༄༅། །རྣལ་འབྱོར་སྨྱོན་པའི་གླུ་བཞུགས་སོ། །

༄༅། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐོག་མར་གང་གིས་བསྐྱེད་མཛད་པའི། །སྟོང་དང་སྙིང་རྗེ་ཟུང་འཇུག་ཕུལ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །འགྲོ་ཀུན་འཁོར་བ་ཐོག་མེད་ནས། །ཐ་མ་ད་ལ་ཐུག་གི་བར། །བདག་འཛིན་ཟེར་བའི་དགྲ་བོ་འདིས། །རྒྱུ་མེད་པར་ཡང་སྡུག་ཏུ་བཅུག །སྲིད་པའི་གནས་རིས་མཐོ་དམན་དུ། །བཅད་གཤོག་འདྲལ་སོགས་གྲངས་མེད་མྱངས། །ད་དུང་སྲིད་པ་ཇི་སྲིད་བར། །དོན་མེད་སྡུག་ལ་སྦྱོར་བྱེད་ན། །དགྲ་བོ་མཐོང་ཚེ་མཚོན་ལྷོང་བཞིན། །ཐེག་ཆེན་བློ་སྦྱོང་ཅིས་མི་སྒོམ། །འདི་ན་འཕྲལ་གྱི་དགྲ་ཙམ་ལ། །མི་བཟོད་ཁྲོ་བ་སྐྱེད་བྱེད་ན། །ཐོག་མེད་དུས་ཀྱི་ཕུང་བྱེད་པའི། །དགྲ་ལ་བཟོད་པ་སུ་ཞིག་སྒོམ། །གཞན་དག་བཏུད་ན་གཉེན་འགྱུར་མོད། །འདི་ལ་བཏུད་བཞིན་ཆེས་ཆེར་བསླུ། །སྔོན་གྱི་རྒྱལ་བ་དཔག་མེད་ཀྱང་། །དགྲ་འདི་བཅོམ་ནས་བཙན་སར་གཤེགས། །འགྲོ་འདི་དེ་བློ་གཏོད་པས་བསླུས། །ཁེ་ཉེན་འདམ་ཁ་ད་རེས་ཡིན། །དགྲ་མགོ་ཡན་པར་མི་གཏོང་བ། །དཔའ་བའི་ནང་ནས་དཔའ་ཆེན་ཏེ། །དེ་དང་མཉམ་པ་གཞན་ཡོད་མིན། །སྔོན་ཆད་འཁོར་བ་ཐོག་མེད་ནས། །ཕུང་བྱེད་འདི་ཡིས་དབང་མེད་དུ། །འགྲོ་ལ་གནོད་པ་སྣ་ཚོགས་བཅོལ། །ལེ་ལན་མཚོན་ཆ་དེང་འདིར་འཁོར། །མི་འདོད་སྡུག་བསྔལ་ཆར་ལྟར་འབབ། །འདི་ནི་སུས་ཀྱང་བྱས་མིན་ཏེ། །རྩ་བ་བདག་འཛིན་འདི་ལས་བྱུང་། །དེ་རིང་འཇིགས་མེད་རྣལ་འབྱོར་གྱིས། །ཐོག་མེད་བསགས་པའི་སྡིག་ལྟུང་དང་། །ཁྱད་པར་འགྲོ་བའི་སྡུག་བསྔལ་རྣམས། །འུབ་ཀྱིས་བསྡུས་ནས་དངོས་སུ་ལེན། །དེ་རིང་ཉིད་དང་སྟན་ཐོག་འདིར། །མྱུར་བ་ཉིད་དུ་སྨིན་གྱུར་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས། །འགྲོ་ལ་རྒྱུ་མེད་བརྩེ་བའི་བདག །ལུས་ཅན་ཀུན་གྱི་མགོན་ལགས་ན། །ཁྱེད་ཀྱིས་ཁོ་བོ་གཏན་བརླག་པའི། །བདག་འཛིན་མགོན་དུ་ཅི་སྟེ་མཛད། །ཆོས་སྲུང་ཡེ་ཤེས་སྤྱན་ལྡན་པ། །ཁྱེད་རྣམས་མཐུ་དང་རྩལ་ཆེ་ཡང་། །རྒྱུ་འབྲས་ལས་ཀྱི་མེ་ལོང་འདི། །བསླུ་མེད་ཐུབ་པ་མཆོག་གིས་གསུངས། །དེ་ཕྱིར་ཁོ་བོ་དེར་སྤྱོད་པར། །སྲུང་དང་བཟློག་པ་ཇི་ལྟར་མཛད། །དེ་སླད་ཁོ་བོ་རྒྱངས་ཀྱིས་བོར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ཐོག་མེད་ལན་ཆགས་གཉེར་བ་ཡི། །མི་མཐུན་བར་ཆད་རྩོམ་བྱེད་རྣམས། །དེ་རིང་བདག་གི་མགྲོན་ལ་བྱོན། །སྔོན་ཆད་ཁྱེད་རྣམས་ཕ་མ་སྟེ། །ད་ལྟ་དངོས་འཛིན་གདོན་གྱིས་བསླད། །གནོད་བྱ་གནོད་བྱེད་གཉིས་སུ་བཟུང་། །ཀྱེ་མ་མ་རིག་འཁྲུལ་ཚབས་ཆེ། །འགྲོ་བ་གཞན་ལ་འཚེ་བྱེད་ན། །ཁྱེད་ལ་རྣམ་སྨིན་མི་བཟད་འབྱུང་། །དེ་བས་རྒྱལ་སྲས་སེམས་དཔའ་ངའི། །སྒྱུ་མའི་ལུས་འདི་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །འདོད་ཕྱིར་མགོ་དང་ཡན་ལག་སོགས། །གྲངས་མེད་ཆུད་ཟོས་ངང་དུ་སོངས། །ད་རེས་ལུས་འདིས་དོན་གོ་ཆོད། །ཕངས་མེད་འདྲེ་གདོན་ཡོངས་ལ་སྦྱིན། །རིངས་ན་རྗེན་ཟོ་ལྷོད་ན་ཚོས། །ཤ་ཟོ་ཁྲག་འཐུང་རྐང་རུས་མུར། །རྡུལ་ཕྲན་ཙམ་ཡང་མ་བཞག་ཅིག །སྔོན་ཆད་ཁྱེད་ལ་གནོད་བྱས་པའི། །ལན་ཆགས་བུ་ལོན་འདེད་པའི་ཆེད། །དེ་རིང་འབྱོན་པ་ངོ་མཚར་ཆེ། །ཁོ་བོ་བྱང་ཆུབ་སྒྲུབ་པའི་གྲོགས། །དབུལ་པོའི་ཁྱིམ་དུ་གཏེར་བཞིན་དུ། །འབྱོན་འདི་ཨེ་མ་བཀའ་དྲིན་ཆེ། །དྲིན་གཟོར་དུས་གསུམ་བསགས་པ་ཡི། །དགེ་ཚོགས་མ་ལུས་ཁྱོད་ལ་བསྔོ། །མྱུར་དུ་རྣམ་མཁྱེན་ཐོབ་གྱུར་ཅིག །ཁོ་བོ་བྱང་ཆུབ་སྙིང་པོ་ལ། །འདུག་ཚེ་འཁོར་གྱི་ཐོག་མ་རུ། །བདུད་རྩིའི་བགོ་བཤའ་ཁྱོད་ལ་སྨོན། །ང་དང་ཁྱོད་དང་ན་ཚ་གསུམ། །ཡང་དག་དོན་ལ་གྲུབ་པ་མེད། །ཐམས་ཅད་སྒྱུ་མའི་ལྟད་མོར་ཆེ། །རྟེན་འབྲེལ་ཆོས་ཉིད་ཨ་ལ་ལ། །དལ་བའི་དུས་སུ་ཉམས་སུ་ལེན། །བྲེལ་བའི་དུས་ན་ལས་ལ་སྦྱར། །རྐྱེན་ངན་བྱང་ཆུབ་ལམ་དུ་ཁྱེར། །ཐེག་ཆེན་ལམ་གྱི་ཉིང་ཁུ་ཡིན། །དེ་སྐད་རྣལ་འབྱོར་སྨྱོན་པའི་གླུ། །མ་བཅོས་ཐོལ་བྱུང་ངང་ནས་སྨྲས། །བདག་དང་སེམས་ཅན་ཐམས་ཅད་ཀྱིས། །བདག་འཛིན་འགོང་པོ་ཐུལ་བར་ཤོག །ཅེས་པ་འདི་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་ངོ་། །

47.2K