༄༅། །འཇུག་སྒོ་གསུམ་དང་ལམ་གཙོ་གསུམ་ལ་འབྲེལ་བའི་བསླབ་བྱ་མདོར་བསྡུས་བཞུགས་སོ། །

མི་བསྐྱོད་འཇིགས་མེད་མཁས་གྲུབ་རྒྱ་མཚོ།

༄༅། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ཚོགས། །གཅིག་ཏུ་འདུས་པའི་བདག་ཉིད་དྲིན་ཅན་རྗེ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བྱས་ནས། །སྐལ་ལྡན་སློབ་མར་ཕན་པའི་གྲོས་གཅིག་འདེབས། །ལེགས་ཚོགས་ཀུན་གྱི་རྩ་བ་བླ་མ་ཡིན། །ཡིད་ཆེས་མོས་གུས་བླ་མའི་དམ་ཚིག་ཡིན། །བཀའ་བཞིན་སྒྲུབ་པ་བཤེས་གཉེན་བསྟེན་ཚུལ་ཡིན། །ཐོས་བསམ་སྒོམ་གསུམ་བསྟེན་པའི་འབྲས་བུ་ཡིན། །སྤྱིར་ན་འཇུག་སྒོ་རྣམ་པ་མང་ལགས་ཀྱང་། །དང་པོ་ཐར་པའི་འཇུག་སྒོ་ངེས་འབྱུང་ཡིན། །དེ་ཡང་བློ་ལྡོག་རྣམ་པ་བཞི་པོ་ལ། །ཁ་ཙམ་མིན་པའི་སྦྱངས་པ་མཐའ་རུ་སྐྱོལ། །ད་རེས་ཐོབ་པའི་དལ་འབྱོར་ལུས་རྟེན་འདི། །རྒྱུ་དཔེ་ངོ་བོ་གྲངས་སོགས་གང་ཐད་ནས། །ཧ་ཅང་རྙེད་དཀའ་ཡིད་བཞིན་ནོར་ལས་ལྷག །སྟོང་ལོག་མ་བྱེད་སྙིང་པོ་ལེན་ལ་འབུངས། །སྤྱིར་ན་འདུས་བྱས་ཡོད་ཚད་མི་རྟག་ན། །ཆུ་བུར་ལྟ་བུའི་ལུས་འདི་སྨོས་ཅི་དགོས། །རྟག་ཏུ་སྡོད་པའི་རང་དབང་མེད་སོམས་ལ། །འཆི་ཁར་ཕན་པའི་དམ་ཆོས་མྱུར་དུ་སྒྲུབས། །ད་ལྟའི་ལུས་འདིའི་ཆ་ཤས་ཙམ་ཞིག་ལ། །མེ་སྟག་ལྷུང་དང་ཚེར་མ་ཟུག་པ་ལྟའི། །ན་ཚ་བཟོད་པ་མིན་ན་ངན་སོང་གི། །སྡུག་བསྔལ་ཆེན་པོ་ཇི་ལྟར་བཟོད་ལ་ལྟོས། །ཇི་ལྟར་ས་བོན་བཏབ་པའི་འབྲས་བུ་བཞིན། །དཀར་ནག་ལས་འབྲས་བསླུ་མེད་ཡིན་བཞིན་དུ། །རང་མགོ་རང་གིས་གཡོགས་ནས་ལས་འབྲས་ལ། །ཁྱད་གསོད་མ་བྱེད་སྤང་བླང་རྒྱུན་དུ་གྱིས། །དེ་ལྟར་ངན་སོང་གསུམ་པོ་གཙོ་བྱས་པའི། །འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིའི་ནང་ནས། །ནམ་ཡང་ཐར་འདོད་མེད་པའི་སྐྱོན་ཆེན་འདི། །ངོས་འཛིན་བྱས་ན་ངེས་འབྱུང་སྐྱེ་བར་འགྱུར། །