༄༅།།རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་རྣལ་འབྱོར་པ་སྒྲོལ་བའི་ལས་བྱེད་མཁན་རྣམས་ལ་གདམས་པ།

རྣལ་འབྱོར་པས་སྒྲོལ་བའི་ལས་བྱེད་པ་ལ། དང་པོ་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལྟ་བས་གཏན་ལ་ཕབ། སྒོམ་པའི་ཏིང་ངེ་འཛིན་གྱིས་གོམས་པར་བྱས་ནས་རྣམ་པར་རྟོག་པའི་སྲོག་རང་བཞིན་སྐྱེ་བ་མེད་པའི་དབྱིངས་སུ་གཅོད་པ་ནི་རྟོགས་པས་བདག་བསྒྲལ་བ་ཞེས་བྱ་བ་ཡིན་ཏེ། གསང་བ་སྙིང་པོ་ལས། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱའོ། །ཞེས་སོ། །ཐུགས་རྗེས་གཞན་སྒྲོལ་བ་ནི། དགྲ་བོ་འདིས་ང་ལ་གནོད་པ་འདི་བྱས། ངའི་ཡོན་བདག་ལ་གནོད་པ་འདི་བྱས་སྙམ་ནས་དགྲ་ལ་ཞེ་སྡང་དང་སྦྱིན་བདག་ལ་ཆགས་པ་སྐྱེས་ནས་དགྲ་འདི་བསྒྲལ་དགོས་སྙམ་ན་ཆགས་སྡང་འཁོར་བའི་རྒྱུ་ཡིན་པ་མདོ་རྒྱུད་དུ་མ་ནས་གསུངས་ཡོད་མོད། དེས་ན་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་ཡིན་པ་ལ་རང་ངོ་རང་གིས་མ་ཤེས་པར་ང་མེད་ལ་ང་རུ་བཟུང་། བདག་མེད་ལ་བདག་ཏུ་བཟུང་ནས་མཐའ་མེད་འཁོར་བའི་གནས་སུ་འཁྱམས་པ་འདི་རྣམས་སྙིང་རེ་རྗེ། གང་དག་ཞི་བས་མི་འདུལ་བ་དག་ལ་བདག་གིས་མངོན་སྤྱོད་དྲག་པོས་བསྒྲལ་ནས་སངས་རྒྱས་ཐོབ་པ་ཞིག་ཅི་ནས་ཀྱང་བྱ་སྙམ་པའི་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བ་ཞིག་ཅི་ནས་གལ་ཆེ། དེ་ནི་དོན་གྱི་སེམས་ཟེར་བ་ཡིན། སྟོངས་ཀྱི་སེམས་ནི་ལས་ལ་སྦྱོར་ཚེ་ཁྲོ་ཞིང་གཏུམ་པའི་སེམས་དང་ལྡན་པས་བདག་མདུན་གྱི་ལྷ་ཐམས་ཅད་སྐུ་མདོག་ནག་པོ་རབ་ཏུ་ཁྲོ་བ་དྲག་པོའི་ལས་ལ་རྔམས་པའི་ཚུལ་དུ་བསྐྱེད་དེ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཕོ་ཉ་ཕྱག་རྒྱ་བཞིའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ངར་འཛིན་གྱི་དགྲ་བོ་དང་ཁྱད་པར་དུ་དམིགས་བྱ་གང་ཡིན་པ་དེ་སྙིང་རྗེའི་ལྕགས་ཀྱུས་སྙིང་ནས་དྲངས། བྱམས་པའི་ཞགས་པས་སྐེ་ནས་བཅིང༌། དགའ་བའི་ལྕགས་སྒྲོག་གིས་ཡན་ལག་བསྡམ། བཏང་སྙོམས་ཀྱི་དྲིལ་བུས་དབང་པོ་མྱོས་པར་བྱས་ཏེ་ལིངྒ་ལ་ཕྱེ་མར་ཆུ་བླུག་པ་བཞིན་ཐིམ་པས་ཏིང་ངེ་འཛིན་གྱི་གནད་དང་ལྡན་པས་བཀུག་རྗེས། བསྒྲལ་བ་དངོས་ལ་བབས་ཚེ། རང་དཔལ་ཆེན་པོ། སྒྲོལ་ཕུར་བཛྲ་ཀཱི་ལ་ཡ། དམིགས་བྱ་ཞིང་བཅུ་ཚང་བ་དངོས་སུ་གསལ་ཏེ་ཕུར་པ་ཁོའི་སྙིང་གར་དྲིལ་བས་ཚེ་བསོད་ནམས་ཐམས་ཅད་རྣྲི་ལྗང་གུའི་རྣམ་པར་བདག་ལ་ཐིམ་པས་བདག་འཚེང་། བསྒྲལ་བྱའི་རྣམ་ཤེས་ཨ་དཀར་པོའི་རྣམ་པ་དེ་རང་གི་ཤངས་བུག་ནས་དྲངས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་ལ་བབས་ཧཱུྃ་ཡིག་ཏུ་གྱུར་སྡིག་སྒྲིབ་ཐམས་ཅད་དག་ནས་རྡོ་རྗེ་སེམས་དཔའི་རྣམ་པར་མཁའ་ནས་ཐོན་ཟླ་དཀྱིལ་ལ་གནས་པ་རླུང་གིས་བཏེགས་ནས་འོག་མིན་དུ་ཕཊ་ཀྱིས་འཕང་བས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པས་དགྲ་འཚེང་། རྣམ་སྨིན་གྱི་ལུས་ཡེ་ཤེས་ཀྱི་མཚོན་ཆས་གཏུབས་ཏེ་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་ལྷ་འཚེང་སྟེ་འཚེང་བ་གསུམ་དང་། བདག་དཔལ་ཆེན་པོར་གསལ་བས་ལོག་པའི་སྐྱོན་བསལ། ཕུར་པ་སྲས་མཆོག་ཀཱི་ལ་ཡར་གསལ་བས་རྡུག་པའི་སྐྱོན་བསལ། དམིགས་བྱ་ཞིང་བཅུ་ཚང་བ་དངོས་སུ་གསལ་བས་འབྱམས་པའི་སྐྱོན་བསལ་བའོ། །དེ་ལྟ་བུའི་དགོངས་པ་དང་ལྡན་ན་སྔགས་པ་ཕུར་སོའི་ཁ་ནས་འཚང་རྒྱ་བའི་གདམས་ངག་ཡིན་ཏེ། ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པའི་དོན་ནོ། །དེ་ལྟར་མ་ཡིན་པར་ལྷ་རང་རྒྱུད་དུ་བཟུང༌། སྔགས་ལོག་པར་བགྲངས། རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ཆགས་སྡང་གཉིས་ལས་མ་འདས་པའི་ལྷ་དྲག་པོ་ཞིག་གཞན་ན་ཡོད་པར་བཟུང༌། དེ་འགྲུབ་ཏུ་རེ་ནས་དྲག་སྔགས་མང་པོ་བགྲང་། འདྲེ་བགེགས་ལ་ཞེ་སྡང་དྲག་པོ་བསྐྱེད་ནས་ཧཱུྃ་སྒྲ་དང་ཕཊ་སྒྲས་ལུང་པ་བཀང་ནས་མིག་སྡང་མིག་བསྒྲད་ཀྱང་འདྲེ་སེམས་ཀྱི་རྣམ་རྟོག་གི་རྩལ་ཡིན་པར་མ་ཤེས་ན། འདྲེ་ཞེ་སྡང་གི་རང་གཟུགས་ལ་ཞེ་སྡང་བ་བསྐྱེད་ན་མེ་འབར་བའི་སྟེང་དུ་ཤིང་བསྣན་པ་དང་འདྲ་བས། སྦ་རྒྱབ་དང་གནས་བརྟན་མུ་གེའི་རྣམ་ཐར་དྲན་དགོས་སོ། །འདྲེ་སྙིང་རྗེས་འདུལ་དགོས་ཏེ། ལྷ་བསྐྱེད་དང་སྔགས་བཟླ་ཤེས་པའི་འདྲེ་མང་པོ་མཐོང་ཆོས་སུ་གྲུབ་སྟེ། སྙིང་རྗེ་ཅན་གྱི་འདྲེ་མི་སྲིད་དོ། །དེས་ན་ལྷ་ཁྲོ་བོ་ཡང་ཞི་བས་ཞེ་སྡང་ལངས་ཏེ་ཁྲོ་བོའི་སྐུར་བཞེངས་པ་ནི་མིན་མོད། ཉན་ཐོས་རྣམས་ལའང་ཞེ་སྡང་མེད་ན་སངས་རྒྱས་ལ་ལྟ་ཅི་སྨོས། དེའི་ཕྱིར་ན་བདག་འཛིན་གྱི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་ལྷ་སྐུའི་ཕྱག་རྒྱར་སྣང་བ་ལས། གཞན་ན་ཁྲོ་བོ་ཞེས་ཁ་གདངས་མིག་བསྒྲད་ནས་རྒྱུན་དུ་ཁྲོས་ཡོད་པའི་རང་མཚན་པ་ཞིག་ཡོད་པ་རྒྱུད་སྡེ་གང་ནའང་མ་བཤད་དེ། ཞི་བ་རང་རྒྱུད་དུ་བཟུང་ན་འདོད་ཁམས་ཀྱི་ལྷ་དང༌། ཁྲོ་བོ་རང་རྒྱུད་དུ་བཟུང་ན་ལས་ཀྱི་གཤིན་རྗེར་སྐྱེ་བར་གསུངས་པས། དེང་སང་གྲོང་ཆོག་པ་རྣམས་ཀྱི་མཐའ་གྱེན་དུ་མི་འགྲོ་བ་ནི། ལྷ་དང་འདྲེ་གཞན་དུ་བཟུང་ནས། སྦྱིན་བདག་ལ་ཆགས། འདྲེ་ལ་སྡང་ནས་རྒྱལ་བའི་བཀའ་ཆགས་སྡང་གིས་བསླད་ནས་རང་གཞན་གཉིས་ཀ་གནས་སྐབས་རྒྱལ་འགོང་དང༌། མཐར་དམྱལ་བའི་རྒྱུ་བསྒྲུབ་པ་འདིས་ལན་པ་ཡིན། དེ་མིན་ན་ཞི་བའི་དབང་བསྐུར་བ་དང༌། དྲག་པོའི་མནན་བསྲེག་འཕང་གསུམ་བྱེད་པ་གཉིས་ཀ་སྣང་ཚུལ་མི་མཐུན་ཡང༌། དོན་ལ་དམིགས་བྱའི་སྒྲིབ་པ་སྦྱངས་ཤིང་གནས་སྤར་བ་ལ་ཁྱད་མེད་པས་དབང་བསྐུར་བ་ལ་བཟང་པོ་དང༌། མནན་བསྲེག་འཕང་གསུམ་ངན་པར་བཟུང་ན་སངས་རྒྱས་ཀྱི་ཆོས་ལ་ལར་བཟང་བར་འདུ་ཤེས་ལ་ལར་ངན་པར་འདུ་ཤེས་ན་ཆོས་སྤོང་གི་ལས་ཡིན་པས་གནད་ཤེས་པ་གལ་ཆེ་ཞིང༌། ཁྱད་པར་མནན་བསྲེག་འཕང་གསུམ་གང་གི་ཚེ་ནའང༌། རང་རྒྱུད་ཆགས་སྡང་གིས་བསླད་དེ་རྒྱལ་ངན་དུ་སྐྱེ་བའི་རྒྱུ་མི་བསགས་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པ་ཞིག་གལ་པོ་ཆེའི་གནད་དམ་པ་ཡིན་པས་གྲོང་ཆོག་པ་དག་གིས་ཐུགས་ལ་ཞོག །རེམ་རེམ། སྐུ་མཁྱེན་གསུང་མཁྱེན་ཐུགས་མཁྱེན། ཞེས་པ་འདི་ནི་གྲོང་ཆོག་པ་མི་ཚེ་སྟོང་ཟད་མཁན་རྣམས་ལ་ཕན་པའི་བློས་ཨ་བྷྱཱའི་མིང་གིས་བྲིས་པ་སྟེ། ཐོག་མཐའ་བར་དུ་དགེའོ།། །།

རྩོམ་སྒྲིག་པ། ཀློང་གསལ།

47.2K