༄༅། །གསོལ་འདེབས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

༄༅༅། །ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ལོ།  །རྩ་གསུམ་རྒྱལ་བ་ཞི་ཁྲོ་མ་ལུས་ཤིང་ལུས་པ་མེད་པའི་འདུས་གཟུགས་ཨོ་རྒྱན་རིན་པོ་ཆེ་གཅིག་པུ་ལ་ཀུན་འདུས་གཅིག་ཆོག་ཏུ་མོས་ནས་གསོལ་བ་འདེབས་པ་ནི་ཉམས་དང་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་གེགས་མེད་མྱུར་དུ་སྐྱེ་བའི་གནད་གལ་པོ་ཆེ་ཡིན་པས། རྫོགས་པ་ཆེན་པོའི་ལམ་རྣམས་རིམ་པ་ལྟར་ཉམས་སུ་ལེན་པ་དང་། རེ་རེ་ཙམ་ཉམས་སུ་ལེན་པ་དང་། ཉིན་རེ་བཞིན་ཡོངས་རྫོགས་ལ་དཔྱད་སྒོམ་རེ་འཆག་མེད་དུ་བྱེད་པ་རྣམས་ཀྱིས་མོས་གུས་གདུང་ཤུགས་དྲག་པོས། འདི་ལྟར་བཤེས་གཉེན་བསྟེན་ཚུལ་ནས་རིམ་པ་ལྟར་གསོལ་བ་གདབ་བཞིན་བསྒོམ་པར་བྱའོ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །མཚན་ལྡན་བླ་མར་འཕྲད་པར་བྱིན་གྱིས་རློབས། །མི་དགེའི་བཤེས་དང་འབྲལ་བར་བྱིན་གྱིས་རློབས། །མཉེས་བཞིན་ཟབ་ཆོས་ཐོབ་པར་བྱིན་གྱིས་རློབས། །བསམ་དང་སྦྱོར་བས་བསྟེན་པར་བྱིན་གྱིས་རློབས། །ཞེས་ལན་མང་དུ་འདོན་པའམ་རེ་གཉིས་འདོན་པ་དང་། གལ་གང་ཆེ་བ་མང་དུ་འདོན། ལོ་རྒྱུས་དང་འཆད་ཉན་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བརྒྱུད་ལྡན་ཟབ་ཆོས་ཐོབ་པར་བྱིན་གྱིས་རློབས། །བཅུད་ལྡན་གདམས་པ་ཐོབ་པར་བྱིན་གྱིས་རློབས། །སྣོད་ལྡན་སློབ་མར་འོས་པར་བྱིན་གྱིས་རློབས། །མཚན་ལྡན་བཤེས་སུ་འགྱུར་བར་བྱིན་གྱིས་རློབས། ། མཚན་ཉིད་བཞི་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །མཚན་ལྡན་གནས་སུ་འདུག་པར་བྱིན་གྱིས་རློབས། །མཚན་ལྡན་གྲོགས་དང་འགྲོགས་པར་བྱིན་གྱིས་རློབས། །མཚན་ལྡན་དུས་སུ་བསྒྲུབ་པར་བྱིན་གྱིས་རློབས། །མཚན་ལྡན་ཡོ་བྱད་བསྟེན་པར་བྱིན་གྱིས་རློབས། ། རྣལ་འབྱོར་བརྒྱད་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཉལ་ལྡང་རྣལ་དུ་འབྱོར་བར་བྱིན་གྱིས་རློབས། །ཁྲུས་དང་བསྲུང་དམིགས་འོང་བར་བྱིན་གྱིས་རློབས། །འགྲོ་འདུག་ཕྱག་སྐོར་མོས་པར་བྱིན་གྱིས་རློབས། །བཟའ་བཏུང་མཆོད་སྦྱིན་འབྱོངས་པར་བྱིན་གྱིས་རློབས། ། དལ་འབྱོར་རྙེད་དཀའ་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །དལ་འབྱོར་རྙེད་དཀའ་དྲན་པར་བྱིན་གྱིས་རློབས། །དཔེ་གྲངས་རྒྱུ་སོགས་དྲན་པར་བྱིན་གྱིས་རློབས། །རྙེད་དཀའ་དོན་ཆེ་དྲན་པར་བྱིན་གྱིས་རློབས། །དོན་ཆེན་སྙིང་པོ་ལོན་པར་བྱིན་གྱིས་རློབས། ། འཆི་བ་མི་རྟག་པ་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ངེས་པར་འཆི་བ་དྲན་པར་བྱིན་གྱིས་རློབས། །མྱུར་དུ་འཆི་བ་དྲན་པར་བྱིན་གྱིས་རློབས། །ནམ་འཆི་ཆ་མེད་དྲན་པར་བྱིན་གྱིས་རློབས། །རྒྱུན་དུ་འཆི་བ་དྲན་པར་བྱིན་གྱིས་རློབས