༄༅། །བར་དོའི་ལམ་འཁྱེར་དང་སྦྱར་བའི་སྨོན་ལམ་བཞུགས་སོ། །

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

གཏན་གྱི་སྐྱབས་གཅིག་དྲིན་ཆེན་འཁོར་ལོའི་མགོན། །དཔལ་ལྡན་བླ་མ་སངས་རྒྱས་ཀུན་དངོས་ཞབས། །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ལ། །བརྩེ་བས་རྗེས་ཟུངས་དབུགས་དབྱུང་བྱིན་རླབས་སྩོལ། །ལས་འཕྲོ་བཟང་པོས་རྫོགས་ཆེན་ལམ་དང་འཕྲད། །མན་ངག་ཟབ་མོས་སྒྲོ་འདོགས་སེམས་ལ་ཆོད། །ཡེངས་མེད་བརྩོན་པས་གདམས་ངག་ཉམས་འོག་ཆུད། །མངོན་སུམ་གནད་ལ་གོམས་པའི་ལག་རྗེས་སུ། །འབྲས་བུ་ཕྱི་དུས་ཙམ་ལ་མི་རེ་བར། །མ་དག་འཁྲུལ་བའི་དྲི་མ་བཙན་ཐབས་སྦྱངས། །སྣང་བཞིའི་ས་ལམ་མིག་འཕྲུལ་ལྟར་བགྲོད་ནས། །ཚེ་འདིར་འཕོ་ཆེན་འཇའ་ལུས་སྐུ་འགྲུབ་ཤོག །གལ་ཏེ་ལམ་ལ་ཡིད་ཆེས་བློ་ཡོད་ཀྱང་། །སྙིང་པོའི་ཉམས་ལེན་རྡོ་རུས་མ་འཕྲོད་པས། །ཆོས་ཟད་གྲུབ་མཐའ་ཚེ་འདིར་མ་སྙོགས་པར། །རྣམ་སྨིན་ལུས་དོར་འཆི་བ་དུས་བབ་ན། །ཆོས་ཀུན་སྒྱུ་མ་ལྟ་བུར་ངེས་རྙེད་དེ། །འབྱུང་ལྔའི་ཕུང་པོ་ཆགས་གནས་འཇིག་པའི་ཚུལ། །གནད་དོན་ཤེས་པས་འཆི་ལ་མི་འཚེར་བར། །འཆི་མེད་བཙན་ས་ཟིན་ལ་བྲོད་སྐྱེ་ཤོག །ལས་རླུང་ལོག་པས་འཁོར་ལོ་ལྔ་མདུད་འཇིག །མེ་མཉམ་རླུང་ལོག་དྲོད་ཉམས་ཟས་མི་ལེན། །སྲོག་འཛིན་རླུང་ལོག་ཤེས་པ་ཡོངས་མི་གསལ། །ཐུར་སེལ་རླུང་ལོག་རྩ་ཆུ་མི་སྡོམ་འཆོར། །གྱེན་རྒྱུའི་རླུང་ལོག་ཁ་ཟས་ནང་མི་འཕུལ། །ཁྱབ་བྱེད་རླུང་ལོག་ཡན་ལག་གྱོང་ཞིང་རེངས། །དབུགས་ཐུང་རྩ་རྟུལ་མལ་གྱི་ཐ་མར་ལྷུང་། །དེ་ཚེ་འདིར་སྣང་སྲེད་ཞེན་མི་སྐྱེ་ཤོག །ས་ཁམས་ཆུར་ཐིམ་ལྟེ་བའི་རྩ་འཁོར་འཇིག །ཕྱི་རྟགས་ལུས་ལྕི་ནང་རྟགས་ཤེས་པ་བྱིངས། །གསང་རྟགས་འོད་གསལ་སྨིག་སྒྱུ་འཆར་བའི་ཚེ། །སྙིང་གར་བླ་མ་ཆོས་སྐུར་སེམས་ཟིན་ཤོག །ཆུ་ཁམས་མེར་ཐིམ་སྙིང་གའི་རྩ་འཁོར་འཇིག །ཕྱི་རྟགས་ཁ་སྣ་སྐམ་དང་ནང་རྟགས་སུ། །ཤེས་པ་རབ་འཚུབས་གསང་རྟགས་དུ་བ་འཆར། །ལྟེ་བར་བླ་མ་ཉིད་སྐུར་སེམས་ཟིན་ཤོག །མེ་ཁམས་རླུང་ཐིམ་མགྲིན་པའི་རྩ་འཁོར་འཇིག །ཕྱི་རྟགས་དྲོད་འཆོར་ནང་རྟགས་ཤེས་པ་འཁྲུལ། །གཞན་ངོ་མི་ཤེས་གསང་རྟགས་མེ་ཁྱེར་འཆར། །དཔྲལ་བར་བླ་མ་སྤྲུལ་སྐུར་སེམས་ཟིན་ཤོག །རླུང་ཁམས་རྣམ་ཤེས་ལ་ཐིམ་གསང་འཁོར་འཇིགས། །ཕྱི་རྟགས་དབུགས་བརྩེགས་ནང་རྟགས་མཐོང་སྣང་མང་། །གསང་རྟགས་སྒྲོན་མེ་ལྟ་བུའི་འོད་གསལ་འཆར། །གསང་གནས་བླ་མ་ལོངས་སྐུར་སེམས་ཟིན་ཤོག །རྣམ་ཤེས་ནམ་མཁར་ཐིམ་པས་དབང་ལྔ་འགག །སྲོག་རྩར་ཁྲག་འདུས་སྙིང་ཐེབས་ཕྱི་དབུགས་ཆད། །དཀར་ཆ་མར་ཆའི་ཁམས་ཀྱི་གནས་འཕོས་ཏེ། །དབུ་མར་བརྒྱུད་པས་དཀར་ལམ་དམར་ལམ་འཆར། །བྱང་སེམས་གཉིས་འཕྲད་བར་དུ་རྣམ་ཤེས་འཐུམ། །ནག་ལམ་འཆར་ཞིང་རང་བཞིན་བརྒྱད་ཅུ་འགག །ནམ་མཁའ་འོད་གསལ་ལ་ཐིམ་གཞིའི་འོད་གསལ། །སྤྲིན་བྲལ་སྟོན་ཀའི་ནམ་མཁའ་ལྟར་འཆར་བ། །སྐད་ཅིག་ཉིད་ལ་ངོ་ཤེས་རང་ས་ཟིན། །ཀ་དག་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག །གལ་ཏེ་ངང་དེར་གྲོལ་བར་མ་ནུས་ན། །ནང་དབུགས་ཆད་ཚེ་འདའ་ཀའི་མན་ངག་གིས། །རིག་པ་དྭངས་མའི་ཐིག་ལེ་སྐར་མདའ་ལྟར། །ཚངས་པའི་ལམ་བརྒྱུད་བླ་མའི་ཐུགས་ཀར་འཕོས། །རྨི་ལམ་སད་བཞིན་མཁའ་སྤྱོད་ཞིང་བགྲོད་དེ། །ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ཤོག །འདའ་ཀས་མ་སྟོངས་འོད་གསལ་ངོས་མ་ཟིན། །ཅི་སྟེ་ཆོས་ཉིད་བར་དོ་མཐོང་བ་ན། །འོད་གསལ་ཟུང་འཇུག་ལ་ཐིམ་སྒྲ་འོད་ཟེར། །ཞིང་དང་ཁྲོ་ཚོགས་སྟོང་གསུམ་ཁམས་གང་ཞིང་། །སྣང་སྲིད་འོད་སྐུར་འཆར་བའི་དུས་ཀྱི་ཚེ། །རང་བཞིན་བསམ་གཏན་གནས་ལ་འཇུག་པའི་གནད། །རང་སྣང་ཉིད་དུ་ངོ་ཤེས་གདིང་ཐོབ་སྟེ། །ལྷུན་གྲུབ་ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག །ཐ་མ་བག་ཆགས་འཁྲུལ་བ་སྟོབས་ཆེ་བས། །ཆོས་ཉིད་ངོས་མ་ཟིན་པས་རང་ཡལ་ཏེ། །སྲིད་པ་བར་དོའི་གནས་སུ་ཁ་འཕྱན་ན། །འཇིགས་པའི་སྒྲ་དང་ཡ་ངའི་གཡང་ས་སོགས། །འཁྲུལ་སྣང་བར་དོའི་སྡུག་བསྔལ་མི་མཐོང་ཞིང་། །སྐྱེ་གནས་གཞན་དུ་ཉིང་མཚམས་མི་སྦྱོར་བར། །པདྨ་འོད་དུ་སྐད་ཅིག་བགྲོད་ནས་ཀྱང་། །གུ་རུ་རྗེ་ལས་དབང་བསྐུར་ལུང་བསྟན་ཐོབ། །ལམ་གྱི་ལྷག་མ་མ་ལུས་དེར་སྦྱངས་ཏེ། །དོན་གཉིས་ལྷུན་གྱིས་འགྲུབ་པའི་དཔལ་ཐོབ་ཤོག །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་དང་། །བདེན་གཉིས་རང་བཞིན་བསླུ་བ་མེད་པའི་སྟོབས། །བདག་གི་ལྷག་བསམ་དག་པའི་བདེན་པ་ཡིས། །སྨོན་ལམ་འདི་བཏབ་ངེས་པར་ཡོངས་འགྲུབ་ཤོག །ཅེས་བར་དོའི་ལམ་འཁྱེར་དང་སྦྱར་བའི་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་སྔགས་བན་བློ་གྲོས་བཟང་པོས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  །།

རྩོམ་སྒྲིག་པ། ཡང་གསང་།

47.2K