༄༅། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོཾ་སྭསྟི་སིདྡྷཾ། སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་ལ་སྐྱབས་སོང་བསླུ་བ་མེད། །ཐར་མེད་སྲིད་པའི་གཟེབ་ནས་འདྲེན། །སྐྱེ་མེད་དམ་པའི་དོན་ལ་སྦྱོར། །ཐུན་མོང་མ་ཡིན་སྐྱབས་ལ་འདུད། །འབྱོར་མེད་བཙུན་པ་བློ་གྲོས་ཅན། །ཤཱཀྱའི་རྗེས་འབྲངས་བརྟུལ་ཞུགས་འཛིན། །ཀུན་དགའི་མིང་ཅན་ཁོ་བོ་ཡིས། །སྐྱེས་བུའི་རྣམ་འབྱེད་བཤད་པར་བྱ། །ཀུན་ལ་སྙོམས་པ་དམ་པ་སྟེ། །རང་དོན་སྒྲུབ་པ་ཕལ་པ་ཡིན། །མཁས་པའི་བྱ་བ་དགག་སྒྲུབ་སྟེ། །ཤེས་བཞིན་སྤོང་བ་དོན་མེད་ཡིན། །ཡུལ་འཁོར་སྐྱོང་བ་ཆེན་པོ་སྟེ། །བུ་སྨད་འཚོག་པ་ཐ་ཤལ་ཡིན། །ཚིག་དོན་མཐུན་པ་དྲང་པོ་སྟེ། །གཞན་རྒྱུད་ལེན་པ་གཡོ་ཅན་ཡིན། །བཟང་ལ་ལན་ཡོད་བཟང་པོ་སྟེ། །དྲིན་གཟོ་མེད་ན་ངན་པ་ཡིན། །རྟོག་དཔྱོད་ལྡན་པ་སྤྱང་པོ་སྟེ། །ལྡོམ་ཅོལ་སྨྲ་བ་གླེན་པ་ཡིན། །ཁོང་དུ་སྦེད་པ་ཟབ་མོ་སྟེ། །ཁ་རུ་འབྱིན་པ་ཀླད་མེད་ཡིན། །ལེགས་ཉེས་ཤོང་བ་ཡངས་མོ་སྟེ། །རང་ཉིད་འཆིང་བ་དོག་མོ་ཡིན། །ཕྱིས་འབྱུང་དཔྱོད་པ་ཞིབ་མོ་སྟེ། །རྟོག་དཔྱོད་མེད་ན་བ་གླང་ཡིན། །ཤེས་རིག་ལྡན་པ་བློན་པོ་སྟེ། །རྗེ་ལ་འཁུ་བ་འགོང་པོ་ཡིན། །གསང་གྲོས་ཐུབ་པ་གྲོགས་པོ་སྟེ། །གཞན་ལ་འཆད་ན་ཟང་ཐལ་ཡིན། །འཁོར་འདབས་སྐྱོང་བ་རྗེ་བོ་སྟེ། །རྟག་ཏུ་འཚེ་ན་དགྲ་བོ་ཡིན། །རྗེ་ལ་བསམ་པ་འཁོར་ཡིན་ཏེ། །སེམས་ངན་འཆང་ན་གཞོམ་རྒྱུ་ཡིན། །གསོག་འཇོག་ཤེས་པ་གཉེར་པ་སྟེ། །ཞིབ་ཚགས་མེད་ན་གྲྭ་པ་ཡིན། །བློ་གསལ་ངག་ཉུང་ཉེ་གནས་ཏེ། །ཕྲ་མ་འཇུག་ན་གཏོར་ཤིང་ཡིན། །བུ་ཁྱོ་བཀུར་བ་ཆུང་མ་སྟེ། །གྲོགས་གཞན་བསྟེན་པ་འདྲེ་མོ་ཡིན། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ལས། མདོར་བསྡུས་པའི་ལེའུ་སྟེ་དང་པོའོ། ། ། །

