༄༅། །དད་དམ་མངའ་བའི་བླ་མ་རྡོ་རྗེ་སློབ་དཔོན་རྣམས་ལ་སྤྲིང་བའི་ཆབ་ཤོག

༄༅། །ཕན་བདེ་མ་ལུས་འབྱུང་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གསར་དུ་འཆར་བའི་ཕྱི་རྒྱལ་ཡུལ་གྲུ་ཀུན་ཏུ་བཞུགས་ཤིང་༌། སྐལ་ལྡན་རྣམས་ཀྱི་རྗེས་སུ་འཛིན་ཅིང་སྐལ་མེད་རྣམས་ལའང་ཐར་པའི་ས་བོན་འདེབས་པའི་ངེད་ཀྱི་སློབ་བུ་སྡོམ་པ་གསུམ་ལ་གནས་ཤིང་༌། ཡ་རབས་དམ་པའི་ངང་ཚུལ་བཟུང་བ། རང་གཞན་དོན་གཉིས་མཛད་པའི་བླ་མ་རྡོ་རྗེ་སློབ་དཔོན་རྣམས་ལ་ཞུ་གསོལ། འཁྲུལ་སྣང་སྣ་ཚོགས་ལ་རྣམ་པར་གཡེང་ཞིང་༌། ཆགས་སྡང་རྨོངས་པས་དུས་འདའ་བ། དམ་པའི་ཆོས་ཤེས་མཁན་དག་ཀྱང་ལེ་ལོའི་སྒྲོག་གིས་བཅིངས་པའི་སྐབས་འདིར། རྣམ་པ་ཀུན་ཏུ་སྤང་དགོས་པའི་སྐྱོན་གཅིག་འདུག །གང་ཞེ་ན། རང་རྒྱུད་ལ་ཕན་སེམས་དང་སྙིང་རྗེ་ཆུང་བ། རང་འདོད་ཆེན་པོ་དང་ཚེ་འདིའི་གྲགས་འདོད་དང་ཆེ་འདོད་ལ་བརྟེན་ནས་ལོག་འཚོ་ལ་རེ་བ་དག་གིས། སྐྱབས་བྲལ་མུན་པར་ཆུད་པའི་སེམས་ཅན་ཆོས་ལ་གསར་དུ་ཞུགས་པའི་སྐྱེ་བོ་ཕོ་མོ་རྣམས་ལ་ཕན་སེམས་སྙིང་རྗེ་ཡལ་བར་དོར་ནས། རྒྱུ་འབྲས་ལས་འདས་པའི་སྟོང་པ་ཉིད་དང༌། གསང་སྔགས་ཟབ་མོའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་དང་༌། སྦྱོར་སྒྲོལ་གྱི་སྤྱོད་པ་སོགས། མཐོ་མཐོ་ཟབ་ཟབ་མང་པོས་མགོ་སྐོར་ཞིང༌་། ཁོང་ཚོའི་རྒྱུད་ལ་སྐྱོ་ཤས་དང་ངེས་འབྱུང༌། དད་པ་དང་སྙིང་རྗེ། རྒྱུ་འབྲས་ལ་བླང་དོར་སོགས་ཀྱི་བློ་ཕྲན་བུ་ཡོད་པ་དེ་ཡང་རྩ་བ་ནས་མེད་པར་བྱ་ཞིང༌་། ཐར་པའི་ལམ་ལས་ལོག་ནས། རང་གཞན་མ་ལུས་ངན་སོང་དུ་འཇུག་པའི་ལོག་པའི་སློབ་དཔོན་དུ་འགྱུར་སྲིད་པས། སྐྱོན་དེ་དང་མ་འབྲེལ་བ་གནད་དང་པོའོ། །ད་ལྟ་འཇིག་རྟེན་གྱི་ཁམས་འདིར་ཤེས་རིག་དང་སྟོབས་འབྱོར་ཧ་ཅང་རྒྱས། ཉོན་མོངས་པ་ཤིན་ཏུ་སྟོབས་ཆེ་ཞིང༌། ཆགས་སྡང་རྨོངས་གསུམ་དང་རྣམ་གཡེང་གིས་དུས་འདའ་བའི་སྐབས་འདིར། རིག་པའི་གནས་དང༌། གཞུང་ལུགས་རབ་འབྱམས་བསླབ་སྦྱང་སྤྲོད་ན་ཡང༌། སློབ་སྦྱོང་མཐར་ཕྱིན་གྱི་དུས་སྐབས་ཉུང་བ་དང་༌། གལ་སྲིད་ཅུང་ཟད་མཁས་པ་གྱུར་ན་ཡང་རང་རྒྱུད་འདུལ་བའི་གཉེན་པོ་མི་བྱ་བར། ཁ་ཕྱི་ལྟས་དབང་གིས་ང་རྒྱལ་གྱི་གང་བུ་ཆེ་ཞིང་མཐོ་བ། ཕྲག་དོག་གི་ཚེར་མ་གཟེངས་ཤིང་རྣོ་བ། ལོག་ལྟའི་མུན་པ་འཐུག་ཅིང་གནག་པ། རྟོག་དཔྱོད་ཀྱི་རིག་པ་ཕྱི་རུ་སྐོར་ཏེ། ཡར་བླ་མ་དང་དཀོན་མཆོག་ལ་དད་པ་མེད་པ། མར་འགྲོ་དྲུག་སེམས་ཅན་ལ་སྙིང་རྗེ་མེད་པ། བར་རང་རྒྱུད་ལ་ལྟ་སྒོམ་སྤྱོད་པའི་ཉམས་ལེན་མེད་པ། ལས་རྒྱུ་འབྲས་ལ་རྩིས་བསྲུང་མེད་པ། རྒྱུད་གྱོང་ཧྲིག་གེ་བ། དུས་གསུམ་གྱི་སངས་རྒྱས་བྱོན་ཀྱང་འདུལ་དཀའི་གནས་སུ་གྱུར་ཉེན་འདུག་པས་ཕན་ཁག་པོ་རེད། འོན་ཀྱང༌་། སྐྱོ་ཤས། ངེས་འབྱུང་༌། དད་པ། དམ་ཚིག །ཤེས་རབ། བརྩོན་འགྲུས་ལྡན་པའི་སྐལ་ལྡན་གྱི་སྐྱེས་བུ་ཡོན་ཏན་རང་རྒྱུད་ལ་སྦྱར་མཁན་བྱུང་ན་ནི། ཁྱད་དུ་འཕགས་པའི་འདོར་ལེན་གང་དགོས་བལྟ་བ་གནད་གཉིས་པའོ། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་པ་ལྟར། སྡིག་པ་འབྱུང་བའི་སྒོ་རྣམས་བཀག་ཅིང༌། ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་རྟེན་དུ་གྱུར་པའི་དགེ་ཚུལ་དགེ་སློང་གི་སྡོམ་པ་ནི་སྲོག་ལྟར་བསྲུང་དགོས་པ་གཞིར་བཅས་ཀྱིས། རང་རེ་རྣམས་གསུམ་ལྡན་རྡོ་རྗེ་འཛིན་པའི་ཁུར་བཟུང་ན། གཞན་དག་གིས་ཀྱང་མིག་ལྟོས་ཡར་བལྟ་བྱེད་རྒྱུ་ལ་བརྟེན། ཀུན་རྫོབ་སྐྱོན་དང་བྲལ་བ་དྭངས་སིང་ངེ་ལ་བརྟེན་ནས། དོན་དམ་དགེ་བའི་ཕྱོགས་ཐམས་ཅད་འཕེལ་བར་འགྱུར་བས་གལ་ཆེ། འཇིག་རྟེན་པ་ཀུན་གྱིས་སྤྱོད་པ་འཇོལ་ཉོག་ཏུ་སྤྱོད་བཞིན་པ་ལ། བླ་མ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་དེ་ལྟར་མཛད་ན། ཆུ་འདམ་གྱིས་ཉོག་པའི་སྟེང་སྣག་ཚ་བླུགས་པ་ནང་བཞིན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མིང་ཙམ་མེད་པར་གྱུར་ཐོག །ཐར་འདོད་ཀྱི་སྐལ་ལྡན་དག་ཀྱང་ཉོན་མོངས་པའི་འདམ་དུ་བྱིང་བར་འགྱུར། དེ་ཡང་སྐྱེས་བུ་དམ་པ་ཉམས་རྟོགས་ཁྱད་པར་དུ་འཕགས་པ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་སྐྱོན་དུ་བཟུང་བའི་གནས་ནི་མ་ཡིན་ཞིང༌། རང་རྒྱུད་ལྟ་བའི་མེ་ལོང་བྱ་དགོས་པར་མ་ཟད། རང་རྒྱུད་ལ་སྡོམ་པ་སྲུང་མ་ཐུབ་པའི་ཉེས་སྐྱོན་བྱུང་ན། གཞན་སྡོམ་པ་སྲུང་མཁན་རྣམས་ལ་ལྷག་པར་དད་པ་བྱ་དགོས་ཤིང༌། རང་སྐྱོན་ལ་ཡོན་ཏན་དུ་མི་འཛིན། ད་སྐབས་མི་རེ་ཟུང་རང་སྡོམ་པ་བསྲུང་མ་ཐུབ་པ་དེ་ལ་ང་རྒྱལ་ཆེན་པོ་འདྲ་ཞིག་བྱས་ནས། གཞན་སྡོམ་པ་སྲུང་མཁན་ལ་ལོག་ལྟ་དང་སྐུར་འདེབས་བྱ་མཁན་འདུག་པ། དེ་ལྟ་བུའི་གོ་ལོག་ཏུ་མི་བྱ་བར་ཚུལ་ཁྲིམས་ལ་རྟག་ཏུ་གཅེས་སྤྲས་བྱ་བ་ནི་གནད་གསུམ་པའོ། །ཆོས་སྐུ་ཀུན་ཏུ་བཟང་པོ། རྒྱལ་བ་རྡོ་རྗེ་འཆང་ཆེན། སངས་རྒྱས་ཤཱཀྱ་ཐུབ་པ་ནས། གཞི་ལམ་འབྲས་བུའི་མདོ་སྔགས་ཀྱི་ཆོས་དང་གདམས་ངག་མ་ལུས་པ་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་སྙན་ནས་སྙན་དང་ཐུགས་ནས་ཐུགས་བརྒྱུད་དེ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སོགས་ཀྱི་བརྒྱུད་སྲོལ་གཅིག་ཏུ་འདུས་ཤིང་༌། སོ་སོའི་མིང་དང་རིས་སུ་མ་བཅད་པའི་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ནི་རྒྱལ་བསྟན་ཡོངས་ཀྱི་འཕྲོ་གཞི་དང་འཇུག་ངོགས། མ་འདྲེས་ཡོངས་སུ་རྫོགས་པ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་དུ། འདོད་དགུ་འཇོ་བའི་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ལགས་ན། ཉི་ཟླ་དཀྱིལ་འཁོར་བཞིན་གསལ་བའི་གཡར་དམ་དུ་བཅའ་བ་ནི་གནད་བཞི་པའོ། །ད་དངོས་གཞི་ལག་ལེན་བསྟར་བྱ་ལ། དང་པོ་རང་ཉིད་བླ་མ་དཀོན་མཆོག་ལ་བློ་ལིང་གིས་འགེལ། ལས་རྒྱུ་འབྲས་དང་སྡོམ་པ་དམ་ཚིག་སྲོག་ལྟར་སྲུང་༌། ལྟ་སྒོམ་སྤྱོད་གསུམ་རྒྱུན་གྱི་ཉམས་ལེན་ལ་བརྩོན་འགྲུས་ཐང་ལྷོད་མེད་པར་བྱ། ཆོས་ཐམས་ཅད་བདེན་མེད་སྒྱུ་མར་བལྟ་ཞིང་ཆགས་ཞེན་ཆུང་དུ་གཏང་༌། མ་གྱུར་སེམས་ཅན་ཀུན་ལ་ཕན་སེམས་ཆེན་པོའི་བྱམས་པ་དང་སྙིང་རྗེའི་དབང་གིས། གནས་སྐབས་དང་མཐར་ཐུག་ཀུན་ཏུ་སྡུག་བསྔལ་ལས་ཐར་ཞིང་༌། བདེ་བ་དམ་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དགོས་སྙམ་པ། དེ་དག་གིས་གཞི་བཟུང་དགོས་སོ། །དེ་ནས་གཞན་དག་ལ། བློ་ལྡོག་རྣམ་པ་བཞིའི་ཁྲིད་རིམ་གྱི་སྒོ་ནས། འཁོར་བ་ལ་བློ་ལོག་ཅིང༌་། ལོང་མེད་ཀྱི་བློ་སྣ་ཐུང་བ། ལས་འབྲས་ལ་བརྩི་བསྲུང་ཤེས་པ། བླ་མ་དཀོན་མཆོག་གི་ཡོན་ཏན་ཤེས་ཤིང་༌། དང་འདོད་ཡིད་ཆེས་ཀྱི་དད་པ་རྙེད་ཅིང་༌། ཐར་པ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ། ཐེག་པ་ཆེན་པོ་བློ་སྦྱོང་གི་ཁྲིད་ལ་བརྟེན་ནས། འགྲོ་དྲུག་ཕ་མར་ཤེས་ཤིང་བྱམས་པ་དང་༌། སྙིང་རྗེ་རྒྱུད་ལ་སྐྱེ་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་འབྱོང་བ། ཚོགས་བསགས་སྒྲིབ་སྦྱོང་ཐབས་སྣ་ཚོགས་པའི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ། ཞི་གནས་དང་ལྷག་མཐོང་གི་ཁྲིད་ལ་བརྟེན་ནས། སེམས་རྩེ་གཅིག་ཏུ་གནས་པ་དང་༌། སེམས་ཀྱི་གནས་ལུགས་རང་ངོ་ཤེས་ཐུབ་པ། ཆོས་ཐམས་ཅད་རང་སེམས་འཁྲུལ་པའི་སྣང་ངོ་སྒྱུ་མ་རྨི་ལམ་ལྟ་བུ། བདེན་མེད་ཀྱི་དོན་སྒྱུ་མའི་དཔེ་བརྒྱད་དང་བཅུ་གཉིས་ཀྱི་སྒོ་ནས་ཁྲིད་སྐྱོང་ཞིང་༌། བདེན་འཛིན་གྱི་འཁྲུལ་པ་ཞིག་སྟེ། སྡུག་བསྔལ་ལས་གྲོལ་ཐུབ་པ། བྱ་སླ་ལ་ཕན་ཡོན་ཆེ་བ་འཕགས་པ་ཐུགས་རྗེ་ཆེན་པོའི་ཁྲིད་རིམ་ལ་བརྟེན་ཏེ། བསྐྱེད་རྫོགས་ཀྱི་གནད་ལ་ཅུང་ཟད་གོམས་ཏེ། ཡིག་དྲུག་དལ་མེད་དུ་བསྒྲང་ཞིང་༌། བྱིན་རླབས་མོས་པའི་སྟོབས་ཀྱིས་མ་དག་པའི་སྣང་སེམས་ཅུང་ཟད་བསྒྱུར་ནུས་ཤིང་༌། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་བསྙེན་སྒྲུབ་དུས་གཅིག་ཏུ་ཐེབ་པའམ། དེ་དག་ལ་འཇུག་རུང་བའི་སྐལ་བ་དང་ལྡན་པར་གྱུར་པ་ཞིག་དང་༌། ཚེ་འདིའི་སྣང་བ་ནུབ་སྟེ་བར་དོ་འཇིགས་སྐྲག་གི་འཕྲང་ལ་ཅི་བྱ་གཏོལ་མེད་བྱུང་བའི་སྐབས། གསང་སྔགས་ཉེ་ལམ་ཟབ་མོ་ལ་བརྟེན་ནས་སྐད་ཅིག་གིས་དག་པའི་ཞིང་དུ་འཕོ་ཐུབ་པའམ། བདེ་ཆེན་དག་པའི་ཞིང་དུ་སྐྱེ་ཐུབ་པའི་འདུན་པ་དང་སྨོན་ལམ་ཟབ་མོའི་མཚམས་སྦྱར་ཐུབ་པ་དང་༌། དབང་རབ་སྐལ་བ་ལྡན་པ་དག་ཕྱག་རྫོགས་ཁྲིད་རིམ་ཟབ་མོའི་ཐོག་ཐབས་སུ་ངོ་སྤྲོད་ནས་ས་ལམ་ཅིག་ཆོད་དུ་བགྲོད་ཐུབ་པ། ཤིན་ཏུ་སྐལ་དམན་དག་ལ་ཡང་༌། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་རྣ་བར་བསྒྲགས་ཏེ། ཐར་པའི་ས་བོན་འདེབས་ཐུབ་པ་སོགས། གང་ལ་ཅི་ཕན་གྱི་བྱ་བ་ཁུར་དུ་འཁྱེར་བ་ནི་དངོས་གཞིའི་གནད་ལྔ་པའོ། །འཛམ་བུའི་གླིང་གི་ཆོས་ལུགས་ཀུན་གྱིས་སེམས་ཅན་རྣམས་ངན་སོང་གི་སྒོ་བཀག་པ། མཐོ་རིས་ཀྱི་ལམ་དང་ཐར་པའི་ལམ་དུ་འཇུག་པ་སོགས། སངས་རྒྱས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཡོད་རྒྱུའི། ཀུན་ལ་དག་སྣང་བྱ་བ་དང་༌། ཁྱད་པར་ནང་པ་སངས་རྒྱས་པའི་ཆོས་ལུགས་རྣམས་ལ་ལོག་ལྟ་སྐུར་འདེབས་ཕྲག་དོག་འགྲན་སེམས་གནོད་པའི་བྱ་བ་ཅིས་ཀྱང་མི་མཛད་པར་དག་སྣང་ཡངས་པའི་ཐོག །རང་ལ་བབས་ཐོབ་ཀྱི་དགོན་སྡེ་ཆོས་ཚོགས་གང་ཡོད་པ་དེ་ལ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་འགྲོ་བའི་དོན་གང་འགྲུབ་མ་མཛད་ཐབས་མེད་དང་༌། ཁྱད་པར་ངེད་དང་དབང་ཆོས་རྒྱ་ཆེར་འབྲེལ་བའི་མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་རྣམས། ཕ་མ་གཅིག་གི་སྤུན་ལྟར་བརྩེ་གདུང་ནང་མཐུན་འགྲན་མེད་པར་འོ་ཆུ་གཅིག་འདྲེས། འཁོན་སེམས་སྤུ་ཙམ་མེད་པར་གཅིག་ཕན་གཅིག་གྲོགས་ནི་བླ་སློབ་གཉིས་ཀྱི་དམ་ཚིག་ལ་དགོངས་ཏེ་དུས་རྟག་ཏུ་མཛད་གྲུབ་ཞུ་བ་ནི་གནད་དྲུག་པའོ། །ངེད་རང་ཡང་༌། སྔོན་གྱི་ལས་སྨོན་བཟང་པོའི་སྟོབས་དང་༌། བླ་མ་བཀའ་དྲིན་ཅན་དང་༌། ཕ་མ་བཟང་པོའི་དྲིན་གྱིས། ཆུང་དུས་ནས་འཇིག་རྟེན་གྱི་བྱ་བ་བློས་བཏང་ཟིན་པ་ཞིག་ཡིན་སྟབས། རྒྱུ་ནོར་རྫས་བྱུང་ན་ཡང་ཆུད་ཟོས་མི་གཏང་ཞིང་༌། གསོག་འཇོག་མེད་པར་ཚོགས་བསགས་སྒྲིབ་སྦྱོང་ལ་གཏོང་མཁན་ཞིག་རེད། མ་བྱུང་ན་ཡང་༌། ཐོབ་ཨེ་འོང་བསམ་པའི་བརྣབ་སེམས་མེད་པར། ཆོག་ཤེས་ནོར་གྱི་བང་མཛོད་མངའ་བ་ཞིག་ཡིན་པར་མ་ཟད། མཁས་པའི་རྣམ་དཔྱོད་གྲུབ་པའི་ཉམས་མྱོང་མེད་ན་ཡང་སེམས་རྒྱུད་ཆོས་དང་འདྲེས་པ་ཞིག་ཡིན་ཙ་ན། ཁྱོད་རང་བུ་སློབ་རྣམས་ཀྱང་དེ་བཞིན་དུ་རང་དོན་དུ་སྡོམ་པ་དམ་ཚིག་མ་ཉམས་པ། གཞན་དོན་དུ་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོའི་ངང་༌། སