༄༅། །དགེ་ཚུལ་ངེས་ལེགས་ལ་གསུངས་པའི་ཞལ་གདམས་བཞུགས་སོ། །

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

༄༅། །བླ་མ་དཀོན་མཆོག་མཁྱེན། དེ་མཆོད་བརྗོད་ཡིན། དེང་སང་ལ་ལས་རྒྱུ་ཟས་མེད་པས་ལྟོ་རྒྱབ་ཀྱིས་མི་བཟོད་འདུག་ཟེར་ཞིང་། ཚོང་རྐུ་ཇག་གསུམ་ལ་འགྲོ། འདུན་མ་ཡག་ཉེས་མོ་ཐོབ་དང་ཟེར་ནས་མོ་ཕྱྭ་བྱེད། ཕལ་ཆེར་ལ་མོ་ངན་བབས་ཟེར་ཏེ་བདེན་པར་སྣང་། ཕལ་ཆེར་མི་བསད། རྒྱུ་ཕྲོགས། མཛུབ་མོ་ཁ་ལ་བཅུག་ནས་ཐོན་འདུག །ལ་ལས་དམ་པའི་ཆོས་ཤིག་སྒྲུབ་དགོས་པས་གནས་སྐོར་ལ་འགྲོ། གཉན་ས་འགྲིམ། འདི་ལས་བཟང་བའི་ཆོས་མེད་ཟེར་ཏེ། དེ་ཚོར་འགྲོ་ས་ནས་སྡོམ་པ་ཤོར་བ་དང་༌། འདྲེས་ཁྱེར་བ་སོགས་མང་པོ་ཡོད་པས་དཔྱད་དགོས། ལ་ལ་ཅི་བསམ་འདི་བསམ། སྔར་དཔྱད་ཕྱི་འདང་གང་ཡང་མེད་པར་རོ་ཉལ་བརྒྱབ་སྡོད་དེ། དེ་རིང་ཉལ་བསྡད་པས་མི་ཡོང་། སང་ཉིན་གྱི་ཟ་ཆས་ཞིག་སྔོན་ནས་མ་བསྒྲུབས་ན། བ་ཉལ་བའི་ཁ་ལ། རྩྭ་གནམ་གྱིས་མི་སྤྲོད་པ་ཡིན། ལ་ལས་ད་ལོ་འདི་བྱེད། སང་ཕོད་འདི་ཡོང༌། དེ་དུས་འདི་འདྲ་དགོས་ཞེས་ཕོར་ཆག་ནང་དུ་ཡུལ་གླིང་གི་བཀོད་པ་བྲིས། ཡར་རྒྱུག་མར་མདུར། རྡོ་ལ་བུག་པ་འབུག་ཟེར་ཏེ་གཅིག་རྗེས་གཉིས་མཐུད་མང་པོ་དྲན་རྒྱུ་བྱེད་རྒྱུ་ཡོད་ཀྱང༌། བསམ་པའི་སྟེང་དུ་གོམ་པ་སོང་བ་རེ་ཟུང་ཙམ་རེད། ངས་བསམ་ཚད་ཐིག་ལས་མི་བཟུར། བཤད་ཚད་ས་ལ་མི་ལྷུང་སྙམ་ནས་རང་ལ་བརྩི་འཇོག་གནམ་སྔོན་པོ་ཙམ་ཡོད་པ་རྣམས་ཀྱང༌། བསམ་པ་ལ་ཁར་ལུས་བཞིན་དུ། ཕུང་པོ་དུར་ཁྲོད་དུ་སླེབས་པས་སྐྱོ། ཞེས་པ་ལྟར་འགྲོ་བའི་དུས་ལ་བབས་ཚེ། ཕག་སྣ་བྲག་ལ་ཐུག་པ་ལྟར་ཐབས་མེད་སྟོབས་ཤོར། མཐུ་རྡུག་སྟེ་ཁ་སྐྱ་ཀྲད་དེ། གདོང་མཆི་མ་ཙ་རེ། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་གི་འདུག །དེ་ལྟར་ན་དེ་འདྲའི་རིགས་ཐམས་ཅད་ཐབས་བཟོ་མོ་དང༌། ཐབས་མཁས་པོ་ཡིན་ཡིན་མི་འདྲ། དེ་ཅི་ལ་འདྲ་སྟེ། ཐམས་ཅད་འོལ་ཚོད་མུན་པ་མདའ་འཕེན་དང་། བཟོ་ཆག་ཚད་ལ་མ་ཕབ་པ་ཤ་སྟག་རེད་པས། འདོད་དོན་གྱི་འབེན་ལ་མ་བཅར་བ་དང༌། ལྷག་ཆད་ནོར་འཁྲུལ་སོང་བ་ལ་ཡུས་ཅི་ཡོད། འདོད་དོན་སྒྲུབ་པ་ལ་མི་བསླུ་ངེས་པའི་ཐབས་བཟོ་མོ་ཟེར་བ་དེ། ཐབས་དང་ཐབས་བྱུང༌། ཐབས་མིན་ཉེས་དམིགས་དང་བཅས་པའི་རྒྱུས་ལ་མཁས་པའི་བླ་མས་བསྟན་ཅིང༌། ཐབས་དང་ཐབས་མིན་གྱི་དབྱེ་བ་ལེགས་པར་དཔྱོད་ནུས་པ་མང་པོས་གཏན་ལ་ཕབ་པ་ཞིག་དགོས། ཐབས་དེ་འདྲ་སྟོན་པའི་བླ་མ་དེ་སུ་རེད་ཟེར་ན། སྲིད་པ་གསུམ་ན་བླ་མ་གཅིག །རྐང་གཉིས་ནང་ན་གཙོ་བོ་གཅིག །སྨྲ་བའི་ནང་ན་ཟླ་མེད་གཅིག་སྟེ་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན། ཁོང་གིས་སེམས་ཅན་བདེ་སྐྱིད་དང་སྤྲོད་པའི་ཐབས་བསྟན་ཆེད་མངོན་མཐོ་སྒྲུབ་བྱེད་དང་། ངེས་ལེགས་སྒྲུབ་བྱེད་གཉིས་སུ་འདུ། དེའང་མངོན་མཐོ་ལ་བརྟེན་ནས་ངེས་ལེགས་སྒྲུབ་དགོས་པས། དང་པོར་མངོན་མཐོ་སྒྲུབ་དགོས། དེའི་ཚུལ་མང་ཡང་མངོན་མཐོ་ཁྱད་པར་ཅན་དག་པའི་ཞིང་གི་མངོན་མཐོ་བསྒྲུབས་པའི་སྟེང་ནས་ངེས་ལེགས་སྒྲུབ་པ་འདི་ཐེག་ཆེན་གྱི་མདོ་སྡེ་མང་པོ་ནས་བསྔགས་བསྔགས་པ་ཡིན། དེའི་ནང་ནས་བདེ་བ་ཅན་དུ་སྐྱེ་བ་ལེན་པའི་རྒྱུ་ཚོགས་སྒྲུབ་ལུགས་གླེན་གཏམ་བྱས་ན། སངས་རྒྱས་འོད་དཔག་མེད་རྣམ་པའི་སྒོ་ནས་ཡང་ཡང་ཡིད་ལ་བྱེད་པ་དང༌། ཡན་ལག་བདུན་པ་སོགས་ཀྱི་དགེ་རྩ་མང་པོ་རྒྱུན་མི་གཅོད་པར་གསོག་པ་དང༌། ཐེག་ཆེན་སེམས་བསྐྱེད་ཅི་ནུས་སུ་སྦྱང་བ་དང་། དགེ་རྩ་གང་བསྒྲུབ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་བ་དང་བཞི་པོ་འདི་བློ་ལ་བཟུང་ནས་ཆེ་ཤེས་ཆུང་ཤེས་བསླབ་དགོས། འདི་བཞི་ལ་མང་དུ་བསླབས་ནས་བསྐྱུར་བས་མི་ཆོག །ད་ལྟ་མང་དུ་བསླབ། རྒྱུད་ཐོག་ཏུ་འདྲེས་ངེས་བསླབ། འཆི་རན་དུས་བར་དུ་འཕྲོ་མ་ཆད་པར་བསླབ་ནས། གནས་གང་དུ། རྐྱེན་གང་གིས། སྡུག་བསྔལ་ཆེ་ཆུང་དང་ཡུན་རིང་ཐུང་ཇི་ལྟ་བུའི་ངང་ནས་ཤི་རུང་འཆི་ཁ་བག་ཆགས་སྟོབས་ལྡན་སད་ངེས་པ། རང་ཞེ་རང་ལ་ཁེལ་ཤག་ཤག་བྱ་དགོས། དེ་ལ་ད་ལྟ་རང་གི་སེམས་ཞིང་སྦྱང་གི་ཚོགས་ལ་ཤིན་ཏུ་ལོབ་ཅིང་བྱང་བ། རྟ་རྩལ་ཅན་དལ་བྲེལ་གྱི་གནས་སྐབས་ཀུན་ཏུ་རྟ་ལས་མི་ལྷུང་བ་འདྲ་བ་ཞིག་སྦྱང་དགོས། དེ་ཡོང་བ་ལ་དང་པོ་མི་འགྲུལ་བཅད། སྐད་ཆ་བསྐྱུར། ཕག་ལྟས་ལྐོག་ཉན་སོགས་ལྟ་དགའ་ཉན་སྲེད་མང་པོའི་རྒྱུན་རྦད་ཀྱིས་བསྐུམ་སྟེ། སེམས་ཕྱི་རོལ་དུ་མ་ཤོར་བས་རྒྱུ་ཚོགས་བཞི་པོ་རྩེ་གཅིག་ཏུ་བསྒོམ། འདི་དུས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་བཀོད་པ་རྣམས་ལ་བསྐྱེད་རིམ་གྱི་གསལ་སྣང་འདོན་ལུགས་ལྟ་བུ་མི་དགོས། ད་ལྟ་ཐག་རིང་ན་བླ་མ་བཟང་པོ་བཞུགས་རབས། དེ་ལ་ཡོན་ཏན་འདི་དང་འདི་ཡོད། ཆོས་འདི་དང་འདི་འདྲ་གསུང་། དེའི་བཞུགས་གནས་ན་ཆོས་དང་ཟང་ཟིང་གི་དཔལ་འབྱོར་འདི་ཙམ་ཡོད་སོགས་ཞིབ་ཏུ་ཐོས་ནས། དེ་ལ་བསམ་བློ་མང་དུ་བཏང་བས་དེ་ཁོ་ནས་སེམས་ཕྲོགས་པ་བཞིན་སོང་སྟེ། ཨེ་ཤི་རེ། བླ་མ་དེ་བཞུགས་སར་ནམ་ཐོན་ན། དེར་ཐོན་རྒྱུ་ཞིག་ཡོད་ན་ཕ་མ། ཕུ་ནུ། ཉེ་མཛའ་སོགས་སུའི་ཁ་ལའང་མི་ཉན། སུ་ལའང་བློ་འདྲི་གྲོས་བསྟུན་མི་བྱེད་པར་བུད་མི་འགྲོ་ན་སྙམ་དུ་ཁོ་ཐག་ཆོད་པ་དང༌། དོན་དེ་བརྗེད་མི་ཐུབ་པར་རྒུན་འབྲུམ་གྱི་ཆང་འཐུང་བ་ལྟར་ཡོན་ཏན་གྱི་རོ་མངར་ཡང་མྱང་ན་ཡང་འདོད་པ། ཅི་ཙམ་མྱང་ཡང་ཚིམ་པ་མེད་པ་དེ་ལ་སེམས་ཡང་ཡང་འཁོར་ཡོང་བ་དེ་ངོ་མ་ལྟ་བུ་ཞིག་བྱས་ནས་སྦྱོང་རྒྱུ་རེད། ཞིང་བཀོད་སོགས་འདིར་བྲི་མ་ཐུབ་པས་གཞན་ནས་ཨི་ཤེས་ལྟོས། བདེ་བ་ཅན་ན་ཤིང་དང་ཆུ་དང་མེ་ཏོག་དང་ཟས་གོས་སོགས་ལོངས་སྤྱོད་དང་། རིན་པོ་ཆེའི་ས་གཞིའི་ཡོན་ཏན་སོགས་བཤད་པ་རྣམས་འབྲོག་ན་མར་མོད་རབས་དང་རོང་ན་ཇ་ནས་འབོལ་རབས། ས་སྐྱིད་རབས། མི་