དེ་དག་སྨྲས་པ་སྡོམ་གྱི་ཚིག །ད་ནི་དེ་ཀུན་རྒྱས་པར་བཤད། །བསླུ་མེད་རྒྱུ་འབྲས་གཙོར་བཞག་ནས། །བྱ་བ་གང་བྱེད་དེ་དང་བསྟུན། །ཐབས་ལ་མཁས་ཤིང་ཀུན་ལ་སྙོམས། །དེ་དག་སྐྱེས་བུ་དམ་པ་ཡིན། །རྟག་ཏུ་རང་གི་དོན་ལ་འབད། །རྩོལ་སྒྲུབ་དྲག་པོས་ཧ་ཐང་ཆད། །དགྲ་ལ་ཞེ་སྡང་གཉེན་ལ་ཆགས། །དེ་དག་སྐྱེས་བུ་ཕལ་པ་ཡིན། །ཆོས་དང་ཆོས་མིན་འཇུག་ལྡོག་ཡུལ། །སྒྲུབ་དང་དགག་པ་རིམ་པ་བཞིན། །རྗེས་འཇུག་བློ་ལྡན་དེ་ལ་སྦྱོར། །དེ་དག་སྐྱེས་བུ་མཁས་པ་ཡིན། །བླང་དོར་ཤེས་ཤིང་ཁྱད་དུ་གསོད། །རྙེད་པ་དོན་གཉེར་ཁ་གསག་མཁན། །ཅུང་ཟད་འཁོན་ན་མཐུ་ཡིས་སྡིགས། །དེ་དག་སྐྱེས་བུ་ཁྱི་ནག་ཡིན། །རང་བཞིན་བརླིང་ལ་ཤེས་རྒྱ་ཆེ། །ཉི་མ་ལྟ་བུར་ཀུན་ལ་སྙོམས། །ཉེ་རིང་མེད་པར་འཁོར་འདབས་སྐྱོང་། །དེ་དག་སྐྱེས་བུ་ཆེན་པོ་ཡིན། །རྟག་ཏུ་འཁོན་དང་འཐབ་ཟླ་ཚོལ། །གྲོང་མཐའ་བསྐོར་ཞིང་འོ་དོད་འདེབས། །ཉེས་མེད་བུ་སྨད་རྒྱུན་དུ་བརྡུང་། །དེ་དག་སྐྱེས་བུ་ཐ་ཤལ་ཡིན། །སྨྲས་པའི་ཚིག་དང་བསམ་པའི་དོན། །ས་བོན་དང་ནི་མྱུ་གུ་བཞིན། །བསླུ་བ་མེད་པར་རྗེས་སུ་འབྲང་། །དེ་དག་སྐྱེས་བུ་དྲང་པོ་ཡིན། །དྲང་པོ་མི་སྨྲ་འཛུམ་གྱིས་བསུ། །སྨྲ་ན་ངག་འཇམ་ཕིགས་པར་སྨྲ། །རྟག་ཏུ་གཞན་གྱི་ཉམས་དྲོད་ལེན། །དེ་དག་སྐྱེས་བུ་གཡོ་ཅན་ཡིན། །བྱས་པ་ཤིན་ཏུ་དྲིན་དུ་གཟོ། །ཕ་མ་ལ་གུས་རང་བཞིན་དྲང་། །གཞན་ལ་མི་གཙེར་རང་ཚུགས་ཐུབ། །དེ་དག་སྐྱེས་བུ་བཟང་པོ་ཡིན། །ཕན་བཏགས་ལན་དུ་གནོད་པ་བསྐྱེལ། །བྱས་པ་ཆུད་གསོན་དམན་ལ་སྡང་། །རང་བཞིན་ངན་པ་ཕག་ལྟ་བུ། །དེ་དག་སྐྱེས་བུ་ངན་པ་ཡིན། །གང་གིས་ཚིག་དང་སྤྱོད་ལམ་ལས། །ཕ་རོལ་སེམས་ཀྱི་རྣམ་འགྱུར་གོ། །བཟང་ངན་བྱ་བ་ཁོང་དུ་ཆུད། །དེ་དག་སྐྱེས་བུ་སྤྱང་པོ་ཡིན། །ལེགས་ཉེས་བྱ་བ་མི་ཤེས་བཞིན། །མང་པོའི་མདུན་སར་ཅལ་ཅོལ་སྨྲ། །གཞན་གྱིས་ཁ་འདྲུ་འཕྱ་