། ། ལས་འབྲས་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྒྱུ་འབྲས་འདོར་ལེན་ཤེས་པར་བྱིན་གྱིས་རློབས། །ཤེས་བཞིན་ལག་ཏུ་ལོན་པར་བྱིན་གྱིས་རློབས། །མི་དགེ་མཐའ་དག་སྤོངས་པར་བྱིན་གྱིས་རློབས། །དགེ་བ་མཐའ་དག་བསྒྲུབ་པར་བྱིན་གྱིས་རློབས། ། འཁོར་བའི་ཉེས་དམིགས་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འཁོར་བའི་སྡུག་བསྔལ་ཤེས་པར་བྱིན་གྱིས་རློབས། །འཁོར་བའི་སྐྱོན་རྣམས་ཤེས་པར་བྱིན་གྱིས་རློབས། །འཁོར་བར་ཞེན་པ་ལྡོག་པར་བྱིན་གྱིས་རློབས། །འཁོར་བའི་གནས་ལས་ཐར་བར་བྱིན་གྱིས་རློབས། ། སྐྱབས་འགྲོ་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།  །མཆོག་གསུམ་སྐྱབས་སུ་འཛིན་པར་བྱིན་གྱིས་རློབས། །རྩ་གསུམ་སྐྱབས་སུ་འཛིན་པར་བྱིན་གྱིས་རློབས། །སྐུ་གསུམ་སྐྱབས་སུ་འཛིན་པར་བྱིན་གྱིས་རློབས། །ལོགས་ནས་སྐྱབས་མི་འཚོལ་བར་བྱིན་གྱིས་རློབས། ། སེམས་བསྐྱེད་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགྲོ་ཀུན་ཕ་མར་ཤེས་པར་བྱིན་གྱིས་རློབས། །སྙིང་རྗེ་བྱང་སེམས་སྐྱེ་བར་བྱིན་གྱིས་རློབས། །ཕ་རོལ་ཕྱིན་དྲུག་རྫོགས་པར་བྱིན་གྱིས་རློབས། །རྒྱལ་སྲས་སྤྱོད་མཐར་ཕྱིན་པར་བྱིན་གྱིས་རློབས། ། སྒྲིབ་སྦྱོང་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྡིག་ལ་འགྱོད་པ་སྐྱེ་བར་བྱིན་གྱིས་རློབས། །སྙིང་ནས་བཤགས་པ་བྱེད་པར་བྱིན་གྱིས་རློབས། །གཉེན་པོ་སྟོབས་བཞི་ཚང་བར་བྱིན་གྱིས་རློབས། །ཉེས་ལྟུང་རྩད་ནས་འདག་པར་བྱིན་གྱིས་རློབས། ། ཚོགས་བསགས་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཡར་ལ་དཀོན་མཆོག་མཆོད་པར་བྱིན་གྱིས་རློབས། །མར་ལ་སྦྱིན་པ་ཐོང་བར་བྱིན་གྱིས་རློབས། །ཚོགས་གཉིས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །ཚོགས་ཆེན་མྱུར་དུ་རྫོགས་པར་བྱིན་གྱིས་རློབས། ། བླ་མའི་རྣལ་འབྱོར་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བླ་མའི་བཀའ་དྲིན་དྲན་པར་བྱིན་གྱིས་རློབས། །བླ་མ་སངས་རྒྱས་མཐོང་བར་བྱིན་གྱིས་རློབས། །བླ་མ་བསྒོམ་བསྒྲུབ་ནུས་པར་བྱིན་གྱིས་རློབས། །བླ་མའི་བྱིན་རླབས་འཇུག་པར་བྱིན་གྱིས་རློབས། ། བསྐྱེད་རིམ་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྣང་བ་སྐུ་རུ་འཆར་བར་བྱིན་གྱིས་རློབས། །གྲགས་པ་གསུང་དུ་འཆར་བར་བྱིན་གྱིས་རློབས། །དྲན་རྟོག་ཐུགས་སུ་འཆར་བར་བྱིན་གྱིས་རློབས། །བསྐྱེད་རིམ་ཕྲ་རགས་འབྱོངས་པར་བྱིན་གྱིས་རློབས། ། འཕོ་བར། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །འཕོ་རྟགས་མྱུར་དུ་ཐོན་པར་བྱིན་གྱིས་རློབས། །དག་པའི་ཞིང་དུ་འཕོ་བར་བྱིན་གྱིས་རློབས། ། རླུང་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱི་རློབས། །ངག་ལ་ནུས་པ་འབྱོངས་པར་བྱིན་གྱིས་རློབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རླུང་རྣམས་དབུ་མར་ཚུད་པར་བྱིན་གྱིས་རློབས། །རྩ་མདུད་མཐའ་དག་གྲོལ་བར་བྱིན་གྱིས་རློབས། །ཐིག་ལེ་དབབ་ལྡོག་འགྲེམ་པར་བྱིན་གྱིས་རློབས། ། མངོན་ཤེས་གྲུབ་རྟགས་ཐོན་པར་བྱིན་གྱིས་རློབས། ། རུ་ཤན་ལ།  ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འཁོར་བའི་རུ་ཤན་འབྱོངས་པར་བྱིན་གྱིས་རློབས། །འདས་པའི་རུ་ཤན་འབྱོངས་པར་བྱིན་གྱིས་རློབས། །སྒོ་གསུམ་རུ་ཤན་འབྱོངས་པར་བྱིན་གྱིས་རློབས། །འཁོར་བར་ཕྱིར་མི་ལྡོག་པར་བྱིན་གྱིས་རློབས། ། ནང་རུ་ཤན་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རིགས་དྲུག་ས་བོན་ཟད་པར་བྱིན་གྱིས་རློབས། །རིགས་དྲུག་བག་ཆགས་ཟད་པར་བྱིན་གྱིས་རློབས། །རིགས་དྲུག་ཞེན་པ་ལྡོག་པར་བྱིན་གྱིས་རློབས། །རིགས་དྲུག་རྒྱུ་འབྲས་སྟོངས་པར་བྱིན་གྱིས་རློབས། ། སྒོ་གསུམ་སྔོན་འགྲོ་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྡོ་རྗེ་འདུག་སྟངས་འབྱོངས་པར་བྱིན་གྱིས་རློབས། །རྒྱས་གདབ་རྩལ་སྦྱང་འབྱོངས་པར་བྱིན་གྱིས་རློབས། །མཉེན་བཙལ་ལམ་ཞུགས་འབྱོངས་པར་བྱིན་གྱིས་རློབས། །བྱུང་གནས་འགྲོ་གསུམ་རྟོགས་པར་བྱིན་གྱིས་རློབས། ། ཁྲེགས་ཆོད་ལ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྣང་བ་སེམས་སུ་རྟོགས་པར་བྱིན་གྱིས་རློབས། །སེམས་ཉིད་སྟོང་པར་རྟོགས་པར་བྱིན་གྱིས་རློབས། །སྟོང་པ་སྣང་བར་རྟོགས་པར་བྱིན་གྱིས་རློབས། །སྣང་སྟོང་གཉིས་མེད་རྟོགས་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ངོ་བོ་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །རང་བཞིན་ལོངས་སྐུར་འཆར་བར་བྱིན་གྱིས་རློབས། །ཐུགས་རྗེ་སྤྲུལ་སྐུར་འཆར་བར་བྱིན་གྱིས་རློབས། །དབྱེར་མེད་ངོ་བོ་ཉིད་སྐུར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ལྟ་བ་འཛིན་པ་བྲལ་བར་བྱིན་གྱིས་རློབས། །བསྒོམ་པ་དམིགས་གཏད་བྲལ་བར་བྱིན་གྱིས་རློབས། །སྤྱོད་པ་གཟའ་གཏད་བྲལ་བར་བྱིན་གྱིས་རློབས། །འབྲས་བུ་རེ་དོགས་བྲལ་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བདེ་ཉམས་ཞེན་པ་མེད་པར་བྱིན་གྱིས་རློབས། །གསལ་ཉམས་ཞེན་པ་མེད་པར་བྱིན་གྱིས་རློབས། །མི་རྟོག་ཞེན་པ་མེད་པར་བྱིན་གྱིས་རློབས། །གང་ལ་ཞེན་པ་མེད་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྒོ་གསུམ་དགུ་ཕྲུགས་ཐོང་བར་བྱིན་གྱིས་རློབས། །སྐུ་གསུམ་འདུག་སྟངས་འབྱོངས་པར་བྱིན་གྱིས་རློབས། །སྒོ་ཡུལ་རིག་གནད་གོམས་པར་བྱིན་གྱིས་རློབས། །རིག་རྩལ་ཡོན་ཏན་མཐོང་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ནམ་འཆི་ངོས་ནི་ཟིན་པར་བྱིན་གྱིས་རློབས། །འཆི་དུས་གསལ་འདེབས་སླ་བར་བྱིན་གྱིས་རློབས། །ཆོས་ཉིད་རང་སྣང་ཤེས་པར་བྱིན་གྱིས་རློབས། །སྲིད་པར་གདམས་པ་དྲན་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རབ་རྣམས་གཞི་ཐོག་གྲོལ་བར་བྱིན་གྱིས་རློབས།  །འབྲིང་རྣམས་དག་ཞིང་སྐྱེ་བར་བྱིན་གྱིས་རློབས།  །ཐ་མ་རྟེན་མཆོག་ཐོབ་པར་བྱིན་གྱིས་རློབས། །ཡང་མཐའ་མཐོ་རིས་སྐྱེ་བར་བྱིན་གྱིས་རློབས། ། མདོར་བསྡུ་ན། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྔོན་འགྲོ་རྒྱུད་དང་འབྱོར་བར་བྱིན་གྱིས་རློབས། །དངོས་གཞི་རྒྱུད་དང་འབྱོར་བར་བྱིན་གྱིས་རློབས། །རྗེས་རྣམས་རྒྱུད་དང་འབྱོར་བར་བྱིན་གྱིས་རློབས། །ཆོས་རྣམས་རྒྱུད་དང་འབྱོར་བར་བྱིན་གྱིས་རློབས།  །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།  །བསྐྱེད་རིམ་ཕྲ་རགས་འབྱོངས་པར་བྱིན་གྱིས་རློབས། །རྫོགས་རིམ་རྩ་ཐིག་འབྱོངས་པར་བྱིན་གྱིས་རློབས། །ཁྲེགས་ཆོད་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཐོད་རྒལ་སྣང་བཞི་འཆར་བར་བྱིན་གྱིས་རློབས། ། གཞན་ཡང་འདོད་དོན་སྣ་ཚོགས་ནི། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བཟོད་མེད་མོས་གུས་འབར་བར་བྱིན་གྱིས་རློབས། །གཡེལ་མེད་བརྩོན་འགྲུས་རྩོམ་པར་བྱིན་གྱིས་རློབས། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །རླབས་ཆེན་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །མཐུན་རྐྱེན་བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །གནོད་བྱེད་དགྲ་བགེགས་ཐུལ་བར་བྱིན་གྱིས་རློབས། །རྫོགས་ཆེན་བསྟན་པ་དར་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཆེ་བའི་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །མྱུར་བའི་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །གསལ་བའི་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །ཟབ་པའི་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །དང་པོ་ཐོས་པ་ཆེ་བར་བྱིན་གྱིས་རློབས། །བར་དུ་བསམ་པ་ཆེ་བར་བྱིན་གྱིས་རློབས། །ཐ་མར་བསྒོམ་པ་ཆེ་བར་བྱིན་གྱིས་རློབས། །ཉམས་རྟོགས་དཔག་མེད་འཆར་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འཆད་པས་གདུལ་བྱ་སྨིན་པར་བྱིན་གྱིས་རློབས། །རྩོད་པས་ཕས་རྒོལ་འཇོམས་པར་བྱིན་གྱིས་རློབས། །བརྩམས་པས་བསྟན་འགྲོར་ཕན་པར་བྱིན་གྱིས་རློབས། །མཁས་པའི་མཆོག་ཏུ་འགྱུར་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སོ་ཐར་ཚུལ་ཁྲིམས་དག་པར་བྱིན་གྱིས་རློབས། །བྱང་སེམས་བསླབ་བྱ་རྒྱས་པར་བྱིན་གྱིས་རློབས། །གསང་སྔགས་དམ་ཚིག་བརྟན་པར་བྱིན་གྱིས་རློབས། །སྡོམ་གསུམ་རྣམ་པར་དག་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ལུས་ཀྱིས་བྱ་བ་ཐོང་བར་བྱིན་གྱིས་རློབས། །ངག་གིས་ལོང་གཏམ་ཐོང་བར་བྱིན་གྱིས་རློབས། །ཡིད་ཀྱིས་རྟོག་དཔྱོད་ཐོང་བར་བྱིན་གྱིས་རློབས། །སྒོ་གསུམ་དགེ་བས་འདའ་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རང་དབང་རང་གིས་ཆོད་པར་བྱིན་གྱིས་རློབས། །རང་གྲོས་རང་གིས་ཐེབས་པར་བྱིན་གྱིས་རློབས། །རང་མགོ་རང་གིས་ཐོན་པར་བྱིན་གྱིས་རློབས། །རང་སེམས་རང་ངོ་མཐོང་བར་བྱིན་གྱིས་རློབས།  །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།  །སེམས་བསྐྱེད་དམ་པས་ཟིན་པར་བྱིན་གྱིས་རློབས། །དམིགས་མེད་དམ་པས་ཟིན་པར་བྱིན་གྱིས་རློབས། །བསྔོ་བ་དམ་པས་ཟིན་པར་བྱིན་གྱིས་རློབས། །ཐོག་མཐའ་བར་དུ་དགེ་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །དགེ་རྣམས་གཞན་དོན་བསྔོ་བར་བྱིན་གྱིས་རློབས། །བསྟན་འགྲོའི་དོན་དུ་བསྔོ་བར་བྱིན་གྱིས་རློབས། །བྱང་ཆུབ་མཆོག་ཏུ་བསྔོ་བར་བྱིན་གྱིས་རློབས། །དམིགས་མེད་བསྔོ་བས་ཐེབས་པར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །སྐྱེ་བར་དམ་ཆོས་བསྒྲུབ་པར་བྱིན་གྱིས་རློབས། །རྒྱལ་བ་རྣམས་དང་མཚུངས་པར་བྱིན་གྱིས་རློབས། །མཐའ་ཡས་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །མཁའ་མཉམ་འགྲོ་བ་སྒྲོལ་བར་བྱིན་གྱིས་རློབས། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གཞི་ཡི་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །ལམ་གྱི་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །འབྲས་བུའི་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །དུས་ཀུན་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །ཞེས་རང་གི་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་བྱིན་རླབས་དང་དངོས་གྲུབ་མྱུར་དུ་འཐོབ་པ་ཨོ་རྒྱན་ཆེན་པོའི་ཞལ་བཞེས་ཡིན་ལ། བདག་གིས་ཀྱང་ཡར་མར་གྱི་ཚེས་བཅུར་སློབ་བུ་རྣམས་ལ་ཁྲིད་སྐྱོང་དུས། སྐབས་སྐབས་སུ་བཟོད་མེད་ཀྱི་མོས་གུས་མཆི་མ་འཁྲུག་པ་ཙམ་སྐྱེས་དུས་སོགས་ལ་འདིའི་དོན་ཚན་རེ་བརྩམས་ནས་རང་གཞན་གྱིས་བཏོན་པའི་མཐུ་ལ་བརྟེན་པས་ཀུན་ལ་བྱིན་བབས་པ་དང་། མཐོང་སྣང་སྣ་ཚོགས་ཤར་བ་དང་། ལྡོག་མེད་ཀྱི་དད་པ་ཐོབ་པ་དང་། འཕོ་རྟགས་དང་རླུང་རྟགས་མྱུར་དུ་ཐོན་པ་དང་། རང་སེམས་ཀྱི་རང་ངོ་མཐོང་བ་སོགས་བྱུང་བ་རྣམས་ནི་འདི་ལྟར་ཨོ་རྒྱན་ཆེན་པོ་ལ་གསོལ་བ་བཏབ་པའི་མཐུ་ཁོ་ན་ལགས་སོ། །དེའི་ཕྱིར་ན་འདི་ལ་འབད་པ་སྐྱེད་འཚལ། གུ་རུའི་ཐུགས་སྲས་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་བའོ། །དགེའོ། །

རྩོམ་སྒྲིག་པ།   གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K