་པར་བྱ། ཁྱད་པར་དུ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ཐུན་མོང་མ་ཡིན་པ་ཕྱག་རྫོགས་ཀྱི་རྣལ་འབྱོར་ལ་འཇུག་ན། གཞི་དབང་དང་དམ་ཚིག་གིས་བཟུང་སྟེ། སོ་སོའི་ངོ་སྤྲོད་དང༌། ལྟ་སྒོམ་སྤྱོད་པའི་རྣམ་དབྱེ། གེགས་སེལ་བོགས་འདོན་སོགས་མཁས་གྲུབ་གོང་མའི་གསུང་རབ་དང་། བླ་མ་ཉམས་མྱོང་ཅན་གྱི་ཞལ་གྱི་བདུད་རྩི་ལྟར་ཉམས་སུ་བླང་བས་རིང་པོར་མི་ཐོགས་པར་ས་ལམ་གྱི་ཡོན་ཏན་དབྱར་གྱི་མྱུ་གུ་ལྟར་རྒྱས་པར་འགྱུར་རོ། །ཞེས་པའང་ཡིད་ལྷུང་ལྷ་རུ་དབོན་སྲས་ཀརྨ་ངེས་དོན་ཆོས་ཀྱི་རྒྱ་མཚོ་ཞེས་དམ་པའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པ་གང་གིས་ཕྲིན་ཡིག་གནང་རྟེན་དང་བཅས་པས་བསྐུལ་བ་ལྟར། ཞལ་གདམས་སློང་བའི་དོན་གཉེར་མཁན་གཞན་འགའ་ཞིག་ལའང་ཕན་པར་བསམས་ཏེ། འཇིགས་མེད་བསྟན་ཉིས་རང་གིས་ཆོས་བྱེད་མ་མྱོང་ཡང་། རྒྱལ་སྲས་ཞི་བ་ལྷ་སོགས་ཆོས་ལ་ཉམས་ལེན་མཐར་ཕྱིན་པའི་དམ་པ་རྣམས་ཀྱི་གསུང་རྒྱུན་ཟེགས་མ་ཙམ་བྲིས་པ་མཆོག་ཏུ་དགེ་བར་གྱུར་ཅིག ། །།དགེའོ། །དགེའོ། །བྷ་ཝནྟུ། ཤུ་བྷཾ།། །།

རྩོམ་སྒྲིག་པ། ཨ་ནུ།

47.2K