བའི་གནས། །དེ་དག་སྐྱེས་བུ་ལྡོམ་ཅོལ་ཡིན། །(དཔེ་ལ་ལར་གཏོམ་ཆོལ་ཟེར་བ་སྣང་། )ལེགས་ཉེས་བྱ་བ་གང་བརྩམ་ཡང་། །མ་གྲུབ་བར་དུ་ཁར་མི་འབྱིན། །གྲུབ་ཀྱང་ཟུར་ངོམ་མི་བྱེད་པ། །དེ་དག་སྐྱེས་བུ་ཟབ་མོ་ཡིན། །བྱ་བ་གང་དང་གང་རྩོམ་ཡང་། །བསྒྲུབ་ཀྱི་སྟ་གོན་ཡུལ་ན་མེད། །གང་དང་འཕྲད་པ་དེ་ལ་སྨྲ། །དེ་དག་སྐྱེས་བུ་ཡང་མོ་ཡིན། །ཧ་ཅང་ཕན་ལ་ཧ་ཅང་གནོད། །གང་དང་གང་གི་ཅི་མཆིས་པ། །མི་བརྗེད་སེམས་ཀྱི་གྲུ་ན་འཆང་། །དེ་དག་སྐྱེས་བུ་ཡངས་མོ་ཡིན། །ལེགས་ཉེས་བྱ་བ་ཕྲ་མོ་ཡང་། །བློ་ངོར་མི་ཤོང་ཀུན་ལ་འདྲི། །དལ་བར་མི་སྡོད་སྔགས་སུ་བགྲངས། །དེ་དག་སྐྱེས་བུ་དོག་མོ་ཡིན། །གང་ཞིག་བྱ་བ་རྩོམ་པ་ན། །ཕྱིས་འབྱུང་སྐྱོན་དང་ཡོན་ཏན་རྩི། །ལེགས་པར་གཏན་ལ་ཕབ་ནས་འཇུག །དེ་དག་སྐྱེས་བུ་ཞིབ་པོ་ཡིན། །ལེགས་ཉེས་བྱ་བ་བློས་མི་འབྱེད། །བཅོལ་ཡང་མི་ཤེས་འདུ་ཤེས་བླུན། །རྒྱུ་མཚན་མེད་པར་རྟུལ་པོར་འཇུག །དེ་དག་སྐྱེས་བུ་བ་གླང་ཡིན། །དྲན་པ་གསལ་ཞིང་ཐབས་ལ་མཁས། །རྗེ་ལ་སྙིང་ཉེ་ངང་གིས་བརླིང་། །རང་བཞིན་དྲང་པོ་མདའ་ལྟ་བུ། །བློན་པོར་འོས་པའི་སྐྱེས་བུ་ཡིན། །གྲོས་ཀྱི་གཙོ་བོ་ཟུར་ལ་འཇོག །རང་གི་འདོད་པ་ཕུགས་སུ་རྫོང་། །དོ་གལ་ཆེ་ན་རྗེ་ལ་འཁུ། །འགོང་པོ་ལྟ་བུའི་སྐྱེས་བུ་ཡིན། །གཞུང་བཟང་བརྟན་ལ་ཕྱི་ཐག་རིང་། །གསང་གྲོས་མི་སྨྲ་བསླུ་སེམས་མེད། །དགོས་དུས་ཟས་ནོར་ལྷུག་པར་གཏོང་། །གྲོགས་པོར་འོས་པའི་སྐྱེས་བུ་ཡིན། །བདག་ཅག་དེ་དང་མཛའ་འོ་ཞེས། །གང་དང་ཕེབས་པར་སྨྲ་བའི་གཏམ། །བཟུང་བཅད་མེད་པར་ཁྲོམ་དུ་འཆད། །དེ་དག་བུག་བ་ཟང་ཐལ་ཡིན། །འཁོར་འདབས་ཅུང་ཟད་ཉེས་ན་ཡང་། །ངག་ཏུ་མི་འདོན་ཁོག་ཏུ་སྐྱེམས། །བཟང་ངམ་ངན་རུང་བདག་གི་ཞེས། །བྱམས་པས་སྐྱོང་བ་རྗེ་བོ་ཡིན། །ཅུང་ཟད་ཙམ་ལ་ཆད་པས་གཅོད། །མི་སྙན་ཚིག་གི་ཆར་པ་འབེབས། །ཕན་མེད་གནོད་པ་འབའ་ཞིག་བྱེད། །རྗེ་ངན་འཁོར་གྱི་དགྲ་བོ་ཡིན། །བློ་དང་ནུས་པ་མི་འཁུ་ཞིང་། །འབྱོར་དང་རང་དོན་མཐོང་ཚོལ་མེད། །སྒོ་གསུམ་བྱ་བ་ཐམས་ཅད་ཀྱིས། །རྗེ་ལ་བསམ་པ་འཁོར་ཡིན་ནོ། །བཟའ་དང་བགོ་བས་ལེགས་བསྐྱངས་ཀྱང་། །རྟག་ཏུ་འཁང་ཞིང་རྒྱུན་དུ་རྐུ། །རྗེ་ལ་མི་སེམས་བསམ་ངན་འཆང་། །འཁོར་ངན་དེ་དག་གཞོམ་རྒྱུ་ཡིན། །ཡ་རབས་དམ་པའི་འཇུག་ངོགས་མཐོང་། །ཞིབ་ཏིག་ཆེ་ལ་བག་དང་ལྡན། །སོ་ནམ་བརྩོན་ཞིང་འཁོར་སྐྱོང་མཁས། །གསོག་འཇོག་ཤེས་པ་གཉེར་པ་སྟེ། །བྱ་བ་མི་མཁས་སྤྱོད་པ་རྩིང་། །ཤེས་རིག་མི་གསལ་ཆང་ལ་དགའ། །སང་གི་བྱ་བ་གནངས་སུ་ལུས། །ཞིབ་ཚགས་མེད་པ་གྲྭ་པ་ཡིན། །བག་ཡོད་སོས་དལ་སྤྱོད་ལམ་མཛེས། །སྒྱུ་མེད་སེམས་བརྟན་རྗེ་ལ་བསམ། །ཡིག་རྩིས་ལ་སོགས་རིག་བྱེད་མཁས། །བློ་གསང་ངག་ཉུང་ཉེ་གནས་ཏེ། །ཡིག་རྩིས་མི་ཤེས་ངང་གིས་བླུན། །ཕྱི་ནང་མི་ཤེས་སྨྲ་བ་མང་། །རྗེ་ཡི་དྲུང་དུ་ཤབ་ཤུབ་འཆད། །དེ་འདྲ་འཁོར་གྱི་གཏོར་ཤིང་ཡིན། །ཁོག་ཡངས་བག་ཡོད་འདུ་ཤེས་གྲུང་། །གཉེན་དང་ཉེ་དུའི་སེམས་འཛིན་ཤེས། །སོ་ནམ་བརྩོན་ཞིང་བཀལ་ཐགས་མཁས། །བུ་ཁྱོ་བཀུར་བ་ཆུང་མ་སྟེ། །སོ་ནམ་མི་བརྩོན་ཟ་ལ་དགའ། །ཤེས་མེད་གདོང་ལ་བྱི་དོར་རེམ། །རྟག་ཏུ་ཁྱོ་མིན་གྲོགས་གཞན་འཚོལ། །དེ་ཀུན་འདྲེ་མོ་མངོན་སུམ་ཡིན། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ལས། རྒྱས་པར་བཤད་པའི་ལེའུ་སྟེ་གཉིས་པའོ། ། ། །

དེ་ལྟར་བཤད་པ་དེ་དག་ལ། །བློ་གྲོས་ལྡན་པའི་སྐྱེས་བུ་ཡིས། །བར་མ་རྣམས་ནི་བཏང་སྙོམས་བཞག །བཟང་ངན་གཉིས་ལ་བླང་དོར་བྱ། །བློ་གྲོས་གསལ་ཞིང་ཐབས་ལ་མཁས། །གཞན་ལ་གཞན་ཕན་འོད་ཟེར་འགྱེད། །ཉི་མ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །ཟོལ་སྤྱོད་སྤྲིན་གྱིས་མ་བསྒྲིབས་ཤིང་། །དྲང་བརྟན་གཉིས་ཀྱི་རི་བོང་འཛིན། །ཟླ་བ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །དབྱེན་དང་ཕྲ་མས་མི་འགུལ་ཞིང་། །ངོ་བསྟོད་རླུང་གིས་མི་བསྐྱོད་པ། །ལྷུན་པོ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །གཞན་གྱིས་རང་བཞིན་གཏིང་དཔག་དཀའ། །བློ་དང་རིག་པའི་རླབས་དང་ལྡན། །རྒྱ་མཚོ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །ཕན་འདོད་འབྲས་བུའི་ཁུར་དང་ལྡན། །ཚ་གདུང་སེལ་བའི་བསིལ་གྲིབ་ཅན། །ལྗོན་ཤིང་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །ཉེས་སྤྱོད་འཇོམས་པའི་མཆེ་སྡེར་ཅན། །བག་ཡོད་གཡུ་ཡི་རལ་པ་འཛིན། །སེང་གེ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །བསླབ་གསུམ་གསེར་གྱི་དྲྭ་བས་གཡོགས། །ཡོན་ཏན་ནོར་བུའི་མགུལ་རྒྱན་ཅན། །གླང་པོ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །ནང་དུ་ཤེས་རིག་དྲན་པ་གསལ། །ཕྱི་ན་བླང་དོར་རི་མོ་བཀྲ། །སྟག་མོ་ལྟ་བུའི་སྐྱེས་བུ་དེ། །བཏང་སྙོམས་མི་བཞག་དང་དུ་བླང་། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ལས། བླང་བྱའི་སྐྱེས་བུ་བསྟན་པའི་ལེའུ་སྟེ་གསུམ་པའོ། ། ། །

གང་དང་ཅུང་ཟད་འཁོན་པ་ན། །མི་སྨྲ་སེམས་ཀྱི་དཀྱིལ་དུ་བཞག །སྐབས་སུ་བབ་ན་རྡུལ་དུ་རློག །དུག་སྦྲུལ་ལྟ་བུའི་སྐྱེས་བུ་སྤང་། །རང་བཞིན་མི་བཟང་རྩུབ་འགྱུར་ཆེ། །རྟག་ཏུ་གནོད་སེམས་འབའ་ཞིག་འཆང་། །ངན་གྱི་གཏོང་ས་ཕྱི་ནང་མེད། །བཙན་དུག་ལྟ་བུའི་སྐྱེས་བུ་སྤང་། །སྙན་པར་སྨྲ་ཞིང་ཞི་དུལ་ཆེ། །སྤྱོད་པ་བཟང་པོའི་ཚུལ་བཟུང་ནས། །དུས་ལ་བབ་ན་རྩུབ་འགྱུར་སྟོན། །བྱི་ལ་ལྟ་བུའི་སྐྱེས་བུ་སྤང་། །ཕྱི་ནང་མི་ཤེས་ཀུན་ལ་རྒོལ། །བཟའ་བཏུང་ཙམ་གྱིས་འབྲིད་པར་སླ། །གཙང་བཙོག་མེད་པའི་བརྟུལ་ཞུགས་འཛིན། །ཁྱི་རྒན་ལྟ་བུའི་སྐྱེས་བུ་སྤང་། །འཁོས་མེད་རྟག་ཏུ་རྒྱུ་འགྲུལ་མང་། །སྙིང་མེད་གཞན་ལ་ཉམས་དྲོད་སྐྱེལ། །ཀླད་མེད་ཁ་ཟས་རྟག་ཏུ་འཚོལ། །ཝ་སྐྱེས་ལྟ་བུའི་སྐྱེས་བུ་སྤང་། །ཚོད་ཆུང་དྲོད་མེད་ཕྱི་ཐག་ཐུང་། །རང་མཚང་ངན་པ་གཞན་ལ་བསྐུ། །མདོག་ངན་སྟོན་པའི་སྐད་ངན་ཅན། །ཁྭ་ཏ་ལྟ་བུའི་སྐྱེས་བུ་སྤང་། །གཞན་གྱིས་མི་བརྩི་རང་གིས་བརྩི། །འབྱོར་མེད་གོས་སོགས་འཕྱོར་ལ་དགའ། །ཁང་ཁ་བསྐོར་ཞིང་གླུ་ཆུང་ལེན། །ཁྱིམ་བྱ་ལྟ་བུའི་སྐྱེས་བུ་སྤང་། །རྟག་ཏུ་དམན་པའི་ལས་སྤྱོད་ཅིང་། །རྒྱུ་མཚན་མེད་པར་འོ་དོད་འདེབས། །བག་མེད་སྤྱོད་པའི་རྟོལ་ཅོལ་ཅན། །བོང་བུ་ལྟ་བུའི་སྐྱེས་བུ་སྤང་། །ལས་སུ་སྡིག་སྤྱོད་གཞན་ལ་རྐུ། །སེམས་ངན་སྤྱོད་ངན་རང་བཞིན་ངན། །རྣམ་ཐར་ངན་པ་གཞན་ལ་བསྒོ། །རིམས་ནད་ལྟ་བུའི་སྐྱེས་བུ་སྤང་། །དོན་དུ་བཟའ་བཏུང་འབའ་ཞིག་གཉེར། །གང་ལ་བརྟེན་པ་དེ་ལ་གནོད། །སྤྱོད་པ་མི་གཟོབ་འགྲོ་ལ་དགའ། །ཁྱི་ཤིག་ལྟ་བུའི་སྐྱེས་བུ་སྤང་། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ལས། སྤང་བྱའི་སྐྱེས་བུ་བཤད་པའི་ལེའུ་སྟེ་བཞི་པའོ། །། །

དེ་ལྟར་སྐྱེས་བུའི་རྣམ་འབྱེད་དང་། །དེ་ལ་བླང་དོར་བཤད་མོད་ཀྱང་། །བློ་གྲོས་ལྡན་པས་ཤེས་མོད་ཀྱི། །བླུན་པོ་རྣམས་ཀྱིས་དེ་ལྟར་མིན། །མིག་སོགས་སྐྱོན་དང་བྲལ་བ་ཡིས། །གཟུགས་རྣམས་དབྱེ་བ་སོ་སོར་འབྱེད། །དོན་ལ་ཇི་ལྟར་གནས་པ་བཞིན། །ནང་དུ་དེ་ཡི་རྣམ་པ་འཆར། །མིག་སོགས་སྐྱོན་དང་བཅས་པ་དང་། །ཕྱི་རོལ་ཡུལ་ལ་ལོག་པར་འཇུག །ཟླ་བ་གཅིག་ལ་གཉིས་འཛིན་བཞིན། །རྣམ་པ་ཕྱིན་ཅི་ལོག་ཏུ་འཆར། །གང་གིས་དེ་དེར་འཇོག་པ་ཡི། །རྒྱུ་མཚན་མཐོང་ན་མཁས་པ་འཇུག །ལྗོན་ཤིང་ཡལ་ག་ཆུར་ལྷུང་བས། །བླུན་པོ་ཅལ་གྱི་རྗེས་སུ་འབྲངས། །མཁས་པ་མཁས་པ་ལ་དགའ་སྟེ། །བླུན་པོ་བླུན་པོ་ཉིད་ལ་དགའ། །པདྨ་ཡིད་འོང་ཉི་མས་སྐྱོང་། །ཟླ་བའི་ཟེར་གྱིས་ཀུ་མུད་འབྱེད། །མི་གཙང་དྲི་ལ་སྲིན་བུ་འཁོར། །རུལ་བའི་དྲི་ལ་ཤ་སྦྲང་འཁོར། །ཀྱེ་མ་ས་ཕྱོགས་མ་དག་པར། །ཤིན་ཏུ་སྐྱེ་བོ་མ་དག་དགའ། །ཡན་ལག་བརྒྱད་ལྡན་ཆུ་བོ་སྤོང་། །བཤེས་སུ་ཁྱི་ཡི་ཆུ་ངན་ལེན། །བློ་རྨོངས་གཟུ་བོར་མི་གནས་ཤིང་། །སྡུག་གསོག་བྱས་པའི་འབྱོར་པ་ཅན། །ལེགས་ཉེས་དཔྱོད་པའི་ཤེས་མེད་པོ། །དེང་སང་བླུན་པོའི་ཀུན་སྤྱོད་མཚར། །ནོར་གྱིས་ནོར་འཚོལ་ཚོང་པ་ལ། །གཡོ་སྒྱུ་ཆེ་ཞེས་སྨོད་པར་སྣང་། །རྫུན་གྱིས་ནོར་འཚོལ་ཟོག་པོ་ལ། །ངོ་མཚར་ཆེ་ཞེས་གཙུག་ན་མཆོད། །དྲང་པོར་སྨྲས་ན་འཁྱོག་པོར་འཛིན། །གཡོན་ཅན་བླ་མ་རིན་ཆེན་ལོ། །རྟོག་དཔྱོད་ལྡན་པའི་སྐྱེས་བུ་ཡིས། །ཡོན་ཏན་མཆོག་དང་ལྡན་པ་ལེན། །ཡིད་འོང་པདྨའི་རྫིང་བུ་ལ། །འདབ་ཆགས་ངང་པ་ངང་གིས་འཕྱོ། །ཤེས་རིག་མེད་པའི་བླུན་པོ་རྣམས། །གཡོ་སྒྱུའི་ཚུལ་ལྟར་ཆོས་ལ་དད། །འབད་དེ་བཙལ་ཡང་ཁྱི་རྒན་གྱིས། །ལྷམ་ཀྲད་ལས་གཞན་ཅི་ཞིག་རྙེད། །བློ་ལྡན་མཁས་པས་གཞན་ལ་ཕན། །བསིལ་དྲོད་སྨན་གྱིས་ཚ་གྲང་སེལ། །བློ་དམན་སྐྱེ་བོས་གཞན་ལ་གནོད། །སྡོང་དུམ་སྐམ་པོ་འཚིག་པའི་རྒྱུ། །ཀྱེ་མ་འཛམ་གླིང་བྱང་ཕྱོགས་འདིར། །སྤང་བྱ་འགའ་ཡང་མ་སྤངས་ཤིང་། །རྟོགས་བྱ་འགའ་ཡང་མ་རྟོགས་པས། །ཀུན་མཁྱེན་ཐོབ་པའི་དུས་མི་སྣང་། །ཡ་མཚན་ཆེ་མོད་ཐུབ་པའི་བཀའ། །དྲི་མེད་འབད་པས་ལེགས་རྟོག་ལ། །རྒྱུ་འབྲས་གཉིས་ལ་ཡིད་ཆེས་པའི། །མཁས་པས་བཀའ་བཞིན་ཉམས་སུ་ལོངས། །སྙིགས་དུས་སྐྱེ་བོ་མི་སྲུན་པ། །ཡིན་ལུགས་སྨྲས་ན་འཁོན་འཛིན་སྐྱེ། །བཏང་སྙོམས་བཞག་ན་བསྟན་ལ་གནོད། །དེས་ན་འདི་ལ་ཇི་ལྟར་བགྱི། །ཀྱི་ཧུད་དེང་སང་ཐུབ་པའི་བསྟན། །ནུབ་ཀྱི་རི་མགོར་ལྷུང་བ་ཡི། །འོད་ཟེར་སྟོང་ལྡན་ཉི་མ་བཞིན། །རིང་པོར་མི་ཐོགས་ནུབ་པར་འགྱུར། །ལྷ་དང་བཅས་པའི་འཇིག་རྟེན་