༄༅། སྐར་མ་རྀ་ཥྀའི་ཁུངས་དང་ཕན་ནུས།

མདོ་སྡེ་མྱང་འདས་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་དེས། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དེ་ལ། །སྨོན་ལམ་མཐུ་ཡིས་འདི་སྐད་ཅེས་སྨྲས་པ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས། །སེམས་ཅན་ན་བ་གཡོག་རྣམས་མེད་པ་དང་། །ནད་རྣམས་དུ་མས་རེག་པའི་སེམས་ཅན་ལ། །དེ་དག་དོན་དུ་བདུད་རྩིའི་ཆར་སྐོང་ཞིག །ཐམས་ཅད་ནད་ལས་ཡོངས་སུ་ཐར་ཕྱིར་དུ། །སྨན་དང་བདུད་རྩིའི་ཆར་བ་ཕོབ་ཅིག་གོ། །ཞེས་དང་། དེ་ནས་དེ་མ་ཐག་ཏུ་བར་སྣང་ནས་བདུད་རྩིའི་ཆར་མངོན་པར་རབ་ཏུ་ཕབ་པས་སྡུག་བསྔལ་ལས་ཐར་ཏེ། དེའི་སྨོན་ལམ་གྱི་མཐུས་དེང་ཡང་བདུད་རྩིའི་ཆར་འབབ་པའི་ཟླ་བ་ཞིག་ཡོད་པ་ཡིན་ནོ། །ཞེས་གསུངས་པ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་དཔྱད་ཡན་ལག་བརྒྱད་པ་ལས། ཉི་མའི་འོད་ཀྱིས་གདུངས་པ་དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥྀ་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་། །ཞེས་དང་། དེའི་ཐད་ཀྱི་འགྲེལ་པ་པཎྜི་ཏ་ཟླ་བ་མངོན་དགའི་ཟླ་ཟེར་ལས། སྟོན་ཀའི་དུས་དེའི་ཚེ་ཉིན་མོ་ཉི་མའི་འོད་ཟེར་གྱིས་གདུངས་ཤིང་རྣམ་པ་ཐམས་ཅད་དུ་ཚ་བར་གྱུར་པ་དང་། མཚན་མོ་ཟླ་བའི་འོད་ཟེར་གྱིས་བསིལ་ཞིང་གྲང་བར་བྱས་པ་སྟེ། དེ་ལྟར་དུས་ཀྱི་བཅོས་ཤིང་སྨིན་པར་བྱས་པ་དང་། རྀ་ཥྀ་ཤར་བས་དུག་མེད་པ་ཞེས་པ་སྐར་མ་རྀ་ཥྀ་ཞེས་པ་ཤར་བ་ན་དུག་མེད་པ་སྟེ། དེ་ཤར་བས་བར་སྣང་ལ་འབབ་ཅིང་བྱུང་བའི་ཆུ་བོ་དང་། རྫིང་བུ་ལ་སོགས་པར་གནས་པའི་གནོད་པ་རྣམས་སྟོན་གྱི་ཚེ་དུག་མེད་པ་ཉིད་དུ་བྱེད་པས་ན་ཞེས་སོགས་དང་། གཞན་ཡང་རིག་བྱེད་པ་རྣམས་ཀྱིས་སྔོན་དྲང་སྲོང་རྀ་ཥྀ་བྱ་བ་ཞིག་ལ་ལྷ་ཚངས་པ་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་ཆུ་འདིས་ཁྲུམས་ཟླ་ནས་ཐ་སྐར་གྱི་ཟླ་བའི་བར་ཆུ་བོ་ཡན་ལག་བརྒྱད་ལྡན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་བཞེད་དོ། །སྐར་རྩིས་ཀྱི་གཞུང་ལས་དྲང་སྲོང་ཨ་ག་སྟྱ་དེ་ལྷ་གནས་སུ་བསམ་གཏན་ལ་གནས་ཤིང་ཁྲུམས་ཟླ་ལ་གཟུགས་འཛམ་བུའི་གླིང་དུ་གསལ་བས། དུས་ཡན་ལག་བརྒྱད་ལྡན་གྱུར་པའི་དུས་སུ་དྲང་སྲོང་འདིའི་ཁྱིམ་ནོར་བུ་ཀེ་ཏ་ཀ་ལས་གྲུབ་ཕྱིར་ཆུ་ཀླུང་རྙོག་མ་ཅན་རྣམས་སྐད་ཅིག་ལ་ཡན་ལག་བརྒྱད་ལྡན་དུ་གྱུར་བར་གསུངས་ཡོད། འདིའི་མིང་གི་རྣམ་གྲངས་ལ། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་དང་། སོ་མ་ར་ཙ་དང་། མངོན་བརྗོད་འཆི་མེད་མཛོད་དང་། དེའི་འགྲེལ་པ་ཨ་མ་ར་ཀོ་ཥས་མཛད་པའི་འདོད་འཇོ་མ་སོགས་ལས། རྀ་ཥྀ་དང་། བུམ་སྐྱེས་དང་། མཛའ་བོའི་བུ་དང་། ཆུ་ལྷའི་བུ་དང་། ཨ་ག་སྟྱ་དང་། རི་བྱི་དང་། ཟིལ་གནོན་ཕྱག་རྒྱ་དང་། རྒྱ་མཚོའི་ཁྱོར་ཆུ་ཅན་ཞེས་སོགས་དོན་དང་བཅས་བཤད་ཡོད་དོ། །ཞར་བྱུང་ཆུ་ཡན་ལག་བརྒྱད་ལྡན་དང་དེའི་ཕན་ནུས་ནི། འདུལ་བ་ལུང་ལས།  བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་བར་འཇམ་པ་དང་། །མགྲིན་པ་ཡང་དང་བདེ་བ་སྟེ། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་དང་། མཛོད་རང་འགྲེལ་ལས། ཆུ་དེ་ནི་བསིལ་བ་དང་། ཞིམ་པ་དང་། ཡང་བ་དང་། འཇམ་པ་དང་། དྭངས་པ་དང་། དྲི་ང་བ་མེད་པ་དང་། འཐུང་བ་ན་མགྲིན་པ་ལ་མི་གནོད་པ་དང་། འཐུང་བ་ན་ལྟོ་བ་ལ་མི་གནོད་པའོ། །ཞེས་གསུངས་པ་དང་། སོ་མ་ར་ཙ་ལས། ཆུ་ཡི་མཚན་ཉིད་གཤེར་དང་བསིལ། །འཇམ་དག་རྣོ་དང་སྐད་དང་ཤུན། །ལས་ནི་སྡུད་དང་རླུང་དང་ཞིམ། །ཞེས་དང་། དེའི་ཕན་ནུས་ནི། བཤད་རྒྱུད་ལས། ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུག །སྐོམ་དད་ལུས་ཚ་ཁྲག་མཁྲིས་སེལ་བར་བྱེད། །ཅེས་དང་། ཡང་མིས་བཟོས་ཡན་ལག་བརྒྱད་ལྡན་ནི་ཆུ་བསྐོལ་ཡིན་ཏེ། དུས་འཁོར་འགྲེལ་ཆེན་ལས། ཉི་མ་ཟླ་བས་རེག་པའི་ཆུ་ནི་དྲི་མ་དང་བྲལ་བའི་སླད་དུ་རྐང་པའི་ལྷག་མ་བསྐོལ་བར་བྱ་ཞེས་དང་། ཟླ་ཟེར་ལས། ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་སུམ་ཆ་ཕྱེད་གདུ་བར། །ལྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་དང་། ཡན་ལག་བརྒྱད་པ་ལས། ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང་། །མགུལ་བདེ་ལུས་ཡང་གཅིན་ནད་སེལ། །སྐྱུག་བུ་ལྟོ་སྦོས་རླུང་བད་ཀན། །རིམ་གསར་འཕྲལ་དུ་བཟློག་བྱེད་ཅིང་། །ལུད་པ་ཆམ་གསར་དབུགས་མི་བདེ། །རྩིབ་ལོགས་ཟུག་ལ་བསྔགས་པ་ཡིན། །ཞེས་དང་། བོད་ཀྱི་གསོ་རིག་བཤད་རྒྱུད་ལས། ཆུ་བསྐོལ་དྲོད་སྐྱེད་ཟས་འཇུ་སྐྱུག་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམ་གསར་འཕྲལ་དུ་བཟློག་པར་བྱེད། །བསྐོལ་གྲང་བད་ཀན་མི་བསྐྱེད་མཁྲིས་པ་སེལ། །ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་བསྐྱེད། །ཅེས་སོགས་གསུངས་སོ། ། བླ་རུང་མཁན་དགེ་དཔལ་ནས།

47.2K