བཟང་རབས་བཤད་བསྡད་པ་ལྟ་བུར་གོ་མི་ཉན། སེམས་ཅན་ལས་ངན་སྡིག་ཅན་མང་པོས་བཟུང་བའི་ཡུལ་དུ་དགེ་བ་བྱེད་མཁན་རེ་རེ་གཉིས་གཉིས་ཡོད་ཀྱང་རང་འོད་མི་འབྱིན་ཞིང་སྟོབས་ཆུང་། དེ་སྡིག་པའི་དབང་འབྲས་ཀྱི་ནུས་པ་རེད། དེས་ན་དེ་འདྲའི་ཡུལ་དུ་དགེ་བ་བྱེད་མཁན་ཚེ་ཐུང་། ཁས་དམན། མི་འདོད་པ་གང་ཡང་ཡོང་བ་མང༌། སེམས་ཅན་དགེ་བ་ཅན་མང་པོའི་ལས་ཀྱི་དབང་འབྲས་བདོ་བའི་ཡུལ་དུ་ཆོས་བྱེད་མཐུ་ཆེ། སྨན་དང་རིག་སྔགས་ཀྱི་ནུས་པའང་འཕྲལ་ལ་མཐོང༌། སྨོན་ལམ་དཀར་པོ་འགྲུབ་སླ། དགེ་བའི་སྟོབས་མངོན་ཚན་ཆེ་བ་སོགས་ཡོང་། དེ་བཞིན་དུ་བདེ་བ་ཅན་གྱི་ཞིང་ན་སངས་རྒྱས་འོད་དཔག་མེད་ཀྱི་སྔོན་གྱི་སྨོན་ལམ་དང་། ཚོགས་གཉིས་ཀྱི་མཐུ་ལས་བྱུང་བའི་གནས་དང་ཡོ་བྱད་ཁོ་ན་མ་གཏོགས། སེམས་ཅན་ཐ་མལ་པའི་ལས་ཉོན་གྱི་དབང་གིས་གྲུབ་པའི་ས་ཕྱར་བ་ཙམ་མམ། སྤར་མཐིལ་ཙམ་ཡང་མེད། དེ་ཇི་ལྟར་ཡིན་ན། ཞིང་དེའི་ལྗོན་ཤིང་གཅིག་ཙམ་མམ། མེ་ཏོག་རྡོག་གཅིག་ཙམ་ལའང་སངས་རྒྱས་འོད་དཔག་མེད་ཀྱི་སྔོན་སྨོན་དང་སྤྱོད་པའི་ལག་རྗེས་འདི་དང་འདི་ལྟར་ཡོད། དེའི་དབང་གིས་ཞིང་དེར་ཐེག་ཆེན་གྱི་ལམ་བསྒྲུབ་པ་ཐམས་ཅད་སྟོབས་ཆེ། ཤུགས་དྲག །འགྲུབ་མྱུར། ཚེགས་ཆུང་ཞེས་བསྟན་པ་རེད། དེའི་བར་སྐབས་ཐམས་ཅད་དུ་བཟང་སྤྱོད་སྨོན་ལམ་ཅི་ཐུབ་འདོན། ལར་འདི་དུས་འདོན་པ་གཙོ་བོར་མི་བྱེད། བསམ་རྒྱུ་གཙོ་བོར་བྱེད། དེའང་ལྷོད་ཆེས་ནས་རྣམ་གཡེང་གི་རླུང་གིས་ཁྱེར་བ་དང༌། དམ་དྲག་ནས་ཤེས་པ་སྣ་སུན་ལ་འགྲོ་བ་གཉིས་གང་ཡང་མི་བྱ་བར་གྲིམ་གྱི་ནང་ན་ལྷོད་ཡོད་པ་གཞུ་བདུངས་པའི་རྒྱུད་འདྲ་བ་དགོས་ཤིང༌། ཡུན་ཐུང་གྲངས་མང་ཁང་རྒན་ཆུ་ཐིག་གི་དཔེ་བཞིན་ག་ལེ་བསླབ། ངལ་བསོ་ལ་སྡོད་སྐབས་རྣམས་སུ་ཡང༌། རྩ་བའི་དམིགས་པ་བཏང་བ་ཙམ་མ་གཏོགས། དེ་དང་ཕྱོགས་གཏན་ནས་འཛོལ་བའི་ཚོང་དང་གྱོད་དང་ཁྱིམ་གྱི་སོ་ནམ་སོགས་ལ་རྟོག