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །དེ་བས་བློ་ལྡན་མཁས་པའི་ཚོགས། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །སངས་རྒྱས་བསྟན་པའི་ཁུར་འཛིན་པས། །ཁེ་རྙེད་འདུ་འཛིའི་རྩོལ་བ་དོར། །གསུང་རབ་འོ་མའི་མཚོ་བསྲུབས་ལ། །ཐོས་བསམ་མར་གྱི་སྙིང་པོ་ལོངས། །རང་དོན་སྒྲུབ་པའི་བློ་དོར་ལ། །གཞན་ཕན་ཉི་མའི་འོད་ཟེར་ཁྱེ། །ཤེས་བཞིན་དྲན་པའི་གོས་གྱོན་ལ། །རིན་ཆེན་བསྟན་པའི་རྒྱལ་མཚན་ཟུངས། །འདི་སྐད་སྨྲས་པའི་བཙུན་པ་ངས། །ཁྱད་པར་གསུམ་ལྡན་བླ་མ་བསྟེན། །བྱེད་པ་གཉིས་ལྡན་གསུང་རབ་མཉན། །བླང་དོར་ཚུལ་ལ་བློ་མིག་འབྱེད། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ལས། མཁས་རྨོངས་ཀྱིི་ཁྱད་པར་དང་། མཁས་པ་ཅུང་ཟད་བསྐུལ་བའི་ལེའུ་སྟེ་ལྔ་པའོ། ། ། །

བདག་གིས་འདི་སྐད་སྨྲས་པའི་གཏམ། །འགའ་ཡི་རྣ་བར་ལྷུང་བ་ན། །བཞིན་རས་པདྨའི་ནགས་ཚལ་དག །ཟླ་བའི་འོད་ཀྱིས་ཕོག་པ་འདྲ། །དྲང་པོར་སྨྲས་པའི་ངག་གི་མདའ། །མ་འདའ་ཆེད་དུ་བརྒྱབ་པ་འདྲ། །གང་ལ་ཕོག་པ་དེ་ཡི་མཚང་། །རང་ནོར་བཞིན་དུ་ངོས་ལེན་བྱས། །མཁས་པའི་བློ་གྲོས་གཏེར་ཆེན་ལས། །སྐྱེས་བུའི་རྣམ་འབྱེད་བཤད་པ་གང་། །བློ་གསལ་ཀུན་དགའི་མིང་ཅན་གྱིས། །གཟུར་གནས་དྲང་པོའི་བསམ་པས་སྦྱར། །དེ་ལྟར་གཞོན་ནུའི་མགུལ་རྒྱན་མཆོག །མཆོག་འདི་ལེགས་བཤད་སྣང་བའི་དཔལ། །དཔལ་ལྡན་རྒྱལ་བའི་གསུང་རབ་ཀུན། །ཀུན་ནས་རྒྱ་ཆེར་རྒྱས་གྱུར་ཅིག །(ཤོ་ལོ་ཀ་འདི་དཔེ་ལ་ལར་མི་སྣང་།)དེ་ལས་བྱུང་བའི་དགེ་བ་དང་། །གཞན་ཡང་དགེ་བ་མ་ལུས་པ། །འཁོར་གསུམ་ཡོངས་སུ་དག་པའི་བློས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ། ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བ་རྫོགས་སོ། ། ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K