རྣམ་དག་ངེས་འབྱུང་ཆོས་ཀྱི་འགོ་ཡིན་པས། །དེ་ལ་ཧུར་ཐག་བྱས་ན་ཆོས་མགོ་ཐོན། །མགོ་བོ་མེད་ན་ལུས་ཀྱང་ཡོད་མི་སྲིད། །དེ་ཕྱིར་ངེས་འབྱུང་འདི་ལ་ནན་ཏན་མཛོད། །གཉིས་པ་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་ཡིན། །སྐྱབས་འགྲོ་མེད་ན་ཐེག་དགུའི་ཆོས་ཤེས་ཀྱང་། །མུ་སྟེགས་ཕྱི་པའི་གཞུང་དང་ཁྱད་པར་མེད། །གསུངས་པའི་ཚུལ་འདིར་བསམ་ནས་སྐྱབས་འགྲོར་འབུངས། །སྟོན་པ་སངས་རྒྱས་དེས་གསུངས་དམ་པའི་ཆོས། །ཉམས་སུ་ལེན་པའི་དགེ་འདུན་གསུམ་པོ་ལ། །སྟོན་པ་ལམ་གྲོགས་ཚུལ་དུ་སྐྱབས་སོང་ན། །ནང་པའི་ལྷ་ཆོས་ཡིན་པར་གདོན་མི་ཟ། །སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་ཚུལ། །ཤེས་པ་མིན་ན་སྐྱབས་འགྲོའི་དགེ་བསྙེན་མིན། །དེ་མ་ཡིན་ན་ཆོས་པའི་གཟུགས་བརྙན་དེའི། །རྩ་བ་རུལ་ནས་ཡར་སྐྱེད་འབྱུང་དུ་མེད། །སྤང་བླང་གསུམ་གསུམ་ཆ་མཐུན་གསུམ་བཅས་དགུ། །མ་ཤེས་ཐབས་མེད་ཡིན་པས་དང་པོ་གསུམ། །ལྷ་གཞན་མི་བསྟེན་གཞན་ལ་གནོད་འཚེ་སྤངས། །མུ་སྟེགས་ཅན་གྱི་གྲོགས་དང་མི་འགྲོགས་པ། །གཉིས་པ་སྐུ་གཟུགས་ཆོས་ཀྱི་ཡིག་འབྲུ་དང་། །ལྷན་པ་དམར་སེར་ཙམ་གྱི་དགེ་འདུན་ལ། །འཕྱ་ཞིང་བཟང་ངན་བརྗོད་པ་ལས་ལྡོག་ནས། །དེ་དག་དངོས་ལྟར་བཀུར་སྟིའི་ཞིང་དུ་འཛིན། །དཀོན་མཆོག་བཞི་པ་བླ་མའི་ཐུགས་གསུང་སྐུ། །རིམ་བཞིན་སངས་རྒྱས་དམ་ཆོས་དགེ་འདུན་ཡིན། །དེ་ཕྱིར་ཆ་མཐུན་གསུམ་ནི་བླ་མ་ཡི། །སྐུ་ལ་སྨད་འགོང་བཀའ་བཅག་ཐུགས་དཀྲུགས་ལས། །ལྡོག་སྟེ་སྐུ་བཀུར་གསུང་བརྩི་ཐུགས་དགྱེས་པའི། །ཐབས་ལ་འབད་ན་སྐྱབས་འགྲོའི་བསླབ་བྱ་ཡིན། །གཞན་ཡང་མན་ངག་བསྡུ་བ་ལས་གསུངས་པའི། །བསླབ་བྱ་བླངས་ནས་ཉམས་པ་མེད་པར་བྱ། །དེ་ལྟར་སྐྱབས་འགྲོ་བསླབ་བྱ་དང་བཅས་ལ། །ལེགས་པར་བསླབས་ཏེ་ཉམས་སུ་བླང་བྱས་ན། །ནང་པའི་གྲལ་དུ་སྡོམ་པའི་གཞི་ཚུགས་ནས། །འཕྲལ་དང་ཡུན་གྱི་དོན་ཆེན་འགྲུབ་པའི་མཆོག །ཤེས་བྱར་ཐོས་པ་ཅུང་ཟད་མ་བྱས་ན། །དམུས་ལོང་སྒྲོན་མེ་ཐོགས་པས་ལམ་བཙལ་འདྲ། །ཐུན་མོང་ལམ་ལ་སྦྱངས་པ་མ་སོང་ན། །གྲུ་གཟིངས་མ་བསྡམས་རྒྱ་མཚོར་བསྐྱོད་པ་འདྲ། །ཐོག་མར་ཐོས་བསམ་མཐོང་ཆུང་མ་བྱས་ན། །རང་བློར་འཚམས་པའི་ཤེས་བྱ་ཁོང་དུ་ཆུད། །ཐུན་མོང་ལམ་སྦྱངས་སྔོན་དུ་སོང་བ་ན། །ཐུན་མིན་མན་ངག་འཛིན་པའི་སྣོད་དུ་འགྱུར། །གསུམ་པ་ཐེག་ཆེན་འཇུག་སྒོ་བྱང་སེམས་ཡིན། །ཐེག་པ་ཆེ་ཆུང་སེམས་ཀྱི་ཁྱད་པར་ལ། །ལྟོས་ནས་འཇོག་པ་ཡིན་ཕྱིར་སེམས་བསྐྱེད་དེ། །མེད་ན་ཐེག་ཆེན་འཇུག་སྒོ་འགགས་པ་ཡིན། །འཁོར་བའི་སེམས་ཅན་སྡུག་ལས་བྲལ་འདོད་དང་། །བདེ་ལ་འགོད་དེ་དོན་གཉིས་ལྡན་པའི་སེམས། །འབྱོངས་ཕྱིར་ཞི་བ་ལྷ་ཡི་དགོངས་པ་དང་། །ཇོ་བོའི་རྒྱུ་འབྲས་མན་ངག་བདུན་ལྟར་སྒོམས། །དེ་ལྟར་ཐེག་ཆེན་གཞུང་ཤིང་བྱང་ཆུབ་སེམས། །བཅོས་མིན་རྒྱུད་ལ་སྐྱེས་པ་རྒྱལ་སྲས་དེས། །གཏན་བདེའི་བཙན་ས་ཟིན་ནས་དོན་གཉིས་ལ། །འབད་མེད་ལྷུན་གྱིས་འགྲུབ་པའི་དགེ་མཚན་མྱུར། །གལ་ཆེན་བྱང་ཆུབ་སེམས་ལ་ཐུན་གཅིག་ཀྱང་། །ཉམས་ལེན་མ་བྱས་གཞན་ཕན་ཕར་བཞག་སྟེ། །རང་དོན་ཁོ་ན་སྒྲུབ་པའི་ཐེག་ཆེན་གཟུགས། །བདག་ཕུང་གཞན་བརླག་བདུད་ཀྱི་ཕོ་ཉ་ཡིན། །བྱང་སེམས་འབྱོངས་ན་ཕྱིན་དྲུག་རང་ཤུགས་ཀྱིས། །འགྲུབ་པར་འགྱུར་བ་རྒྱལ་སྲས་སྤྱོད་པ་སྟེ། །དེ་ཕྱིར་དང་པོ་བྱང་ཆུབ་སེམས་སྦྱོང་གི། །ཚུལ་ལ་ནན་ཏན་བྱེད་པ་ཧ་ཅང་གལ། །བྱང་ཆུབ་སེམས་འདི་ཆོས་ཀྱི་ལུས་ཡིན་པས། །ལུས་མེད་ཕྱིན་དྲུག་ལང་ཚོ་ཡོད་མི་སྲིད། །རྒྱལ་སྲས་སྤྱོད་པ་མཐར་ཕྱིན་མ་བྱས་པར། །རྣམ་མཁྱེན་ཐོབ་པ་སུས་ཀྱང་གསུངས་མ་མྱོང་། །ཐུན་མོང་ལམ་གྱི་སྔོན་འགྲོས་རྒྱུད་སྦྱངས་ནས། །ཐུན་མིན་མན་ངག་ཞུས་ན་དེ་ལྟར་ཐོབ། །མ་ཞུས་གོང་དུ་བླ་སློབ་ཕན་ཚུན་དུ། །མ་བརྟག་རྗེས་ནས་ཉམས་ན་ཉེན་ཁ་ཆེ། །བདུད་ཀྱིས་མ་ཁྱེར་སྔགས་ཞུགས་སྐལ་ལྡན་དག །དབང་ཐོབ་དམ་ཚིག་ལ་གནས་དག་སྣང་ལྡན། །བླ་མར་མོས་གུས་གྲོགས་ལ་བརྩེ་གདུང་དང་། །འགྲོ་ལ་སྙིང་རྗེ་འཛོམས་ན་ཕལ་ཆེར་ཆོག །ཕྱག་རྫོགས་དབུ་གསུམ་གང་གི་ལྟ་བ་ལ། །མྱོང་བ་དངོས་སུ་ཐོན་པའི་རྣལ་འབྱོར་མཆོག །ཐར་ལམ་མྱུར་བསྒྲོད་ཆོས་ཀྱི་རྐང་པ་སྟེ། །མ་འཆུག་མ་ལྷོད་རྒྱུན་དུ་ཉམས་ལེན་གྱིས། །ཡང་དག་ལྟ་བ་རང་དགར་རྟོགས་དཀའ་ཡང་། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ནའི་མཐུ། །དེ་ཕྱིར་དད་བརྩོན་བསགས་སྦྱངས་ཅི་ཐུབ་ཀྱིས། །སྔགས་ལམ་ལ་ཞུགས་ཁེ་ཉེན་ཆེར་གསུངས་ཀྱང་། །ཡས་བབས་ལྟ་བ་ཚད་དུ་ཕྱིན་པ་དང་། །མས་འཛེག་སྤྱོད་པ་ཞིབ་ཏུ་སྤྱོད་ཤེས་ན། །གོལ་འཕྱུག་མེད་པར་རིག་འཛིན་གྲལ་ལ་དབང་། །མདོར་ན་ཆོས་པ་སྐྱོན་གྱིས་མ་གོས་པ། །ཡོན་ཏན་རབ་རྒྱས་པདྨའི་ཟེའུ་འབྲུ་ལ། །ཆོས་བརྒྱད་སད་སེར་དགྲ་འདི་ཉེན་ཆེ་བས། །རྟག་ཏུ་རང་སྐྱོན་རང་གིས་ཤེས་པར་གྱིས། །ཞལ་གདམས་ཞལ་གདམས་ཟེར་མཁན་མང་ན་ཡང་། །ཁ་ཙམ་མིན་པས་དོན་ལ་གནས་མཁན་ཉུང་། །དེ་ཕྱིར་དོན་འདི་དཔེ་ལ་མ་བཞག་པར། །སྙིང་ཉེའི་གཏམ་འདི་ཉམས་སུ་ལེན་པར་གཅེས། །མཛེས་འདོད་དཔེ་རྒྱན་གོས་ཀྱིས་མ་གཡོགས་དང་། །གྲགས་འདོད་སྡེབ་ལེགས་ཚིག་ལ་མ་ལྟོས་པར། །ཕན་འདོད་ལྷག་བསམ་ཤ་ཚའི་གཏམ་འདི་ལ། །བསྟེན་འདོད་ཡོངས་ཀྱི་རྒྱུད་ལ་ཕན་པར་ཤོག །
ཅེས་འཇུག་སྒོ་གསུམ་དང་ལམ་གཙོ་གསུམ་ལ་འབྲེལ་བའི་བསླབ་བྱ་མདོར་བསྡུས་འདི་ནི། རེབ་ཀོང་སྐྱ་རྒྱའི་སྔགས་པ་རྒན་པ་འགའ་ནས་བསྐུལ་ཏེ་འབྲི་འདུན་ཡོད་ཐོག །སྡེ་དེའི་སྔགས་འཆང་རྣམ་དཔྱོད་ཅན་ཀླུ་བྱམས་ནས་ལྷ་རྫས་དང་བཅས་ཏེ་བསྐུལ་བར་བརྟེན། མི་བསྐྱོད་སྐྱེ་མིང་པ་ནས། སྐྱ་རྒྱའི་སྔགས་ཁང་དུ་ཚེས་བཅུའི་ཚོགས་འཁོར་གྱི་སྐབས་སུ་ཤར་མར་སྤེལ་བའོ། །

རྩོམ་སྒྲིག་པ། རིག་འཛིན་འོད་གསལ་རྡོ་རྗེ།

47.2K