་པ་སྤྲོ་མི་ཉན་པས། དགེ་བ་དང་ལུང་མ་བསྟན་གྱི་སེམས་ལ་ངལ་གསོ། ཚུལ་དེ་ལྟ་བུས་ལོ་རེའི་ནང་དུ་ཟླ་བ་གསུམ་རེའམ། རེ་རེའམ། ཐ་ནའང་ཞག་བཅུ་རེ་ལྟ་བུར་བཅད་རྒྱ་བྱས་ནས་བསྒོམ། དེ་དག་གི་དུས་སུ་བསྒོམ་པ་དེ་དུས་གཞན་ཐམས་ཅད་དུའང་ཁྱེར་ནས་དཔའ་བོའི་རལ་གྲི་སྐེད་དང་མི་འབྲལ་བ་བཞིན་དུ་འགྲོ་འདུག་ཟ་ཉལ་སོགས་སྤྱོད་ལམ་དང་སྤྱོད་པ་ཐམས་ཅད་ལ་སླེབས་གང་ཐུབ་བྱ། ནངས་པར་ལང་ཚེ་བླ་མ་འོད་དཔག་མེད་དང༌། རྒྱལ་སྲས་ཐུ་བོ་རྣམ་གཉིས་སོགས་ལ་དམིགས་ནས་ཕྱག་གསུམ་རེ་བཙལ་ཏེ། དེ་རིང་གི་ཉི་མ་འདི་དྲོན་ཛར་ལ་མི་གཏང་བར་བདེ་བ་ཅན་དུ་འགྲོ་བའི་རྟ་ཁལ་དང་གྲོ་རྒྱགས་ཚགས་སུ་ཅི་ཚུད་བྱ་དགོས། མི་གཞན་མའི་རྟ་ཁལ་གྱིས་ཉི་མ་བཅའ་བཅུ་ལ་ཨེ་འཕོང་མི་འཕོང་བཤད་གི་འདུག་པས་དེས་བདེ་བ་ཅན་དུ་འཁྱོལ་བའི་རེ་བ་མི་འདུག །ཇའི་རྩིགས་པ་བརྒྱབ། མར་གྱི་ཡ་དོ་བརྩིགས། ནས་རྐྱལ་གྱི་རག་ཐེན། ཤ་ཐུད་མར་ཁུའི་ཁྲོད་དུ་འབོགས་རྐྱལ་བྱེད་གི་ཡོད་པའི་ཕྱུག་པོ་ཐམས་ཅད་རྩམ་ཁུག་དང་ཁ་ཕོར་ཚུན་ཆད་ཤུལ་དུ་བསྐྱུར་ནས་བུད་སོང་བས་དེ་འདྲའི་གྲོ་རྒྱགས་ཅི་ཙམ་ཡོད་ཀྱང་ཚེ་ཕྱི་མ་མི་དགོས། བར་དོའི་འཕྲང་ལ་ཡང་འཁྱེར་ཐབས་མི་འདུག །དེས་ན་རང་ཉིད་ད་གཟོད་གནས་གཏན་འཕོ། ཡུལ་གཏན་བརྗེ་བྱས་ནས། ཤི་དང་འཕོ་དང་ཤི་འཕོ་དུས་བྱས་པ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཞེས་གསུངས་པ་ལྟར། ཁ་མི་འཁོར་གྱི་སར་འགྲོ་དུས། ཞོན་རྒྱུའི་རྟ། འདེད་རྒྱུའི་ཁལ། འཚོ་བའི་རྒྱགས། འགྲོགས་པའི་གྲོགས་ཐམས་ཅད་ཀྱི་སྐལ་པ་རྒྱུ་ཚོགས་གོང་སྨོས་བཞི་པོ་ཁོ་ན་མ་གཏོགས་ཅི་ཡང་མེད། ད་རེས་ཀྱི་ཚེ་མཇུག་འདི་ལ་ཉེའུས་ཀོ་མོག་ལ་རྒྱ་མཚོར་ཤེས་པ་བཞིན་དུ་རིང་པོ་ཞིག་ཡོད་སྣང་ཤར་ནས་རང་གིས་རང་བསླུས་པ་མ་གཏོགས་དོན་ལ་ལུག་གི་རྔ་མ་གཡུག་པ་ལྟར་ཐུང་རྩེད་དེ་བ་ཞིག་ལས་ཅི་ཡང་མེད། ཚེ་ཕྱི་མ་ཟེར