༄༅།   །རང་སྐྱོན་དུག་གི་ཚེར་མ་རང་གིས་འདོན་པའི་མན་ངག་རྒྱ་ཁབ་རྣོན་པོ་བཞུགས་སོ།  །

༄༅། །ཉིན་གཅིག་སློབ་མ་རྣམས་ལ་རང་སྐྱོན་དུག་གི་ཚེར་མ་རང་གིས་འདོན་པའི་མན་ངག་རྒྱ་ཁབ་རྣོན་པོ་འདི་བྱིན་ནོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་རང་གི་རྩ་བའི་བླ་མ་རྣམས་ཀྱིས་མི་མངོན་དབྱིངས་ནས་ཐུགས་ཁྲེལ་རུང་། རེ་ཞིག་བདག་གི་བྱ་སྤྱོད་ངན་པ་འདི་ལ་ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཕྱིན་ཆད་ཆོས་བཞིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འོ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གང་ཡང་མེད་པའི་བླ་བཙོངས་ཕྱི་ལྡིར་ལ་ནང་སྟོང་པ་སྔགས་པའི་རྔ་ཁོག་དང་འདྲ་བ་ཁྱོད་བློ་ཁ་ནང་དུ་ཁུག་ལ་བསམ་བློ་ཡག་པོ་ཞིག་ཐོངས་དང་། ཁྱོད་ཆོས་པ་ཡིན་ཁུལ་བྱེད་ཀྱིན་འདུག་པ་ཁྱོད་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། བླ་མ་དུས་གསུམ་གྱི་སངས་རྒྱས་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ནི་ཐོབ། ཆོས་ཀྱི་སྒོར་ཞུགས་ནས་ཡུན་རིང་པོ་ཞིག་སོང་། ད་སྔ་ཡན་ཆད་ལ་ཉམས་ལེན་ཅི་འདྲ་བྱས། ཉམས་རྟོགས་ཅི་ཙམ་ཤར་ཤོད་དང་། རང་གི་སེམས་ལ་འཛིན་རྒྱུ། གཞན་གྱི་མི་ལ་བཤད་རྒྱུ་ཞིག་ཡོད་དགོས། ཆོས་ཀྱི་ནང་ན། ཆོས་པ་རབ་ལ་ཞག་བསྐྱེད། འབྲིང་ལ་ཟླ་བསྐྱེད། ཐ་མ་ལ་ཡང་ལོ་བསྐྱེད་ཐོན་ཡོང་གསུངས་ན། ཁྱོད་ལ་ཞག་བསྐྱེད་ཡོང་གིན་འདུག་གམ། ཟླ་བསྐྱེད་ཡོང་གིན་འདུག །དེ་མ་བྱུང་ཡང་ལོ་བསྐྱེད་ཐོན་འདུག་གམ་ལྟོས་དང་། ཡར་བསྐྱེད་ལས་མར་བསྐྱེད་ཆེན་པོ་འདྲ་བྱུང་མེད་དམ། ཡང་། ཐོས་རྟགས་ཞི་ཞིང་དུལ་བ་ཡིན། སྒོམ་རྟགས་ཉོན་མོངས་ཆུང་བ་ཡིན་གསུངས་པས། ཁྱོད་ལ་སྔར་བས་སྒོ་གསུམ་ཞི་དུལ་ཅི་ཙམ་བྱུང་འདུག །ཉོན་མོངས་པ་ཆུང་དུ་སོང་ཡོད་མེད། ཆུང་དུ་མ་སོང་ཡང་། ཆེ་རུ་སོང་། མང་དུ་སོང་། ཐུ་རུ་སོང་འདྲ་མེད་དམ་ལྟོས་དང་། ཡང་ཆོས་པ་རབ་འཆི་བ་ལ་བྲོད། འབྲིང་མི་འཚེར། ཐ་མ་མི་འགྱོད་གསུངས་པ། ཁྱོད་ད་ལྟ་འཆི་ན་བྲོད་པ་ཞིག་བྱུང་ངམ། ཡང་ན་མི་འཚེར་བ་ཞིག་ཡོད་དམ། དེ་མ་བྱུང་ཡང་མི་འགྱོད་པ་ཞིག་དགོས་ཀྱང་། ཁྱོད་ཀྱི་བྱ་སྤྱོད་འདི་ལ་བལྟས་ན། སང་གནང་ལྟ་བུ་ཞིག་ལ་བྱུང་ན། འགྱོད་པ་སྐྱེ་བཞིན་འཆི་དགོས་པ་འདྲ་མི་ཡོང་ངམ། ཨ་རྫིའི་སོམས་དང་། ཡང་། ཚེ་འདི་ལ་ཞེན་ན་ཆོས་པ་མིན་གསུངས་པས། ཁྱོད་ཀྱི་སེམས་ཚེ་འདིའི་ལྟོ་གོས་དང་། གཉེན་ཉེ་བ་ལ་ཞེན་ནས་དེ་ཞེ་ཕུགས་སུ་བཞག་སྟེ། བླ་མ་དཀོན་མཆོག་གི་རྫས། དགེ་འདུན་པའི་དཀོར་གཤིན་ཟས་དད་ཟས་ཀྱི་མེ་མ་མུར་ཐམས་ཅད་ཕྱོགས་ཕྱོགས་ནས་བསྡུས་ཏེ་རང་གི་ཁ་ལ་བརྒྱབ་པས་མི་ཆོག །གཉེན་ཉེ་བ་ཐམས་ཅད་ཀྱི་ཁ་ནང་དུ་བརྒྱབ་ནས་རང་གཞན་ཐམས་ཅད་ཀྱི་རྒྱུད་བསྲེག་ཕོད་དམ། སངས་རྒྱས་ཀྱི་བཀའ་ལས། དཀོར་ཟས་འདི་ལྕགས་གོང་མེ་འབར་བ་ཁར་བཅུག་པ་ལས་ཉེས་པ་ཆེ་བར་གསུངས་པས། ཁྱོད་ལ་སངས་རྒྱས་ཀྱི་གསུང་དེ་མི་བདེན་པའི་ཁུངས་དང་། བརྩི་མི་དགོས་པའི་གདེང་ཞིག་ཡོད་དམ། ཡང་། ལོང་བའི་དྲུང་ན་མིག་ལྡན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །གསུངས་པས། མི་དྲན་དགུ་དྲན་མི་བྱེད་དགུ་བྱེད། ཉོན་མོངས་ཀྱི་གོང་བུ། སྡིག་པའི་ཁྲེས་པོ། ལྟུང་བའི་ཕད་བུ། དཀོར་གྱི་རྐྱལ་བ། ཆོས་བརྒྱད་ཀྱི་ཁོལ་པོ། དགེ་བའི་ཕྱོགས་ལ་བོང་ཆད་གྱེན་ལ་དེད་པ་ལྟ་བུ། མི་དགེ་བའི་ཕྱོགས་ལ་རི་གཟར་གྱི་འབབ་ཆུ་ལྟ་བུ། ཁྱོད་ཚེ་འདི་ལ་ཤི་སྤར་འཐམས་ནས། དུས་དེ་རིང་ཉི་མ་ཕན་ཆད་ལ། ལུས་ངག་ཡིད་གསུམ་དུག་གསུམ་གྱི་དབང་དུ་སོང་། མི་དགེ་བ་བཅུ་ཁོ་ནའི་དུས་འདས་ཀྱང་། ད་དུང་ཆོས་པ་ཡིན་ཁུལ་བྱེད་པའི་ཧམ་པ་ཆེན་པོ་འདི་དེང་སང་གི་སྐྱེ་བོ་མི་ནག་པ་རྣམས་ལ་འགྲོ་ཡང་། སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བླ་མ་དཀོན་མཆོག་ལ་འགྲོའམ་མི་འགྲོ་སོམས་དང་། ཡང་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་གསུངས་ལ། བླ་མས་ཀྱང་ཆོས་ཅི་བྱེད་ནའང་ཉོན་མོངས་པ་ཅི་ཐུལ་གྱིས་ཞེས་ཅི་ཙམ་ཞིག་གསུངས། གྲོགས་ཀྱང་བཟང་པོ་འགའ་རེས་ཅི་ཙམ་ཞིག་བཤད་དེ་རྣམས་ཀྱི་ཚིག་ལ་ཡང་བརྩི་འཇོག་མེད་པར། ད་ནི་ཞེ་སྡང་གི་མེ་འབར། འདོད་ཆགས་ཀྱི་ཆུ་འཁྲུགས། གཏི་མུག་གི་མུན་པ་འཐིབས། ང་རྒྱལ་གྱི་རི་གཟེངས། ཕྲག་དོག་གི་རླུང་འཚུབ། སེར་སྣའི་མདུད་པ་དམ་དུ་སོང་ཡོད་པ་འདི་ལ་ལྟོས་དང་། གཞན་ཕར་ཞོག །ད་ཁྱོད་ཀྱིས་ཚིག་ངན་དམ་དུམ་ཞིག་རྣ་བས་གོ་ན། དེ་ཡང་མི་བཟོད་པར་ཁྱོད་ཀྱི་ངོ་མདངས་འགྱུར་ལུགས། ཁ་ངན་ཚིག་ངན་རྒྱག་ལུགས་འདི་གཅིག་པུ་ལ་ལྟོས་དང་། འདི་འདྲ་ཁྱོད་ལ་གྱིས་ཞེས། བླ་མས་མ་གསུང་གྲོགས་ཀྱིས་མ་བཤད། འདི་ཁྱོད་ཀྱིས་དྲན་ནམ། ཡང་ན་འདི་འདྲ་གྱིས་ཞེས་ཁྱོད་ལ་འདྲེ་ཞིག་གིས་བཤད་དམ། དེ་མིན་ཁྱོད་ཀྱི་སྙིང་ལ་གདོན་ཅི་ཞིག་ཞུགས་སོང་། ཁྱོད་སྨྱོས་འདྲ་མེད་དམ། ད་ཕྱིན་ཆད་འདི་འདྲ་བྱས་ན་ཁྱོད་ཚེ་འདིར་སྡུག་ལ་ཕྱི་མར་དམྱལ་བར་འགྲོ་བ་རིན་བྱིན་ནས་ཉོས་པ་ཡིན་མོད། ཁྱོད་ཀྱིས་བླ་མའི་ཞབས་དྲངས་གྲོགས་ཀྱི་མཚང་བརྫད། ཆོས་པའི་བླ་འཚོང་། བསྟན་པའི་མིག་རྐྱེན་ལ་གནོད་པ་འདི་འདྲ་བྱེད་འདོད་ན། བླ་མའི་གསུང་དང་རྒྱལ་བའི་བཀའ། །བཞིན་དུ་ད་ནི་འབད་པར་རིགས། །བླ་མ་དཀོན་མཆོག་ཐུགས་རྗེས་གཟིགས། །སྔར་གྱི་བྱ་བ་ཉེས་ནས་གདའ། །སྙིང་ནས་འགྱོད་པས་བཤགས་སྡོམ་བྱ། །ཆོས་བཞིན་ནུས་པར་བྱིན་གྱིས་རློབས། །འདུལ་བ་བཞིན་དུ་ནུས་པར་ཤོག །མདོ་སྡེ་བཞིན་དུ་སྤྱོད་པ་ཤོག །མངོན་པ་བཞིན་དུ་བྱེད་པར་ཤོག །གསང་སྔགས་བཞིན་དུ་བསྒྲུབ་པར་ཤོག །ཅེས་མན་ངག་རྒྱ་ཁབ་རྣོན་པོ་འདི་སློབ་བུ་རྣམ་ཀྱི་ལག་ཏུ་གཏད་ནས། ད་ཕྱིན་ཆད་རྣམ་དཔྱོད་ཤེས་རབ་ཀྱི་མིག་གིས་ལྟོས་ལ། རང་ལ་སྐྱོན་མཚང་གི་ཚེར་མ་ཟུག་ཚད་ཐམས་ཅད་རང་གིས་ཐོན་བྱས་པས། ཁོང་རྣམས་ཀྱིས་ཀྱང་དེ་བཞིན་བཏོན་པས་སྡུག་བསྔལ་ཟུག་རྔུ་བསྐྱེད་པའི་སྐྱོན་གྱི་དུག་ཚེར་ཐམས་ཅད་ཐོན་ནས། རིང་པོ་མ་ལོན་པར། རི་ཁྲོད་དབེན་པའི་དགའ་ཚལ་ནས་ཆོས་མཐུན་གྱི་ཞབས་བྲོ་རྒྱག་ནུས་པ་བྱུང་ངོ་། །ཞབས་དཀར་ཚོགས་དྲུག་རང་གྲོལ་པས་སོ། །

རྩོམ་སྒྲིག་པ།    གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K