༄༅། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཞལ་གདམས་སྒྲ་འཁོར་ལས་ཕབ་ཞུས་ཅན་བཞུགས་སོ། 

༄༅། །ད་རེས་མཆེད་གྲོགས་ཚོར་ངས་བསམ་འཆར་སྤུ་ཙམ་ཞིག་ཞུ་རྒྱུར། སྤྱིར་རང་ཅག་བོད་ཆོས་ལྡན་གྱི་མི་རིགས། སྒོས་སུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་པའི་མི་རིགས་ཡིན་དུས་མ་གཞི་ཕལ་ཆེར་ཐམས་ཅད་ཀྱིས་ཧ་གོ་གོ་བ་འདྲ་པོ་རེད། ཡིན་ན་ཡང་ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་ཅེས་གསུངས་པ་ཡིན་དུས། དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་མཁན་དེ་ལ་ནང་པ་དང༌། སྐྱབས་སུ་མ་བཟུང་མཁན་དེ་ལ་ཕྱི་པ་ཟེར་བ་རེད། དཀོན་མཆོག་གསུམ་ནི། སངས་རྒྱས། ཆོས། དགེ་འདུན་གསུམ་ལ་ཞུས་པ་རེད། སངས་རྒྱས་ནི་འཇིག་རྟེན་མུན་པ་ལྟ་བུའི་ཀློང་ན་དམ་པའི་ཆོས་ཀྱི་སྒྲོན་མེ་ཉི་མ་ཤར་བ་ལྟར་བསྟན་ཏེ། བདག་ཅག་སེམས་ཅན་རྣམས་ཐར་པ་ཐམས་ཅད་མཁྱེན་པའི་ལམ་ལ་འདྲེན་མཁན་དེ་ལ་སངས་རྒྱས་ཞེས་ཞུས་པ་རེད། སངས་རྒྱས་དེས་སེམས་ཅན་ཐམས་ཅད་ཐར་པར་འདྲེན་པའི་སླད་དུ་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ལ་དམ་པའི་ཆོས་ཞེས་ཞུས་ཤིང་ལམ་ལྟ་བུ་ཞིག་རེད། དམ་པའི་ཆོས་དེ་ཚུལ་བཞིན་དུ་སློབ་ནས་སྒྲུབ་པ་དང༌། གཞན་ལ་འཆད་སྤེལ་བྱས་པ་ལ་སོགས་པའི་སྒོ་ནས་ཆོས་བརྒྱུད་འཛིན་མཁན་དེ་ལ་དགེ་འདུན་ཞེས་ཞུས་པ་རེད། དེ་ལྟ་བུའི་དཀོན་མཆོག་གསུམ་གྱི་ཡོན་ཏན་དེ་ཁྱད་པར་དུ་འཕགས་པ་ཡིན་ཙང༌། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཏེ་གཏན་གྱི་བདེ་བ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་སྦྱོར་མཁན་དེ་ངོ་ཤེས་པའི་ཐོག་ནས་སྐྱབས་སུ་འགྲོ་དགོས་ཀྱི་རེད། ད་ལྟ་ང་རང་ཚོ་ནང་པ་སངས་རྒྱས་པར་སོང་ཙང༌། ཆོས་ཐམས་ཅད་ཀྱི་རྩ་བའམ་རྨང་གཞི་ལྟ་བུ་དེ་སྐྱབས་འགྲོ་ལ་བརྟེན་ནས་འཇུག་དགོས་པ་ཡིན། དེ་ལྟ་བུའི་རྨང་གཞི་སྐྱབས་འགྲོར་འཇུག་པ་ལ། དད་པ་སྐྱབས་འགྲོའི་སྣ་འདྲེན་ཡིན། །ཞེས་གསུངས་པ་ཡིན་དུས། སྐྱབས་འགྲོ་ལ་འཇུག་པའི་སྒོ་ལྟ་བུ་དེ་དད་པ་རེད། དད་པ་མེད་ན་བྱིན་རླབས་འཇུག་ཐབས་གཏན་ནས་མེད་པ་རེད། དེ་ཡིན་དུས་མི་བསླུ་བ་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་ལ་སྙིང་ནས་ཡིད་ཆེས་ཀྱི་དད་པའི་ཐོག་ནས་སྐྱབས་སུ་བཅོལ་ཏེ་ཡིད་ལ་ངོ་ལྐོག་མདུན་རྒྱབ་མཚུངས་པ་ཞིག་གི་སྒོ་ནས་སྐྱབས་སུ་འགྲོ་དགོས་རྒྱུ་རེད། དེ་མིན་ཁ་ནས་སྐྱབས་སུ་མཆི་དང་སྐྱབས་སུ་མཆི། སྙིང་རྗེ་དང་སྙིང་རྗེ་ཟེར་ཞིང་དོན་ལ་དད་པ་དང་དམ་ཚིག་ལས་རྒྱུ་འབྲས་སོགས་གང་ལ་ཡང་གཙིགས་ཆེར་གཏོང་མི་དགོས་པ། རང་འདོད་གཡོ་སྒྱུའི་འཁྲུལ་འཁོར་ཤ་སྟག་བསྐོར་གྱིན་བསྡད་ན་འགྲིགས་ཀྱི་མ་རེད། སངས་རྒྱས་ཀྱི་བསྟན་པ་ངོ་ཐོག་དེ་ཕྱི་ན་ཡོད་མ་རེད། ནང་གང་ཟག་གི་ཤེས་རྒྱུད་ཀྱི་སྟེང་ན་གནས་ཡོད་པ་རེད། དེས་ན་བདག་ཅག་གི་སྟོན་པའི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པའི་དོན་རྡོག་རྡོག་ཏུ་དྲིལ་ན། བསམ་པ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་སྡིག་པ་ཡིན་པས་སྤང་དགོས། དེ་སྤང་ན་གཞན་གནོད་གཞིར་བཅས་སྤོང་བ་སོ་ཐར་གྱི་སྡོམ་པ་ཚང༌། བསམ་པ་དུག་གསུམ་དང་མ་འདྲེས་པའི་བྱ་བ་ཆེ་ཕྲ་ཅི་འདྲ་ཞིག་ཡིན་ཀྱང་དགེ་བ་ཡིན་པས་བསྒྲུབ་དགོས། དེ་སྒྲུབ་ན་དུག་གསུམ་དང་མ་འདྲེས་ཕྱིན་ཆད་གཞན་ལ་ཕན་འདོད་ཀྱི་བློ་ཞིག་ཀྱང་སྐྱེ་བ་ཡིན་པས། དེས་གཞན་ཕན་གཞིར་བཅས་སྒྲུབ་པ་བྱང་སེམས་ཀྱི་བསླབ་པ་ཚང༌། རྒྱུ་བསམ་པ་དགེ་བ་དང་མི་དགེ་བ་ལ་བརྟེན་ནས་བདེ་སྡུག་བཟང་ངན་གྱི་ལས་འབྲས་གཉིས་བྱུང་བ་ཡིན། དགེ་སྡིག་ཐམས་ཅད་ཀྱི་འབྱུང་ཁུངས་ནི་རང་གི་སེམས་འདི་གཅིག་པུ་ལ་ཐུག་པ་ཡིན་པས། རང་སེམས་རང་གིས་བསྲུང་ནས་རྒྱུན་དུ་འདུལ་དགོས་པ་ཡིན། རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དབྱེ་བར་མཛད་པ་ཐམས་ཅད་ཀྱང་རང་གི་སེམས་རྒྱུད་གཅིག་པུ་འདུལ་ཐབས་སུ་གསུངས་པ་རེད། སེམས་རྒྱུད་གྱོང་པོ་འདི་ཐུལ་ན། ཐ་མལ་གྱི་སྣང་ཞེན་རང་ཤུགས་ཀྱིས་ལྡོག་པར་འགྱུར་ནས་ཅིར་སྣང་དག་པ་རབ་འབྱམས་སུ་འཆར་བའི་རྐྱེན་དུ་འགྲོ་བས་གསང་སྔགས་ཀྱི་དམ་ཚིག་ཀྱང་ཚང༌། གཞན་ཡང་སེམས་རྒྱུད་ཐུལ་ན། བསམ་པ་བཟང་པོ་ཞིག་ཀྱང་སྐྱེས་ནས་འོང༌། བྱང་ཆུབ་ཀྱི་སེམས་ཟེར་བའི་མིང་སྙན་པོ་དེ་བསམ་པ་བཟང་པོ་འདི་ལ་ཟེར་བ་རེད། ཁྱད་པར་གསང་སྔགས་ཀྱི་དམ་ཚིག་འདི་དམ་ཆོས་འདུལ་བ་ལྟར་ལུས་ངག་གི་བྱ་སྤྱོད་ལ་མ་ལྟོས་པར། སེམས་རང་ཐོག་ནས་འཕྲལ་དང་འཕྲལ་དུ་ཉམས་འགྲོ་བ་ཡིན། དཔེར་ན། རྡོ་རྗེའི་སྤུན་གྲོགས་གཅིག་ལ་སྙིང་ནས་ཞེ་སྡང་དྲག་པོ་ཞིག་སྐྱེས་ན་དེ་མ་ཐག་ཏུ་རྩ་ལྟུང་གསུམ་པ་ཕོག་པ་རེད། ཡང་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཇི་འདྲ་ཞིག་ཡིན་ཀྱང་ལྟ་ཅི་སྨོས། ཐ་ན་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལའང་སྙིང་ནས་སྨོད་ན་རྩ་ལྟུང་དྲུག་པ་ཕོག་པ་རེད། ཉམས་ཆག་བྱུང་ནས་བཤགས་པས་མ་སླེབ་པར་ཡུན་ཇི་ཙམ་འགོར་བ་དེ་ཙམ་དུ་ཉེས་དམིགས་ལྕི་རུ་འགྲོ་བ་ཡིན་པས། གལ་སྲིད་ཉམས་ཆག་ཕྲན་བུ་རེ་བྱུང་ན་ཡང་སྣང་ཆུང་དུ་མི་འཇོག་པར་འཕྲལ་དུ་བཤགས་པ་ལ་འབད་དགོས། རྩ་བ་གསུམ་གྱི་ལྷ་གང་ཡང་རུང་བའི་དབང་བསྐུར་ཐོབ་ནས་བཟུང་དམ་ཚིག་ཏུ་ལྷ་དེའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཡི་དམ་དུ་བྱ་དགོས་པ་ཡིན། ཡི་དམ་མི་འདྲ་བའི་བསྒོམ་བཟླས་མང་པོ་མི་ལྕོགས་ན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིན་པས། འདི་ཉིད་བསྒོམ་ན་དཀྱིལ་འཁོར་ཐམས་ཅད་སྒོམ་པར་འགྱུར་ཞིང་ཉམས་ཆག་སྡིག་ལྟུང་སྦྱོང་བ་ལ་ཆེད་དུ་བསྔགས་པ་ཡིན། དེས་ན་དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལྟ་བུའི་རྒྱུན་ཁྱེར་ལ་བརྟེན་ནས་ཉིན་རེར་ཡིག་བརྒྱ་ཚར་ཉེར་གཅིག་ཙམ་ཉུང་མཐའ་བྱས་པས་མཚོན་ཏེ་ཅི་ནུས་བརྩོན་པ་གལ་ཆེ་བ་ཡིན། མདོར་ན་ཚང་མས་དབང་ཆོས་ཟབ་མོ་ཐོབ་པ་དོན་ལྡན་དུ་འགྱུར་བའི་ཆེད་དུ་རང་ནུས་ཅི་ཡོད་ཀྱི་དགེ་སྦྱོར་ཉམས་ལེན་སྤྱོད་ལམ་ཀུན་ཏུ་སྐྱོང་ཐུབ་པ་ཞིག་འབྱུང་ན་རང་དྲིན་རང་ལ་ཆེ་ངེས་ཡོང་རྒྱུ་རེད། དེ་ཡང་གོང་དུ་བཤད་པ་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་འདི་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་གཞན་ལ་གནོད་པར་འགྱུར་པའི་བྱ་བ་ག་རེ་བསྟན་པ་ཐམས་ཅད་སྡིག་པ་ཡིན་པས་དེ་འདྲའི་སྡིག་པ་མ་བྱེད་ཅེས་གསུངས་པ་རེད། དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཟེར་བ་གང་ཡིན་ཞེ་ན། སྒོ་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་གཞན་ལ་ཕན་པའི་རྒྱུ་རུ་གྱུར་ཚད་ཐམས་ཅད་དགེ་བ་ཡིན་པས། དེ་འདྲའི་དགེ་བ་ཅི་དྲག་གང་དྲག་གི་སྒོ་ནས་སྒྲུབ་དགོས་ཞེས་གསུངས་པ་རེད། གང་ལྟར་དགེ་སྡིག་གཉིས་ཀྱི་རྩ་བ་དེ་གང་ལ་ཐུག་ཡོད་ཟེར་ན། རང་གི་སེམས་ལ་ཐུག་ཡོད་རེད། དེས་ན་དགེ་བ་སྒྲུབ་མཁན་ཡང་སེམས་རེད། སྡིག་པ་བསགས་མཁན་ཡང་སེམས་རེད། སེམས་ལས་ལྷག་པའི་སྡིག་པ་བསགས་མཁན་དང་དགེ་བ་སྒྲུབ་མཁན་ཞིག་ལོགས་སུ་གཏན་ནས་ཡོང་མི་སྲིད་པ་རེད། སེམས་ཁོ་རང་གིས་ལུས་ངག་གཉིས་པོ་གཡོག་བཀོལ་ནས་དགེ་སྡིག་བཟང་ངན་གཉིས་ཀའི་ལས་བསགས་ཀྱི་ཡོད་རེད། དེ་ཡིན་ཙང་རྒྱུ་དགེ་སྡིག་གཉིས་ཀྱི་རྩ་བ་སེམས་ལ་ཐུག་ཟེར་བའི་དོན་དག་ངོ་མ་འདི་རེད་བསྡད་ཡོད། ད་ལྟ་རང་གི་སེམས་ཀྱི་ངོ་བོ་རང་གིས་མ་ཤེས། སེམས་ཁོ་རང་མ་དྲན་དགུ་དྲན་ཞིག་དྲན་ཏེ། གཏད་མེད་སྨྱོན་པ་ས་ཕྱོགས་ག་ས་ག་ལ་བཏང་བཞག་པ་ལྟ་བུ་ཞིག་ཆགས་པའི་རྐྱེན་བྱས་ཏེ། རྒྱུ་མི་དགེ་བའི་ལས་སྣ་ཚོགས་བསགས་ནས་འབྲས་བུ་སྡུག་བསྔལ་མྱོང་བ་རེད། དེ་ཡིན་དུས་དང་པོ་འཁོར་བ་སྡུག་བསྔལ་མྱོང་བའི་རྒྱུ་ཉོན་མོངས་པ་ཐམས་ཅད་འཕྲོ་བར་བྱེད་པའི་གཞི་སེམས་མ་རིག་པ་ཁོ་རང་བཅོས་ཀ་བྱེད་དགོས་ཞེས་གསུངས་པ་རེད། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་འདྲ་པོ་དེ་སེམས་ཁོ་རང་ཡིན་པ་ཧ་གོ་ཐུབ་ན། སེམས་ཁོ་རང་གི་ཚོད་འདྲ་པོ་དེ་རང་གིས་དྲན་པ་བསྟེན་ནས་ཉོན་མོངས་པའི་མགོ་རིམ་པས་མར་བཅག་གང་ཐུབ་བཏང་ནས། སེམས་ཆིག་སྒྲིལ་དུ་ཤར་གང་ཐུབ་ཞིག་ལ་གཏོང་ཐུབ་དགོས་ཀྱི་རེད། དགེ་བའི་ཕྱོགས་ལ་བསམ་བློ་བཏང་སྟངས་ཀྱི་ཁྱད་པར་གཅིག་ཡིན་ན་ཡང༌། སེམས་དེས་དད་པ་དང་མོས་གུས་བཅོས་མ་མ་ཡིན་པ་ཞིག་གི་སྒོ་ནས་བླ་མ་དཀོན་མཆོག་གི་ཡོན་ཏན་ཤེས། དཀོན་མཆོག་གསུམ་པོར་སྐྱབས་སུ་བཟུང་ནས་རིམ་པས་རང་གཞན་ཐར་པ་ཐོབ་པའི་རྒྱུ་སྒྲུབ་མཁན་ཡང་སེམས་དེ་རེད། དེ་ཡིན་ཙང་དགེ་སྡིག་ཐམས་ཅད་ཀྱི་རྩ་བ་སེམས་ཁོ་རང་ལ་ཐུག་པ་དེ་ཧ་གོ་བའི་ཐོག་ནས་རང་གི་སེམས་རང་གིས་བཅོས་དགོས། སེམས་ཁོ་རང་ལ་བརྟག་དཔྱད་ནན་ཏན་དུ་བཏང་ཡག་འདི་ཉམས་ལེན་གྱི་རྡོག་རྩ་ཐམས་ཅད་དེ་ལ་ཐུག་ཡོད་རེད། དེ་ལྟར་དམ་པའི་ཆོས་ཟབ་མོའི་སྒོར་ཞུགས་ནས་ཉམས་སུ་ལེན་པ་ལ། དང་པོ་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་དགོས། ད་ལྟ་རང་ལ་འདུས་བྱས་ཀྱི་སྒྲིབ་པ་དེ་མ་དག་པ་ཡིན་ཙང༌། བླ་མ་སངས་རྒྱས་དངོས་སུ་མཇལ་བའི་སྐལ་བ་ནི་མེད་པ་རེད། ཡིན་ན་ཡང་སངས་རྒྱས་དངོས་སུ་མཇལ་བ་ལས་ལྷག་པའི་ཆོས་ཟབ་མོ་བསྟན་མཁན་དེ་བླ་མ་དགེ་བའི་བཤེས་གཉེན་ལ་རག་ལས་པ་རེད། ད་རེས་བླ་མ་དགེ་བའི་བཤེས་གཉེན་གྱི་རྗེས་སུ་བཟུང་བ་དེ་ཁྱད་པར་གྱི་སྐལ་བ་བཟང་པོ་ཡིན་པ་ངོས་བཟུང་དགོས་ཀྱི་རེད། བླ་མ་དགེ་བའི་བཤེས་གཉེན་གྱིས་བླང་དོར་གྱི་མིག་ཕྱེ་ནས། ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ལམ་གྱི་གནད་འགག་འདི་དང་དེ་རེད་ཅེས་ངོ་སྤྲོད་པ་སོགས་སངས་རྒྱས་དངོས་ཀྱི་ཕྲིན་ལས་བླ་མའི་མཛད་པ་ཡིན་པ་ངོས་བཟུང་དགོས་ཀྱི་རེད། དེས་ན་བླ་མས་གང་བསྟན་པ་ཐམས་ཅད་རང་གི་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་ཤེས་ན། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཡིད་གཉིས་ཐེ་ཚོམ་གཏན་ནས་མི་དགོས་པ་རེད། དེ་ལྟར་བླ་མའི་གདམས་ངག་ཉམས་སུ་ལེན་སྟངས་ཀྱི་གནད་བརྒྱ་ཐམ་པ་མདོར་གཅིག་ལ་འདྲིལ་ན། ལས་སླ་པོ་ཞིག་དང་ཁྱད་ཆེན་པོ་ཞིག་ཡོད་རེད། གང་ཡིན་ཟེར་ན། དུས་ད་རེས་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དེ་མ་ནུབ་པར་གནས། གནས་པ་ཙམ་དུ་མ་ཟད་རང་རེ་གསང་སྔགས་ཀྱི་བསྟན་པའི་སྒོར་ཞུགས་པ་ཡིན་དུས་ཤིན་ཏུ་ནས་ཀྱང་སྐལ་བ་བཟང་པོ་ཞིག་རེད། དེ་ཡིན་ཙང་གསང་སྔགས་ཞེས་པ་ལས་དང་པོ་གསང་ཞེས་བྱ་བ་ནི། གདུལ་བྱ་གང་ཟག་བློ་ཆུང་བ་ཐམས་ཅད་ལ་གསང་ན་མ་གཏོགས་གསང་བའི་དོན་དེ་ཟབ་ཆེ་བའི་དབང་གི་རྒྱུད་ལ་ཉར་ཐུབ་ཀྱི་ཡོད་མ་རེད། གསང་སྔགས་ཀྱི་ཆོས་དེ་ཁྱད་པར་འཕགས་ཚུལ་ག་འདྲ་རེད་ཟེར་ན། གསང་སྔགས་ཀྱི་སྐབས་སུ་ཚོགས་བསགས་པའི་ཐབས་མང་བས་དཀའ་སྤྱད་ཆེན་པོ་མི་དགོས་པ་དང༌། ལམ་སྒྲུབ་པ་པོའི་གང་ཟག་དབང་པོ་རྣོན་པོའི་དབང་དུ་བྱས་ནས་དོན་ལ་མ་རྨོངས་པའི་ཁྱད་པར་གྱི་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་ཟབ་མོ་ཡོད་པ་ཡིན་དུས་སྔགས་ཀྱི་ཐེག་པ་ཁྱད་པར་འཕགས་ཚུལ་དེ་འདྲ་རེད། སྤྱིར་སྔགས་ཞེས་པའི་སྒྲ་དོན་ནི་ལེགས་སྦྱར་སྐད་དུ་མནྟྲ་ཟེར་ན་ཡང་གཙོ་བོ་ཡིད་ཀྱི་སྣང་བ་ཕལ་པ་ལས་སྐྱོབ་པར་བྱེད་པའི་ངོ་བོ་ཡིན་དུས་རྩ་བ་ལམ་བདེ་བ་དང༌། དུས་ཡུན་དུ་མི་འགོར་བར་མྱུར་བའི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་ཟབ་མོ་རེད། སྤྱིར་ཐེག་པ་ཆེ་ཆུང་སོགས་ཉམས་སུ་ལེན་སྟངས་དེ་གཙོ་བོ་ལྟ་བའི་སྒོ་ནས་ཁྱད་པར་ཆེན་པོ་ཞིག་འགྲོ་གི་ཡོད་རེད། དཔེར་ན། ཐང་ཆེན་པོ་ཞིག་ལ་དུག་གི་སྡོང་པོ་ཞིག་སྐྱེས་ཡོད་ན། མི་བློ་སྟོབས་ཆུང་བ་ཚོས་དུག་དེ་སོ་སོའི་ཁར་སོང་ན་ཤི་བ་མ་གཏོགས་གཞན་མི་འོང་སྙམ་པའི་བློས་དུག་གི་སྡོང་པོ་དེ་རྩ་བ་ནས་བཅད། ས་ཐག་རིང་ས་ལ་དབྱུག །ད་དུང་དེའི་རྩ་བ་ནས་ཡང་བསྐྱར་སྐྱེ་འོང་སྙམ་པའི་བློས་དུག་གི་རྩ་བ་ཙམ་ཡང་མ་ལུས་པར་བརྐོས་པའི་ཐབས་ཤེས་སོགས་མི་བློ་སྟོབས་ཆུང་བ་ཚོས་དེ་འདྲ་བྱས་ཀྱི་ཡོད་རེད། དེའི་དོན་ནི་དུག་འདི་མ་རིག་པ་ལ་དཔེ་བཞག་གི་ཡོད་རེད། དུག་སྡོང་དེའི་རྩ་བ་ཙམ་ཡང་མ་ལུས་པར་བྱ་དགོས་སྙམ་པའི་བློས་རྩ་བ་ནས་བརྐོས། ས་ཐག་རིང་སར་དབྱུག །དཀའ་ངལ་ཆེན་པོ་བྱས་དགོས་པ་ལྟ་བུ་ནི། ཉན་ཐོས་དང་རང་རྒྱལ་གྱི་ལྟ་བས་ཉོན་མོངས་པ་ཐམས་ཅད་དུག་བཞིན་དུ་ཕར་སྤང་གི་ཡོད་རེད། ཉོན་མོངས་པ་སྤང་སྟངས་དེ་གང་འདྲ་རེད་ཟེར་ན། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་པ་དང༌། ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་པ། གཏི་མུག་གི་གཉེན་པོ་རྟེན་ཅིང་འབྲེལ་འབྱུང་བསྒོམ་པ་སོགས་གཉེན་པོ་ཞིག་ལོགས་སུ་བསྟེན་ནས་ཉམས་སུ་ལེན་པས་འབྲས་བུ་དགྲ་བཅོམ་པའི་གོ་འཕང་ཐོབ་སྟངས་དེ་འདྲ་གསུངས་ཡོད་རེད། དེའི་རྗེས་སུ་སྔར་གྱི་དུག་སྡོང་བརྐོས་སར་བློ་སྟོབས་ཆེ་བའི་མི་ཁ་ཤས་འབྱོར་ཞིང༌། ཁྱོད་རང་ཚོ་ག་རེ་བྱས་ཀྱི་ཡོད་ཟེར་བས། ང་ཚོ་དུག་སྡོང་དེས་མི་ཐམས་ཅད་ཀྱི་སྲོག་ལ་ཉེན་ཁ་འདུག་སྙམ་ནས་ཐམས་ཅད་ཕྱི་ལ་བཏོན་པ་མ་ཚད། 1$1000240རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་ཕྱིར་བཏོན་གྱི་ཡོད་ཟེར་བ་རེད། དེ་དུས་མི་བློ་སྟོབས་ཆེ་བ་ཚོས་ཟེར་ན། དེ་ལྟར་དུག་འདིའི་རྩ་བ་ཁོ་རང་བཏོན་ཏེ་མར་དབྱུག་དགོས་པ་ཐག་ཆོད་རེད་འདུག་སྟེ། ཡིན་ན་ཡང་ཕྱིན་ཆད་དུག་གི་སྡོང་པོ་དེ་མི་སྐྱེ་བའི་དོན་དུ་རྩ་བ་ཙམ་ཡང་མ་ལུས་པར་བསྔོགས་ཏེ་ཐག་རིང་ས་ལ་དབྱུག་ནས་དཀའ་ལས་དེ་འདྲ་བྱས་མི་དགོས། ག་རེ་རེད་ཟེར་ན། སྔར་གྱི་དུག་སྡོང་དེ་བསྔོགས་པའི་ཤུལ་ལ་ཆུ་ཁོལ་མ་ཚ་པོ་ཞིག་བླུགས་བཞག་ན་ཡར་སྐྱེས་མི་ཐུབ། ཐབས་དེ་ལྟ་བུའི་སྒོ་ནས་ལས་སླ་པོ་བྱས་རྒྱུ་ཡོད་ཟེར་བ་རེད། དེའི་དོན་ནི་བྱང་ཆུབ་སེམས་དཔའི་ཐེག་པའི་སྐབས་སུ་ཉོན་མོངས་པ་སྤང་བ་ལ་གཅིག་པ་ཡིན་ན་ཡང་སྤང་སྟངས་དེ་ཉན་ཐོས་པའི་སྤང་བླང་ལྟར་དཀའ་ལས་དེ་ཙམ་བྱས་མ་དགོས་པ་རེད། གང་ཡིན་ཟེར་ན། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་རྣམ་པ་གཉིས་པོ་དེ་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཉམས་སུ་ལེན་གྱི་ཡོད་རེད། ཡང་དེའི་རྗེས་སུ་སྨན་པ་ཞིག་སླེབ་པ་རེད། སྨན་པས་ཁྱོད་རང་ཚོ་ཅི་བྱས་ཀྱི་ཡོད་ཟེར་བས། སྔར་བཞིན་དུག་སྡོང་འདི་རྩ་བ་ནས་བརྐོས་ཏེ་མར་དབྱུག་གི་ཡོད་ཟེར་དུས། ཨ་ཁ་ཁ་དུག་དེ་རྩ་བ་ནས་བརྐོས་ཏེ་ཕྱིར་དབྱུག་མི་དགོས། ང་རང་སྨན་པ་ཡིན། ངས་དུག་དེ་སྨན་དུ་སྦྱོར་ནས་ད་དུང་དུག་གི་གཉེན་པོ་གཅིག་ཆོག་ཞིག་ཡོང་རྒྱུ་ཡིན་པ་ལ། ད་ཚུན་ང་རང་དུག་རིགས་དེ་འདྲ་མ་རྙེད་པར་བསྡད་ཡོད་ཟེར་བ་རེད། དེ་ནས་འདི་ན་ཡོད་པའི་དུག་རིགས་དེ་ཚོ་བཅོས་ཀ་བྱེད་ཆོག་ཟེར་ནས་ཚང་མས་དེ་འདྲ་བྱས་པ་རེད། དེའི་དོན་ནི་གསང་སྔགས་རྡོ་རྗེ་ཐེག་པས་ཉོན་མོངས་པ་ལོགས་སུ་སྤང་ནས་དཀའ་ལས་ཆེན་པོ་བྱས་མ་དགོས་པ་ཉོན་མོངས་པ་ཁོ་རང་ཡེ་ཤེས་སུ་ཚུར་གནས་བསྒྱུར་ཐུབ་ཀྱི་ཡོད་པ་རེད། ཤིན་ཏུ་ཐབས་ཟབ་མོའི་ཉམས་ལེན་དེ་འདྲ་བསྟན་གནང་བ་རེད། ཡང་སྔར་གྱི་དུག་ཡོད་ས་དེ་ན་རྨ་བྱ་གཅིག་སླེབ་པ་རེད། དེ་ནས་རྨ་བྱས་བརྟག་དཔྱད་རྩ་བ་ཉིད་ནས་མ་བཏང་བར་དུག་དེ་མཐོང་མ་ཐག་ཏུ་སེམས་དགའ་བཞིན་དུ་ལོངས་སུ་སྤྱད་བཞག་པ་རེད། དེ་ལྟར་དུག་འདི་ལོངས་སྤྱོད་མ་ཐག་ཏུ་རྨ་བྱ་ཁོ་རང་གི་སྒྲོ་མདངས་དེ་སྔར་ལས་ལེགས་པ་ཞིག་རྒྱས་སོང་བ་རེད། དེའི་དོན་དག་གང་ཡིན་ཟེར་ན། དཔེ་རྨ་བྱའི་ཚུལ་འདྲ་པོ་དེ་གསང་སྔགས་རྫོགས་ཆེན་པས། སེམས་ཉོན་མོངས་པ་དེ་ཚོ་ཡེ་ནས་སྤང་བྱར་མ་གྲུབ་པ་ཤེས་པའི་ཐོག་ནས་ཁོ་རང་ལོངས་སུ་སྤྱད་དུས། ད་དུང་རྨ་བྱའི་སྒྲོ་མདངས་སྔར་ལས་རྒྱས་པ་བཞིན་དུ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རྩལ་རྫོགས་འགྲོ་གི་ཡོད་རེད། དཔེ་དེ་བཞིན་དུ་ལྟ་བའི་ཐོག་ནས་མཐོ་དམན་གྱི་ཁྱད་པར་དེ་འདྲ་ཡོད་རེད། དུག་གིས་སྒྲོ་མདངས་རྒྱས་པའི་དཔེ་རྨ་བྱ་མ་གཏོགས་མེད་པ་བཞིན་དུ། ལྟ་བ་ཐད་ཀར་ངོ་སྤྲོད་པའི་གདམས་ངག་ཟབ་མོ་སྒོམ་པ་གོམས་པས་སྣང་སྲིད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལས་འཁོར་འདས་སྤང་བླང་ཡེ་ནས་མེད་པར་ཤེས་པའི་ལྟ་བ་ཁྱད་པར་དུ་འཕགས་པ་དེ་གསང་སྔགས་རྫོགས་པ་ཆེན་པོ་ལ་མ་གཏོགས་ཐེག་པ་གཞན་ལ་གཏན་ནས་མ་གྲགས་པ་རེད། དེ་ལྟ་བུའི་ལྟ་བ་མཐོ་དམན་གྱི་རྣམ་པ་དེ་ཚོ་གདུལ་བྱ་རང་རང་སོ་སོའི་རྒྱུད་ཚོད་དང་བསྟུན་ཏེ་ཉམས་སུ་ལེན་སྟངས་མཁས་པ་ཞིག་མ་བྱུང་ན་ཉེན་ཁ་ཆེན་པོ་ཡོང་མདོག་རེད། དེ་ཡིན་ཙང་གསང་སྔགས་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ། ལམ་གྱི་དགོངས་པའི་ལྟ་བ་དེ་ཕུ་ཐག་ཆོད་དགོས་པ་རེད། གུ་རུ་རིན་པོ་ཆེའི་གསུངས་ལས། ངའི་ལྟ་བ་དེ་རྫོགས་པ་ཆེན་པོ་ཡིན། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་ཞིག་བྱེད་དགོས་ཞེས་གསུངས་པ་རེད། གང་ཡིན་ཟེར་ན། ལྟ་བ་དེ་ཕལ་ཆེར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་གཏན་ལ་ཕབ་ནས་བསྟན་གྱི་ཡོད་རེད། ད་ལྟ་ང་རང་ཚོ་ཉམས་སུ་ལེན་མཁན་ལས་དང་པོ་པའི་གང་ཟག་ཕལ་ཆེར་གྱིས་སྟོང་པ་ཉིད་ཀྱི་དོན་མངོན་དུ་གྱུར་ཐུབ་ཡོད་མ་རེད། དེ་ལྟར་སྟོང་པ་ཉིད་ཀྱི་དོན་མངོན་དུ་མ་གྱུར་གྱི་བར་དུ་ཀུན་རྫོབ་ལས་རྒྱུ་འབྲས་དང༌། དགེ་སྡིག་བཟང་ངན། འབྲས་བུ་ཕན་གནོད་ཟེར་བ་ཐམས་ཅད་གྲུབ་པ་རེད། ཐམས་ཅད་སྟོང་པ་ཉིད་རེད་འདུག །དགེ་བ་ཡང་མི་འདུག །སྡིག་པ་ཡང་མི་འདུག་སྙམ་པའི་བློས་གང་བྱུང་མང་བྱུང་བྱས་ན། ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་སོང་བ་རེད། དེ་ཡིན་དུས་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་ཟེར་གྱི་ཡོད་རེད། དངོས་གནས་ལྟ་བ་དེ་སྟོང་ཉིད་ཡིན་པའི་གནས་ལུགས་འདི་ཧ་གོ་ནས་སྒོམ་པའི་ངང་སྐྱོང་སྟེ། གང་འཚམས་ཞིག་ནས་གཉིས་འཛིན་གྱི་སྣང་བ་ཐམས་ཅད་རང་བཞིན་གྱིས་མར་ཞི་བའི་སྐབས་ལ་ཕན་གནོད་བདེ་སྡུག་སོགས་གང་ཡང་མེད་པར་ཤེས་པའི་དུས་ཚོད་གཅིག་ཤར་ན། དངོས་གནས་དྲང་གནས་ལྟ་བའི་ཕྱོགས་ལ་སླེབ་པ་རེད། ཡང་གུ་རུ་རིན་པོ་ཆེས། ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་པ་རེད། གང་ཡིན་ཞེ་ན། ལྟ་བ་སྟོང་ཉིད་ཀྱི་དོན་དེ་ཧ་གོ་ན་ཡང་སྤྱོད་པ་ཉམས་ལེན་གྱི་ཐོག་ནས་གཉིས་འཛིན་གྱི་སྣང་བ་ཐམས་ཅད་ཞིག་སྟེ། གནས་ལུགས་ཀྱི་དོན་མངོན་དུ་མ་གྱུར་གྱི་བར་དུ་ལྟ་བའི་རྒྱུན་སྐྱོང་དགོས་པ་རེད། ཡང་སྤྱོད་པའི་ཕྱོགས་སུ་ལྟ་བ་དེ་མ་ཤོར་བ་བྱེད་དགོས་གསུངས་པ་རེད། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་རྒྱུ་དེ་གང་ཡིན་ཟེར་ན། ཨའོ་གནས་ལུགས་སྟོང་པ་ཉིད་ཡིན་ཏེ་ཡིན། ཡིན་ནའང་སྟོང་པ་ཉིད་ཡིན་པའི་དོན་ཧ་གོ་བ་ཙམ་གྱིས་སྟོང་པ་རེད་འགྲོ་གི་མི་འདུག །རང་གི་ལུས་སེམས་རྣམ་རྟོག་གི་འཆར་སྒོ་གང་དང་གང་ཡིན་ན་ཡང་སྔ་མ་ནང་བཞིན་ལས་མེད་པ་ནི་འགྲོ་གི་མི་འདུག་སྙམ་པའི་ལྟ་བ་ལ་ཡིད་མ་ཆེས་པར་བསྡད་ན། ལུས་ངག་གི་སྤྱོད་པ་ཁོ་རང་གཙོ་བོར་འདོན་བྱས་པས་གནས་ལུགས་ལྟ་བའི་དོན་དེ་ནམ་ཡང་ཕུ་ཐག་ཆོད་ཐུབ་ཀྱི་མ་རེད། དེ་ཡིན་ཙང་ལྟ་སྤྱོད་གཉིས་པོ་ཕྱོགས་རིས་མ་ཕྱེ་བ་ཞིག་གིས་ལྟ་བའི་ངོས་ནས་བྱ་རྒོད་པོས་གནམ་འཕང་གཅོད་པ་འདྲ་པོའི་ཐག་ཆོད་པ་ཞིག་དང༌། སྤྱོད་པའི་ངོས་ནས་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་གྲོ་ཞིབ་དར་ཚགས་ལ་དྲངས་པ་ལྟ་བུ་ཞིག་དགོས་ཞེས་གསུངས་པ་རེད། ད་ལྟ་ང་རང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་གཅིག་དང༌། ལྷག་པར་དམ་པའི་ཆོས་ཀྱི་ལྟ་བ་ལ་བློ་ཁེལ་བས་འཇུག་ལ། དངོས་གནས་ལག་ཏུ་ལེན་ཡག་འདི་སྙིང་ནས་ཡིད་ཆེས་ཀྱི་དད་པ་བརྟན་པོ་མི་ལྡོག་པ་ཞིག་དང༌། འགྲོ་བ་སེམས་ཅན་སུ་དང་སུ་ལ་ཡིན་ན་ཡང་གཡོ་སྒྱུ་མེད་པའི་བསམ་པ་བཟང་པོ་ཞིག་ངེས་པར་དུ་དགོས་ཀྱི་རེད། རང་རེ་ཆོས་པ་རྣམས་ཀྱི་གཞུང་འདྲ་པོ་དེ་འཕོ་འགྱུར་མེད་པ་རི་བོ་ལྟ་བུའི་དད་པ་དང༌། ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུའི་དད་པ། རྐྱེན་གང་གིས་ཀྱང་འགྱུར་བ་མེད་པའི་བློ་བརྟན་པོ་ཞིག་ལ་གཞི་བཞག་དགོས་པ་མ་གཏོགས་སྐབས་རེ་ངོ་གདོང་དཀར་དུས་ཁ་ནས་སྐྱབས་སུ་མཆི་དང་སྐྱབས་སུ་མཆི། སྙིང་རྗེ་དང་སྙིང་རྗེ་ཟེར་བས་ཁ་མིག་འཛུམ་འཛུམ་གྱིས་དད་པ་དང་སྙིང་རྗེའི་རྣམ་པ་དེ་ཚོ་ད་ལྟ་ཉིད་ནས་འགྱུར་ཆོག་ཆོག་ཡོད་རེད། དེ་ལྟ་བུའི་འགྱུར་ལྡོག་ཅན་གྱི་གང་ཟག་ལ་བླ་མ་དཀོན་མཆོག་གི་ཐུགས་རྗེ་བྱིན་རླབས་ལས་སླ་པོར་འཇུག་རྒྱུ་ཁག་པོ་རེད། དམ་པའི་ཆོས་གང་དང་གང་ཡིན་ནའང༌། ཐམས་ཅད་སངས་རྒྱས་ཀྱི་གསུང་ཤ་སྟག་ཡིན་ཙང༌། དད་པ་དང་དག་སྣང་བརྟན་པོས་གུས་བཀུར་བྱེད། མཆེད་གྲོགས་ཆོས་མཛད་རྣམས་ལ་བརྩེ་གདུང་རྒྱུན་མི་ཆད་པ་ཞིག་སྐྱོང་དགོས་ཀྱི་རེད། དེ་ལྟ་བུའི་ངང་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པ་ནི་ཐུན་མོང་དུ་ལུས་ངག་གི་སྒྲིབ་པ་སྦྱང་བའི་ཐབས་རེད། ཐུན་མོང་མ་ཡིན་པ་གསང་བ་སྔགས་ཀྱི་ལམ་ནས་ཡི་དམ་གྱི་ལྷ་སྒོམ་རྒྱུ་དང༌། གཟུངས་སྔགས་བཟླ་རྒྱུ་ལ་སོགས་པ་གང་དང་གང་ཡིན་ན་ཡང་གཙོ་ཆེ་བ་གདམས་པ་གསུམ་གྱིས་རྩིས་ཟིན་པ་ཞིག་ངེས་པར་དུ་དགོས་ཀྱི་རེད། དེས་ན་དང་པོ་སྦྱོར་བ་སེམས་བསྐྱེད་ཀྱི་དམ་པ་ཞེས་སེམས་ཅན་ཐམས་ཅད་ཡེ་གདོད་མ་ཉིད་ནས་སངས་རྒྱས་ཀྱི་རྒྱུ་ཡིན་ཀྱང་མ་རིག་པས་བསྒྲིབས་ནས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བ་ལ་འཁྱམས་ཡོད་པ་རེད། དེ་དག་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱའོ་སྙམ་པ་སྦྱོར་བ་སེམས་བསྐྱེད་ཀྱི་དམ་པ་རེད། དངོས་གཞི་དམིགས་མེད་དམ་པ་ནི། རང་གིས་ཉམས་ལེན་གང་དང་གང་ཡིན་ན་ཡང་ཉམས་སུ་ལེན་པ་དེའི་རིང་ལ་མ་ཡེངས་པ་ཞིག་དགོས་རྒྱུ་རེད། དཔེར་ན་སྐྱབས་འགྲོའི་ཕྱག་བརྒྱ་ཐམ་པ་འཚལ་ནའང་འདྲ། ཡང་ན་ཕྱག་ཉི་ཤུ་རྩ་གཅིག་གམ་ལན་གསུམ་ཙམ་ལས་མ་འཚལ་ནའང༌། ཕྱག་འཚལ་བ་དེའི་རིང་ལ་སེམས་མ་ཡེངས་པ་ཞིག་དགོས་རེད། དཔེ་དེ་ལྟ་བུས་མཚོན་ནས་སྒྲུབ་བྱའི་དམིགས་རིམ་གྱི་སྐོར་ག་རེ་བསྟན་པ་ཐམས་ཅད་སྣང་ཙམ་གྱི་ངང་ནས་གསལ་བཏབ་སྟེ་སྒོམ་པ་ལས་སེམས་ཡུལ་གཞན་དུ་རྩ་ནས་མ་ཡེངས་པ་ཞིག་བྱེད་རྒྱུ་དེ་ལ་དངོས་གཞི་དམིགས་མེད་དམ་པ་ཟེར་བ་རེད། རྗེས་བསྔོ་བའི་དམ་པ་ཞེས་པ་དགེ་བ་གང་དང་གང་སྒྲུབ་ནའང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་དགོས་པ་ཡིན། ཚུལ་དེ་ལྟ་བུའི་སྒོ་ནས་དགེ་བ་འདི་མ་བསྔོས་ན་ཁོང་ཁྲོ་དྲག་པོ་སོགས་ཉོན་མོངས་པ་ཞིག་བསྐྱེད་ཡོང་དུས་དགེ་བ་གང་སྒྲུབ་ཚད་ཐམས་ཅད་དུས་གཅིག་ཏུ་འཇོམས་འགྲོ་གི་ཡོད་རེད། དེ་ཡིན་ཙང་དགེ་བ་དེ་སྒྲུབ་ནས་ལམ་སང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་ཡིན་སྙམ་པའི་བློས་བསྔོ་བ་དེ་ལ་རྗེས་བསྔོ་བའི་དམ་པ་ཟེར་གྱི་ཡོད་རེད། དེ་ལྟར་དགེ་བ་དེ་བསྔོ་ཚར་བའི་མཇུག་ལ་གཏམས་བཞག་པ་དང་གཅིག་པ་ཡིན་ཙང༌། དུས་ནམ་ཡང་ཆུད་མི་ཟ་བའི་ཐོག་གོང་ནས་གོང་དུ་འཕེལ་འགྲོ་གི་ཡོད་རེད། ད་ལྟ་ང་ཚོའི་ཆོས་ཟབ་མོ་ཐོས་པའི་རྟགས་འདྲ་པོ་དེ་གང་འདྲ་དགོས་ཀྱི་རེད་ཟེར་ན། ཐོས་རྟགས་ཞི་བ་འདུལ་བ་ཞེས་གསུངས་དུས། དམ་པའི་ཆོས་ཐོས་པའི་རང་རྟགས་ངོ་མ་དེ་སོ་སོའི་སེམས་ཞི་བ་དང་དུལ་བ་ཡོང་དགོས་པ་མ་གཏོགས། དམ་པའི་ཆོས་ཐོས་ནས་ཁོང་ཁྲོ་བསྐྱེད། འཐབ་མོ་བྱེད། ཁ་བདེ་པོ་བཤད། གཞན་དག་མགོ་བསྐོར་བཏང༌། རང་དོན་དོན་དུ་གཉེར། སེམས་སྤོབས་པ་ཞུམ། ཐང་ཆད་དགོས་ཞེས་པའི་སྲོལ་ནི་སངས་རྒྱས་ཀྱིས་བཀའ་གནང་ཡོད་མ་རེད། སེམས་ཞི་ཞིང་དུལ་བ་ཟེར་ན་ཡང་འདྲ་སྟེ། ཉོན་མོངས་པ་ཐམས་ཅད་སྤང་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད་རེད། ད་ལྟ་ང་རང་ཚོའི་སེམས་ཉོན་མོངས་པ་ཐམས་ཅད་རྩ་བ་ནས་སྤོང་མ་ཐུབ་ན་ཡང་ཆོས་ཞུས་པའི་རྗེས་སུ་རང་གི་རང་ལ་བརྟག་དཔྱད་བཏང་དུས། རང་ཉིད་སྔ་མ་ཞེ་སྡང་གི་ངར་ལྟ་བུ་ཞིག་ཡིན་ན་ཡང༌། ཞེ་སྡང་ལང་བ་ལ་ཅུང་ཟད་ཅིག་ངང་རིང་དུ་ཕྱིན་འདུག་བསམ་པ་དེ་འདྲ་ཞིག་གིས་ཐོས་རྟགས་ཞི་བ་དང་འདུལ་བ་དགོས་རྒྱུ་རེད། དཔེ་དེ་ལྟ་བུས་མཚོན་ནས་འདོད་ཆགས་ལ་སོགས་པ་སེམས་ཉོན་མོངས་པ་ག་རེ་ཡིན་ན་ཡང་ཐོས་རྟགས་ཞི་འདུལ་དགོས་ཀྱི་རེད། ཆོས་ཟེར་བ་ཡང་ནས་ཡང་དུ་རང་གིས་རང་ལ་བརྟག་དཔྱད་མ་བཏང་ན། ཆོས་ཆོས་བཞིན་དུ་མ་བྱས་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་པ་དེ་འདྲ་ཞིག་ཀྱང་གསུངས་ཡོད་རེད། རང་རེ་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སེམས་ཉོན་མོངས་པར་ཧ་ཅང་གོམས་བསྡད་པ་ཡིན་ཙང༌། ཆོས་ཐོས་པ་ཙམ་གྱིས་ལམ་སང་ཉོན་མོངས་པ་རྩ་མེད་དུ་འགྲོ་ཐུབ་ཀྱི་ཡོད་མ་རེད། དེ་ཡིན་དུས་ཆོས་ཐོས་པའི་དོན་དེ་གོ་བ་ཧོབ་སད་དུ་རང་གི་སེམས་ལ་མ་འབྱོར་ན། ཤེས་པ་ནང་དུ་ཁ་ལོག་ནས་ལྟོས་ལ་ཐོས་བློས་ཉམས་མྱོང་བསགས་པ་ཞིག་འབད་དགོས་པ་རེད། ད་རེས་རང་ཅག་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོར་མ་ཞུགས་མཁན་མེད་པ་ལྟ་བུ་ཞིག་རེད། གསང་སྔགས་ཀྱི་ཆོས་འདི་ནི་ཁེ་ཆེ་ལ་ཉེན་ཡང་ཆེ་བ་གཉིས་ཀ་རེད། གང་ཡིན་ཟེར་ན། གསང་སྔགས་ཀྱི་དབང་དང་གདམས་ངག་ཟབ་མོ་ཞིག་ཐོབ་ནས་ཉམས་སུ་ལེན་པའི་སྒོ་ནས་ཐར་པ་ཐོབ་པ་ཞིག་མ་བྱུང་ན་ཡང་དམ་ཚིག་མ་ཉམས་པར་ཚུལ་བཞིན་དུ་སྲུང་ཡོད་ན། རིང་མཐའ་སྐྱེ་བ་བདུན་ཙམ་ནས་ཐར་པ་ཐོབ་པའི་ཚུལ་གསུངས་ཡོད་རེད། དེ་མིན་གསང་སྔགས་ཀྱི་སྒོར་ཞུགས་ནས་བླ་མའི་ཐུགས་དཀྲུགས། ཆོས་གྲོགས་ཀྱི་ཡིད་བསད་པ་སོགས་དམ་ཚིག་ཉམས་སོང་ན། ལམ་སང་ཁ་ཐུར་དུ་བལྟས་ནས་རྡོ་རྗེ་དམྱལ་བ་ལ་འགྲོ་རྒྱུ་མ་གཏོགས་གཞན་མེད་པ་རེད། དེ་ཡིན་དུས་སྔགས་ལ་ཞུགས་པའི་སྐྱེས་བུ་ཡར་སངས་རྒྱས་ཀྱི་ཞིང་ཁམས་དང༌། མར་ངན་སོང་གཉིས་ལས་འགྲོ་ས་གཞན་མེད་པ་རེད། དཔེར་ན། སྦྲུལ་སྨྱུག་དུང་ནང་ལ་བཅུག་པ་ལྟ་བུ་ཞེས་གསུངས་ཡོད་རེད། གང་ཡིན་ཞེ་ན། སྨྱུག་དུང་གི་ནང་ལ་སྦྲུལ་ཞིག་མགོ་ཡར་ཕྱོགས་ཏེ་བཅུག་ཡོད་ན་ཡར་འགྲོ་རྒྱུ་དང༌། མགོ་ཐུར་དུ་ཕྱོགས་ནས་བཅུག་ཡོད་ན་མར་འགྲོ་རྒྱུ་རེད། དེ་གཉིས་མ་གཏོགས་སྨྱུག་དུང་སྐེད་པ་ཙམ་ནས་སོ་སོའི་འདོད་པ་ལྟར་དུ་ཁ་བསྒྱུར་ནུས་པའི་ཐབས་ཤེས་འདྲ་གཏན་ནས་མེད་པ་རེད། དཔེ་དེ་ནང་བཞིན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་ཟིན་པའི་གང་ཟག་དེ་དམ་ཚིག་མ་ཉམས་པར་སྲུང་ན་ཡར་གྱི་ཟང་ཐལ་ཞིང་ཁམས་དང༌། དམ་ཚིག་ཉམས་ན་མར་རྡོ་རྗེ་དམྱལ་བ་གཉིས་ལས། བར་དུ་འགྲོ་སའི་ལམ་ཁ་གསུམ་པ་ཞིག་གཏན་ནས་མེད་ཅེས་གསུངས་ཡོད་རེད། དེ་ཡིན་ཙང་གསང་སྔགས་རྡོ་རྗེ་ཐེག་པར་ཞུགས་པའི་གང་ཟག་དེ་ཁེ་ཉེན་གཉིས་ཀ་ཆེན་པོ་ཡོད་པའི་ཚུལ་ལ་བསམ་བློ་ཡག་པོ་བཏང་ནས་དམ་ཚིག་སྲུང་སྟངས་རྣམ་པར་དག་པ་ཞིག་དགོས་ཀྱི་རེད། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་ཡོད་རེད། ཡིན་ན་ཡང་མདོར་བསྡུ་ན། རྒྱལ་བ་རིགས་ལྔའི་དམ་ཚིག་ལ་བསྡུས་པ་རེད། དེ་ལས་ཀྱང་མདོར་བསྡུས་ན། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༌། ལྷག་པར་རང་གི་སེམས་རང་གིས་སྲུང་རྒྱུ་དེ་ལ་གནད་འགག་ཐམས་ཅད་བསྡུས་ནས་བསྡད་ཡོད་རེད། དེ་ནས་ཁྱོད་རང་ཚོ་ལ་གསང་སྔགས་ཤིན་ཏུ་ནས་ཀྱང་ཟབ་པའི་ཚིག་ཁ་ཤས་ཤིག་ཞུ་ན། ང་རང་ཚོ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཞི་བདེ་གཤེགས་སྙིང་པོ་ཞེས་པ་སངས་རྒྱས་ཀུན་ཏུ་བཟང་པོའི་རྒྱུ་དེ་རང་ཆས་སུ་བཞུགས་ཡོད་རེད། ཡིན་ན་ཡང་རང་ངོ་རང་གིས་མ་རིག་པ་ལ་བརྟེན་ནས་འཁོར་བའི་སེམས་ཅན་ཆགས་བསྡད་ཡོད་རེད། དཔེར་ན། རང་གི་རིག་པའི་ངོ་བོ་ཡེ་གདོད་མའི་གཞི་དེ་མེ་ལོང་ལྟ་བུ་ཞིག་རེད། མེ་ལོང་ནང་ལ་མི་གདོང་དཀར་པོ་ཞིག་གིས་བལྟས་ན་དཀར་པོ་ཤར་གྱི་རེད། ངོ་གདོང་ནག་པོ་ཞིག་གིས་བལྟས་ན་ནག་པོ་ཤར་གྱི་རེད། གདོད་མའི་གཞི་མེ་ལོང་བསྐྱོད་པ་ལྟ་བུ་དེ་ལས། མི་དཀར་པོས་བལྟས་པའི་རང་གཟུགས་འདྲ་པོ་དེ་ཀུན་ཏུ་བཟང་པོའི་གནས་ལུགས་རང་ཐོག་ལ་སད་ནས་བཙན་ས་ཟིན་ཟེར་ནའང་འདྲ་སྟེ། རང་ངོ་ཤེས་པའི་ཐོག་ལ་གྲོལ་སོང་བ་རེད། ང་རང་ཚོ་སེམས་ཅན་ཐམས་ཅད་ཀྱིས་རང་གི་རིག་པའི་ངོ་བོ་ཡེ་གདོད་མའི་གཞི་མེ་ལོང་ལྟ་བུ་དེ་ངོ་མ་ཤེས། མི་ནག་པོ་ཞིག་གིས་བལྟ་བའི་གཟུགས་བརྙན་ཤར་བ་ལྟར་ཁ་མར་འཇུག་ཡོང་དུས་ཙ་ན། འཁོར་བའི་བག་ཆགས་ཀྱི་ཀུན་གཞི་ཟེར་བར་གྱུར་ནས་ངར་འཛིན་གྱི་ཤེས་པ་ཕྲ་མོ་ཞིག་དེ་ནས་ལང་སོང་བ་རེད། དེ་ལ་ངའོ་སྙམ་པའི་ངར་འཛིན་གྱི་བློ་ཞིག་སྐྱེས། ངར་འཛིན་གྱི་བློ་སྐྱེས་པ་དེའི་རྐྱེན་གྱིས་རྣམ་པར་རྟོག་པ་གཅིག་མཆེད་ཡོང་དུས་ཙ་ན། ཕྱི་གཟུང་བའི་ཡུལ་ལ་མར་འཕེན་གྱི་ཡོད་རེད། དཔེར་ན་ཁང་པ་གཅིག་ལ་སྒོ་དྲུག་ཡོད་པའི་བཟོ་འདྲ་བྱས་ནས། ངར་འཛིན་པའི་ཆོ་འཕྲུལ་དེ་ལས་རྣམ་རྟོག་གཉིས་པ་དེ་མིག་གིས་ཁ་དོག་སྣ་ཚོགས་པ་མཐོང་བའི་ཆོས་ཐམས་ཅད་ཀྱི་ཡུལ་དུ་འཕྲོས། དེའི་རྗེས་ལ་རྣམ་རྟོག་གིས་འདི་དང་དེ་ཡིན་ཞེས་མིང་སོ་སོར་བཏགས་ནས་དོན་དུ་གཟུང་བའི་དངོས་པོ་མཚན་མར་ཞེན་འགྲོ་བ་འདི་མིག་གི་རྣམ་པར་ཤེས་པ་ཟེར་བ་རེད། དེ་བཞིན་དུ་ནང་གི་རྣམ་ཤེས་དེ་རྣ་བའི་ཡུལ་དུ་འཕྲོས་ནས། རྣ་བའི་སྒྲ་མཆེད། སྒྲ་དེའི་རྗེས་སུ་སྙན་མི་སྙན་དུ་འཛིན་པའི་རྟོག་དཔྱོད་མང་པོ་ཞུགས་ནས་བདག་ཏུ་བཟུང་བ་དེ་ལ་རྣ་བའི་རྣམ་པར་ཤེས་པ་ཟེར་གྱི་རེད། དེ་བཞིན་དུ་རྣམ་རྟོག་སྣའི་ཡུལ་དུ་མཆེད། སྣས་དྲི་ཞིམ་མི་ཞིམ་གྱི་རྟོག་དཔྱོད་ཡང་ཡང་ཞུགས་ནས་དོན་དུ་བཟུང་བ་དེ་ལ་སྣའི་རྣམ་པར་ཤེས་པ་ཟེར་གྱི་ཡོད་རེད། དེ་བཞིན་དུ་རྣམ་པར་ཤེས་པ་གཅིག་ལྕེའི་ཡུལ་དུ་འཕྲོས་པས། རོ་མངར་སྐྱུར་ལ་སོགས་པ་ཞིམ་མི་ཞིམ་གིས་རྟོག་དཔྱོད་ཀྱིས་བདག་ཏུ་འཛིན་པ་དེ་ལ་ལྕེའི་རྣམ་པར་ཤེས་པ་ཟེར་བ་རེད། དེ་བཞིན་དུ་རྣམ་པར་ཤེས་པ་གཅིག་རང་གི་ལུས་ལ་འཕྲོས། ལུས་ལ་རེག་བྱ་འཇམ་རྩུབ་ལ་སོགས་པ་ཉེ་བར་ལེན་པའི་རྣམ་རྟོག་ལ་ལུས་ཀྱི་རྣམ་པར་ཤེས་པ་ཟེར་བ་རེད། ད་ལྟ་ང་རང་ཚོའི་ལུས་པོ་རྡོག་རྡོག་འདི་ལ་དབང་པོའི་སྒོ་ལྔ་ལས་རྣམ་པར་ཤེས་པ་ལྔ་མཆེད་པ་རེད། དེ་ཡང་རྣམ་པར་ཤེས་པ་ཚོགས་དྲུག་ཟེར་དུས། དབང་པོ་སྒོ་ལྔའི་སྟེང་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང་དྲུག་ལ་བརྟེན་ནས་འཁོར་བ་འདི་ཡོངས་སུ་གྲུབ་སོང་བ་རེད། ད་ལྟ་ང་རང་ཚོ་འཁོར་བའི་བྱ་བ་སྣ་ཚོགས་པ་མཆེད་ནས་འཁྲུལ་བསྡད་ཡོད་རེད། འཁྲུལ་པའི་རྩ་བ་ནི་རང་ངོ་རང་གིས་མ་རིག་པ་ལ་ཟེར་བ་རེད། མ་རིག་ཞེས་པ་ནི་ང་ཞེས་པའི་ངར་འཛིན་དེ་ལ་ཐུག་བསྡད་འདུག །ངར་འཛིན་ལ་བརྟེན་ནས་གཞན་ཞེས་པ་དེ་མཆེད་ནས་ཡུལ་དང་ཡུལ་ཅན་གཉིས་པོ་སྦྲེལ་ཏེ་འཁོར་བ་ནས་ཐར་དུས་མེད་པ་ཞིག་བཟོས་པ་རེད། ངར་འཛིན་དེ་ལ་བརྟེན་ནས་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྣམ་པར་རྟོག་པ་དེ་མཆེད་པ་རེད། ཐེག་པ་འོག་མའི་སྐབས་ལྟ་བུ་ཞིག་ཡིན་ན། གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་པོ་རེ་རེ་ལ་གཉེན་པོ་ཐ་དད་པ་རེ་བསྟེན་ནས་སྤང་དགོས་ཀྱི་ཡོད་པ་རེད། གསང་སྔགས་རྡོ་རྗེ་ཐེག་པས་གཉེན་པོ་གཅིག་ཆོག་གི་གདམས་ངག་ལ་ཞུགས་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་གཏན་ལ་ཕབ་ཀྱི་ཡོད་རེད། ད་ལྟ་ང་རང་ཚོ་འཁྲུལ་པའི་རྩ་བ་མ་རིག་པ་དེ་ངར་འཛིན་ལ་ཐུག་པ་ཡིན་ན། ངར་འཛིན་དེ་ག་ན་ཐུག་འདུག་བལྟས་པས། རང་གི་སེམས་ཁོ་རང་ལ་ཐུག་བསྡད་འདུག །གང་ཡིན་ཞེ་ན། ང་ཞེས་པའི་ཐ་སྙད་འཛིན་མཁན་འདི་ནི་སེམས་རེད། གཞན་འཛིན་མཁན་དེ་ཡང་སེམས་རེད། འོ་ན་སེམས་ཁོ་རང་ག་ན་འདུག་པའི་ཚུལ་དེ་བལྟ་དགོས་པ་རེད། སེམས་འདི་རང་གི་ལུས་ཀྱི་ནང་ན་ཡོད་དགོས་པ་མ་གཏོགས། ལུས་འདིའི་ནང་ན་སེམས་མེད་ན་རོ་རེད། སེམས་འདི་ལུས་ཀྱི་མགོ་མཇུག་གང་འདྲ་ན་འདུག་གམ། ཆེ་ཆུང་གང་འདྲ། མདོག་གང་འདྲ་འདུག་པའི་ཚུལ་རྣམས་བལྟ་དགོས་ཀྱི་འདུག །ད་ལྟ་རང་གི་རྐང་པར་ཚེར་མ་ཙམ་ཟུག་ནའང་ན་ཚ་ཟུག་གཟེར་རྒྱག་གི་འདུག །ལུས་པོ་དང་སེམས་གཉིས་པོ་ཆེ་ཆུང་གཅིག་པ་མི་འདུག །ཚེ་ཟད་ནས་ཤི་དུས་ཙ་ན་གཟུགས་པོ་ཁོ་རང་མེར་བསྲེག །ས་དོང་དུ་སྦས་པ་སོགས་མ་བྱས་ཀྱི་བར་དུ་ལུས་པོ་ནི་མལ་ས་ན་འདུག །སེམས་ཁོ་ག་ནས་འཐོན་འགྲོ་བ་རེད། དེ་ལྟ་བུས་མཚོན་ནས་རང་གི་སེམས་ལ་རང་གིས་བརྟག་དཔྱད་ཡག་པོ་ཞིག་བཏང་དུས་ཙ་ན། སེམས་ཁོ་རང་འཁྲུལ་པ་ཡིན་པའི་མཚང་དེ་གསལ་པོ་བསྟན་ཡོང་གི་ཡོད་རེད། ང་རང་ཚོ་ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར་དུ་སེམས་ཀྱི་མཚང་དེ་ཧ་མ་གོ་བ་རེད། དེ་ལ་བརྟེན་ནས་ང་ཞེས་པའི་བདག་འཛིན་དམ་དྲིང་ངེ་བས་ཚུར་འཛིན་བསྡད་པ་དེས་དངོས་པོ་རྟག་པར་འཛིན་ནས་འདོད་པ་བརྒྱ་བཤིག །སྟོང་འགུགས། བྱས་ཏེ་ལུས་ངག་གཉིས་པོ་ཁོ་ན་གཡོག་བཀོལ་ནས་དཀའ་ལས་ཚང་མ་རྒྱག་བསྡད་མཁན་དེ་སེམས་ཁོ་རང་འཁྲུལ་པའི་སྐྱོན་འབའ་ཞིག་ཡིན་པར་ཐུག་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ཙ་ན། སེམས་ཁོ་རང་གི་དངོས་པོ་ཞིག་གཏན་ལ་ཕབ་དུས། ད་ལྟའི་རྣམ་རྟོག་ཆུའི་རྦ་རླབས་འདྲ་པོ་དེ་མཚམས་རེ་ལ་ཤར། མཚམས་རེར་ཡལ་འགྲོ་མཁན་ལ་སེམས་ཞེས་རྣམ་རྟོག་གིས་མིང་བཏགས་སྟངས་ཙམ་ཞིག་རེད་མ་གཏོགས་བཤད་ས་གཞན་ཡོད་མ་རེད། སེམས་སྟོང་པ་དེ་ལས་རྣམ་རྟོག་སྟོང་པ་ཞིག་ཤར། རྣམ་རྟོག་སྟོང་པ་དེ་ལ་བདག་པོ་སྟོང་པ་ཞིག་བརྒྱབ་ནས་ཤེས་པ་ཕྱི་བལྟས་སུ་ཡེངས་སོང་བའི་རྐྱེན་གྱིས་འགྲོ་བ་རིགས་དྲུག་གི་ནང་ལ་བྱིང་ནས་བསྡད་པ་རེད། འཁོར་བ་དེ་གྲུབ་མཁན་ཡང་སེམས་ཁོ་རང་མ་རིག་པ་ལས་བརྟེན་ནས་གྲུབ་པ་རེད། ང་རང་ཚོས་སེམས་དེའི་གནས་ལུགས་ཀྱི་ཚུལ་འདྲ་པོ་དེ་ཧ་གོ་བའི་ཐོག་ནས་སེམས་ཁོ་རང་གཅུན་དགོས་པ་རེད། དེ་ཡིན་ཙང་ལུས་མི་བསྒུལ་བ་དྲང་པོར་བསྲང་ནས་འདུག་དགོས། དེའི་རྒྱུ་མཚན་ནི་ལུས་དྲང་བས་རྩ་དྲང༌། རྩ་དྲང་བས་རླུང་དྲང༌། རླུང་དྲང་བས་སེམས་རང་བབས་སུ་གནས་པའི་དགོས་པ་ཡོད་རེད། སྒོ་གསུམ་གྱི་གནད་གཅུན་སྟངས་ལུས་མ་བསྒུལ། ངག་མི་སྨྲ། སེམས་ཀྱིས་དེ་བྱས་འདི་བྱུང༌། མ་འོངས་པ་ན་འདི་བྱ་འདི་བྱེད་སོགས་ཀྱི་རྟོག་པ་དེ་རྣམས་འཕྲལ་ནས་རང་བབས་སུ་བཞག་དགོས་ཀྱི་རེད། སེམས་རང་བབས་ཀྱི་ངང་བཞག་སྟེ་གནས་པ་དང་འགྱུ་བའི་ཚུལ་ཤེས་པ་དེ་ལ། ད་ལྟའི་ཤེས་པ་ཟེར་ན་ཡང་འདྲ། ད་ལྟའི་རིག་པ་ཟེར་ན་ཡང་འདྲ། མིང་གང་བཏགས་ན་ཡང་ད་ལྟ་ཧ་གོ་མཁན་གྱི་རིག་པ་རྗེན་ཅེར་རེ་བ་ཡོད་མཁན་དེ་ལ་ཟེར་གྱི་ཡོད་རེད། དེའི་སྐབས་སུ་དུས་གསུམ་རྣམ་རྟོག་གིས་ལྷད་མ་ཞུགས་པ། ཧད་དེ་བ། ཅེ་རེ་བ། རང་ངོ་རང་གིས་ཤེས་བཞིན་པའི་རིག་པ་རྗེན་པ། ས་ལེ་བ། ཁ་ནས་འདི་ཡིན་ཞེས་ལབ་མི་ཤེས་པའི་སྟོང་ཧད་དེ་བ་གཅིག་ཡོད་པ་དེ་རིག་ཐོག་ལ་གནས་པ་རེད། རིག་པ་དེ་མདངས་ཆའི་ཐོག་ལ་ཡུད་ཙམ་རེ་གནས་ཀྱི་ཡོད་པའི་དོན་རེད་མ་གཏོགས་རྟག་ཏུ་གནས་ཀྱི་མ་རེད། རྣམ་རྟོག་ག་རེ་ཡིན་ན་ཡང་ལྷང་ངེར་ཤར་འགྲོ་གི་རེད། རྣམ་རྟོག་ཤར་བ་དེ་ཡང་ནམ་མཁའ་བར་སྣང་ནས་གློག་འཁྱུག་པའམ། རྒྱ་མཚོ་ནས་རླབས་བྱུང་བ་ལྟ་བུ་གཅིག་གི་སྒོ་ནས་འགྱུ་འགྲོ་བ་རེད། རྣམ་རྟོག་དེ་དག་ག་རེ་ཤར་ན་ཡང༌། ཤར་མ་ཐག་ཏུ་དྲན་པས་རྩིས་ཟིན་པའི་ཐོག་ལ་རང་བབས་སུ་བཞག་པས། ཤར་ཚད་ཐམས་ཅད་རྗེས་མེད་རང་སར་དུ་ཡལ་བ་དུས་མཉམ་འགྲོ་གི་རེད། ཡིན་ན་ཡང་རང་རེ་ལས་དང་པོ་པས་སྒོམ་པའི་སྐབས་ལ་རྣམ་རྟོག་ཤར་མ་ཐག་ཏུ་ངོ་ཤེས་པའི་ཐབས་ལ་འབད་བརྩོན་ཆེན་པོ་ཞིག་བྱས་དགོས་ཀྱི་ཡོད་རེད། རྣམ་རྟོག་ངོ་ཤེས་ཀྱང་དྲན་པས་རྩིས་མ་ཟིན་པར་ཡེངས་སོང་ན་འོག་འགྱུ་ལ་ཤོར་ནས་རྣམ་རྟོག་མང་པོ་ཞིག་གིས་ཁྲིད་ནས་སྒོམ་ལ་ཕན་ཐོགས་མེད་པ་བཟོ་གི་ཡོད་རེད། དེས་ན་རྣམ་རྟོག་ངོ་ཤེས་པའི་ཐོག་ནས་འོག་འགྱུ་ལ་མ་ཤོར་བར་ཡང་ནས་ཡང་དུ་བསྒོམ་དགོས་ཀྱི་རེད། དེ་ལྟར་སྒོམ་པའི་སྐབས་སུ་གང་ཟག་རྩ་ཁམས་ཀྱི་ཁྱད་པར་ལ་བརྟེན་ནས་ཁ་ཤས་ལུས་ལ་བདེ་ཉམས་ཆེན་པོ་དང༌། ཁ་ཤས་སེམས་ལ་བདེ་ཉམས་ཆེན་པོ། ཁ་ཤས་ལུས་སེམས་གཉིས་ཀ་ལ་བདེ་ཉམས་ཆེན་པོ་ལྷན་ཅིག་ཏུ། ཁ་ཤས་ལ་གཉིད་ཁུག་པ་ལྟ་བུ་ནག་འཐུམ་འཐུམ་སོགས་མི་འདྲ་བ་མང་པོ་ཡོང་རྒྱུ་རེད། གང་ལྟར་ལུས་སེམས་ཀྱི་བདེ་ཉམས་སོགས་མཐོ་དམན་གྱི་རྣམ་པ་ག་རེ་བྱུང་ན་ཡང་ཐམས་ཅད་སྣང་ཙམ་གྱི་ངང་ལ་འཛིན་མེད་རང་བབས་སུ་བཞག་པ་མ་གཏོགས། འདི་ཡག་པོ་བྱུང་མ་བྱུང་སྙམ་པའི་སེམས་ལ་བཟོ་བཅོས་རེ་དོགས་སོགས་གང་ཡང་བྱས་རྒྱུ་ཡོད་མ་རེད། ཡིན་ན་ཡང་མི་རྟོག་པའི་ཉམས་ནག་འཐུམ་འཐུམ་རེ་བྱུང་ན། ཐབས་ཀྱི་མན་ངག་ལ་བསྟེན་ནས་ཕར་སངས་དགོས་ཀྱི་རེད། མི་རྟོག་པའི་ཉམས་ནག་འཐུམ་འཐུམ་འདི་སངས་མ་ཐུབ་ན། དེས་སྒོམ་ཅུང་ཟད་སྐྱེས་པ་དེ་ཡང་མར་བྱིང་ནས་རྣམ་རྟོག་བཀག་མ་ཐུབ་པ་དེ་འདྲ་ཞིག་ཀྱང་ཡོང་གི་ཡོད་རེད། དེ་ལྟར་མི་རྟོག་པའི་ཉམས་ནག་འཐུམ་འཐུམ་སོགས་ཤར་ན། སེམས་ཁོ་རང་དྲན་པ་བསྟེན་ནས་ཕར་སངས་དགོས་ཀྱི་རེད་མ་གཏོགས་ངའི་སྒོམ་ཡག་པོ་ཞིག་མ་བྱུང་སྙམ་པའི་དོགས་པ་ཡང་བྱས་དགོས་ཀྱི་མི་འདུག །ད་གཙོ་ཆེ་བ་བདེ་གསལ་མི་རྟོག་པའི་ཉམས་ཀྱི་སྣང་བ་གང་དང་གང་ཤར་ན་ཡང་ཐམས་ཅད་སེམས་ཀྱི་རང་རྩལ་དུ་སྣང་བ་ཙམ་ལས་བཟོ་བཅོས་རེ་དོགས་སོགས་གང་ཡང་མེད་པ་རང་བབས་ཀྱི་ངང་ལ་མ་ཡེངས་པར་བཞག་པ་དེ་ལ་སྒོམ་ཟེར་བ་རེད། དེའི་སྐབས་སུ་ཉམས་དང་རྟོགས་པ་དེ་ནི་བླ་མའི་བྱིན་རླབས་ལ་བརྟེན་ནས་ཐོབ་དགོས་ཀྱི་རེད། དེས་ན་བླ་མ་ལ་གསོལ་བ་འདེབས། ཐུགས་ཡིད་དབྱེར་མེད་དུ་བསྲེས་པའི་ངང་ལ་ཉམས་ལེན་རྒྱུན་སྐྱོང་སྟེ། གང་འཚམས་ཞིག་ནས་སྒོམ་འདི་ལམ་དུ་ཡག་པོ་འགྲོ་བའི་རྟགས་འདྲ་པོ་དེ་བླ་མ་ལ་བཅོས་མིན་གྱི་མོས་གུས་དང༌། སེམས་ཅན་ལ་སྙིང་རྗེ་ཇེ་ཆེར་འགྲོ་བ། རང་གིས་རང་ལ་བལྟས་པའི་ཉམས་ལེན་ལ་ཡིད་ཆེས་ཇེ་ཆེར་འགྲོ་བ་དེ་འདྲ་ཡོང་རྒྱུ་རེད། དེ་ལྟར་སེམས་ལ་རང་དབང་ཐོབ་པའི་ངང་ནས་ཤི་སོང་ནའང་སེམས་འདི་རྣམ་རྟོག་གི་བྱེ་བྲག་ལས། ཤི་བའི་སྣང་བ་ཤར་བ་མ་གཏོགས་སེམས་ཁོ་རང་གི་ངོ་བོ་ལ་སྐྱེ་འཆི་འཕོ་འགྱུར་ལས་འདས་པའི་ཚུལ་དེ་ཧ་གོ་ཡོང་གི་རེད། དེ་ལྟ་བུའི་སེམས་ཀྱི་གདེང་ཚོད་ཞིག་ཐོབ་སོང་ན། དེས་འགྲིག་ཚར་བ་རེད། དེས་གོ་ཆོད་པ་རེད། གཙོ་ཆེ་བ་དམ་པའི་ཆོས་ཟེར་བའི་སྙིང་པོ་ནི། འཁོར་བ་དང་རང་སེམས་གཉིས་པོ་རུ་ཤན་ཕྱེ་བའི་གདེངས་ཐོབ་པ་ཞིག་བྱུང་ན་དེས་འགྲིག་སོང་བ་རེད། ཁྱོད་རང་ཚོས་སྙིང་པོ་རྡོག་རྡོག་དེ་འདྲ་ཞིག་སེམས་ལ་བཞག་ནས་ཉམས་སུ་ལེན། ལམ་ལ་འགལ་རྐྱེན་མེད། ཚེ་འདི་ལ་བཙན་ས་ཟིན་པ་ཞིག་བྱུང་བའི་སྨོན་ལམ་ཡག་པོ་འདེབས། ངས་ཀྱང་སྨོན་ལམ་རྒྱག་ཡོང་༌། ཞེས་གསུངས་སོ། །ཞེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་སྒྲ་འཁོར་ལས། བུདྡྷ་ཤཱ་ས་ན་དྷཱ་རས་ཕབ་བཤུས་ཞུས་པའི་ཡི་གེར་སྒྲ་སྦྱོར་མ་དག་པའི་འགལ་འཁྲུལ་ནོངས་པ་སོགས་ཡེ་ཤེས་སྤྱན་ལྡན་རྣམས་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་ལ། དགེ་བས་བདག་སོགས་འགྲོ་རྣམས་ཀུན་བཟང་གདོད་མའི་མགོན་པོའི་རང་ཞལ་མངོན་དུ་མཇལ་བའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

རྩོམ་སྒྲིག་པ།  གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K