་རྒྱུ་དེ་རིང་ཚད་ཐུང་ཚད་འདི་ཙམ་ཞེས་འཇོག་རྒྱུའི་མཚམས་མི་ཟིན་པ་ཞིག་ཡིན་ཏེ། འཁོར་བ་ཡ་མཐའ་ཐུག་མེད་ནས་ད་བར་འོང་བ་ལ། མགོ་ནས་རྫོགས་ཏེ་རྔ་མ་ལ་ཟད་འགྲོ་རྒྱུ་མེད་དུས། ད་དུང་ཡང་དེ་འདྲ་བ་ཞིག་ལོས་ཡིན་ཏེ། སྐྱེ་བོའི་རྗེས་སུ་སྤྱོད་པའི་འཁོར་བ་བས། །དེ་བས་ཆེས་མང་བ་ཞིག་བཏུང་འཚལ་ལོ། །ཞེས་གསུངས། དེས་ན་ང་རང་ལ་ཚེ་ཕྱི་མའི་རྟ་གྲོ་རོགས་གསུམ་བསྡུ་ཚག་བྱེད་པ་འདི་ལས་གལ་ཆེ་བའི་ཁེབ་གཅིག་ཀྱང་མེད་པས། འདི་ཁོ་ན་ལ་ཧྲིལ་གྱིས་འདྲིལ་སྙམ་དུ་འཕེན་པ་ཤུགས་དྲག་གཏོང༌། དར་ཅིག་མལ་དུ་བསྡད་ལ་སྔར་བསྒོམ་པའི་རྒྱུ་བཞི་ཚང་བའམ། མིན་ཀྱང་ཤ་ཆོད་རུས་ཆོད་གསོས་བཏབ། དེ་ནས་མེ་འབུད་ཇ་བསྐོལ་སོགས་ཀྱི་ཚེ་ཡང་དེའི་རྩི་དང་མི་འབྲལ་བ་ཅི་ཡོང་བྱེད། གཞན་དུ་འགྲོ་དུས་ཀྱང་འདི་བཞིན་དུ་རང་གཞན་སེམས་ཅན་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཆོས་མཉན་པའི་ཕྱིར་རྫུ་འཕྲུལ་གྱིས་འགྲོ་བར་ཤོག་ཅིག་ཅེས་དང་། རང་ཁྱིམ་དུ་ཡོང་དུས་འདི་བཞིན་འོད་དཔག་མེད་ཀྱི་སྤྱན་སྔར་སླར་འཇུག་པར་ཤོག་ཅིག་དང༌། ཟས་ཟ་དུས་འདི་བཞིན་དུ་བདེ་བ་ཅན་དུ་བསམ་གཏན་དང་ཆོས་ཀྱི་དགའ་བའི་ཟས་ལ་སྤྱོད་པར་དང་། སྐད་ཆ་ཆལ་ཆོལ་ལབ་དུས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང་ལྷན་ཅིག་སྨྲ་བར་དང༌། ཉོ་ཚོང་དུས། ཡང་ན་རིག་པ་རིག་པ་བརྗེ། ཟེར་བ་ལྟར་བྱང་སེམས་རྣམས་དང་ཆོས་ཀྱི་ཉོ་ཚོང་གིས་དུས་འདའ་བར་ཤོག་སོགས་རྩལ་སྦྱང་ན། ཚིག་ཟིན་གྱི་ཁུངས་མི་སྣང་ཡང་མདོ་སྡེ་རྒྱན་དུ། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །སོགས་དང་༌། མདོ་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ་དང་ཤིན་ཏུ་འགྲོས་མཐུན་པས་མི་ལེགས་པ་ཅི་ཡོད་སྙམ། གཞན་ཡང་འཇིགས་སྐྲག་དང་སྡུག་བསྔལ་གྱི་ཡུལ་རྐྱེན་མང་པོས་ཡིད་སྐྱོ་བ་ན་བདེ་བ་ཅན་དུ་འགྲོ་དགོས་པའི་བྱ་གཏོང་དུ་ཤེས་པ་དང་། བདེ་སྐྱིད་ཀྱི་ཡུལ་རྐྱེན་ཉམས་དགའ་བས་སེམས་བྲིད་པ་ན་བདེ་བ་ཅན་གྱི་བདེ་བ་དང་བདེ་བའི་རྒྱུ་ཚོགས་ལ་བསམ་ཚེ། སྦྲང་ཚང་ལྟར་རྒྱ་ཆུང་བ། དུར་ཁྲོད་ཀྱི་རྫས་ལྟར་ངན་ཞིང་སྨད་པ། དུག་ཅན་གྱི་ཟས་ཞིམ་ལྟར་མཐའ་ངན་པ་འདི་འདྲ་ལ་དགའ་རྒྱུ་ཅི་ཡོད། ང་བདེ་བ་ཅན་དུ་འགྲོ་བའི་ལམ་རྒྱགས་བོར་ནས་འདི་འདྲའི་ནང་དུ་མགོ་འཁོར་བ་ནི་ལྷའི་རྒྱལ་སྲིད་བསྐྱུར་ནས་སྲིན་མོའི་འཛུམ་དཀར་ལྟ་བ་དང་འདྲ་སྙམ་དུ་དྲན་པ་བསྟེན། སྡུག་པ་ཡིད་འོང་གི་དངོས་པོ་ཅི་མཐོང་བ་དང༌། ཟས་གོས་ལ་ལོངས་སྤྱོད་པ་སོགས་ཀྱི་ཚེ་སངས་རྒྱས་འོད་དཔག་མེད་མཆོད་སྙམ་པ་སོགས་མདོར་ན་རྒྱུ་བཞིའི་ཕྱོགས་ཀྱི་དྲན་འདུན་མ་བོར་བ་བྱེད། ནུབ་མོ་ཉལ་ཁར་དེ་རིང་རྒྱུ་བཞི་ལ་བག་ཆགས་ཅི་ཙམ་ཐེབ་པ་བྱས་འདུག །ཕྱུག་པོས་འདུ་འགོད་རྩི་རྩི་བྱས་ནས་ཆེར་མ་བྱུང་འདུག་ན། ང་རང་ལོ་སུམ་ཅུ་ལྷག་ལོན་ཚར། མྱི་ཚེ་གཅིག་ལ་ལོ་མང་མེད་དེ། ད་འདུག་ལོང་ཅི་ཙམ་ཡོད་སུས་ཤེས། ལོ་གཅིག་ལ་ཟླ་བ་བཅུ་གཉིས། ཟླ་བ་གཅིག་ལ་ཞག་སུམ་ཅུ་ལས་མེད། དེའི་གཅིག་དེ་རིང་ཡིན། ལོང་ཡོད་ཡོད་ལ་སོང་ན་ཉི་མ་ལུས་འཕགས་གླིང་གི་ཕྱེད་སྟེང་གི་ནམ་མཁའ་ལ་སླེབས་པ་ནས་བཟུང་སྟེ། བ་གླང་སྤྱོད་ཀྱི་ནམ་མཁའ་ལ་ཐོན་འགྲོ་བའི་བར་ན་དཔག་ཚད་ཁྲི་ཚོ་བཅོ་ལྔ་སྐོར་ཡོད། དེ་རྫོགས་རིང་ལ་ངས་འདུན་མ་རླུང་ལ་བསྐུར་ནས་ལག་སྟོང་ཁར་བཅུག་རྒྱུ་རེད་འདུག །སྙིགས་དུས་ཚེ་ཐུང་གི་མིར་སྐྱེས། འབྱུང་བ་བཞི་དང་གདོན་རྒོད་སོགས་འཆི་རྐྱེན་རགས་ལ་མང་བའི་ནང་དུ་རླུང་གསེབ་ཀྱི་མར་མེ་ལྟར་གནས་པས་དེ་རིང་ཁོ་ནར་མ་ཤི་བ་ཡང་སངས་རྒྱས་ཀྱི་བཀའ་དྲིན་ཡིན་པ་ལ། དེ་ཆུད་ཟོས་ལ་བཏང༌། མདོ་ཤོར་ཟེར་ན་དེ་ལ་ཟེར། བློ་ཉེས་ཟེར་ན་དེ་ལ་ཟེར། རྩམ་ཁུག་ཁྱིས་ཁྱེར་དུས་དེ་རིང་ང་ལ་གྱོང་བརྡབ་ཟེར་བའི་རྐེ་མིན། ཧ་བོ། ཧ་བོ། སྙམ་དུ་ཡང་ཡང་བསམ་ལ། སང་ཉིན་མ་ཤི་བར་མགོ་བོ་བཏེགས་རྒྱུ་ཡོད་ན་ནི་དེ་འདྲ་བྱེད་རེ་ཤི་ཞེས་དམ་བཅའ་བཟུང་། རྒྱུ་བཞི་དགའ་ཚད་བསོགས་འདུག་ན། ཨ་ལེ། ངས་དེ་རིང་སངས་རྒྱས་བྱུང་བ་མཉེས་པར་བགྱིས་སོ། །དེ་རིང་ངའི་མགོ་ལ་ཉི་མ་ཤར་བ་ལ་དོན་འབྲས་བྱུང་ངོ་། །འདི་ལྟར་ང་རང་བེམ་གོག་མི་མཇེད་ཀྱི་ཞིང་དུ་ཡོད་ཀྱང༌། བདེ་བ་ཅན་དུ་སྔ་སྐྱས་བཏེགས་ཟིན་ཏེ། སྐྱིད་པའི་མགོ་ཚུགས་སོ། །ཕྱིའི་རྟེན་འབྲེལ་ལ། རྒྱུ་ཡུངས་ཀར་གྱི་བཞི་ཆ་ཙམ་ལས་ནྱ་གྲོ་དྷའི་སྡོང་པོ་དཔག་ཚད་ཙམ་སྐྱེ་ལ། དེ་བས་ནང་གི་རྟེན་འབྲེལ་ཤིན་ཏུ་འགྱུར་ཆེ་བར་གསུངས་པས། དུས་དེ་རིང་ཁོ་ནར་ཛམ་གླིང་གི་རྡུལ་གྲངས་དང་མཉམ་པའི་ལོར་ལྷ་དང་མིའི་བདེ་བ་མྱོང་བ་དང༌། རྒྱལ་སྲས་ཀྱི་ལམ་བཟང་སྒྲུབ་པའི་ས་བོན་བཏབ་འདུག །འོན་ཀྱང་དེ་རང་ཉིད་བཟང་བའི་ཤེ་མོང་མ་རེད། སངས་རྒྱས་དང་བླ་མའི་དྲིན་རེད། རུས་སྦལ་ནམ་མཁའ་ལ་འགྲོ་བ་རང་ཤེད་མ་རེད། ངང་པའི་ཤེ་མོང་རེད། ད་དུང་ཅོལ་ཆུང་མགོ་ཡང་བྱས་ན་ཁ་ནས་ཤིང་ལོ་འཆོར། དེ་ཤོར་ན་འགྲོ་ས་མཐོ་བས་མི་ཕན། ཐུར་དུ་ལྷུང་ཡོང་བས། སང་ཉིན་ཕན་ཆད་ཀྱང་དགེ་སྦྱོར་གྱི་འཕྲོ་ཇེ་བཟང་ལ་གཏོང་དགོས་སྙམ་དུ་འཕེན་པ་གཏོང་ཞིང༌། ཉལ་བའི་འོག་ཏུ་བདེ་བ་ཅན་གྱི་སྣོད་བཅུད་ལ་སེམས་གཏད་དེ་གཉིད་ལོག །དེ་ལྟར་བྱས་ན་རིམ་གྱིས་དགེ་བའི་བག་ཆགས་ཤུགས་རྗེ་ཆེར་འཕེལ་བའི་རྟགས་སུ་རྨི་ལམ་ན་ཡང་ཞིང་བཀོད་དྲན་པ་དང་། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་རྨི་བ་སོགས་འོང༌། དེ་ནས་ཀྱང་སྒོམ་འཕྲོ་རླུང་ལ་མ་བསྐུར་ན། ངེས་པར་ཕྱི་མའི་ཚེ་ལ་བདེ་བ་ཅན་དུ་རྣམ་འདྲེན་འོད་དཔག་མེད་ཀྱིས་རྗེས་སུ་འཛིན་པར་འགྱུར་རོ། །ཞེས་པའང་དགེ་ཚུལ་ངེས་ལེགས་ཀྱི་ནན་ངོར་བསྟན་པའི་ཉི་མས་ཤ་ཟིན་སྤུ་ཟིན་བྲིས་པ་དགེ་བར་གྱུར་ཅིག ། །།

རྪོམ་སྒྲིག་པ། ཨ་ནུ།

47.2K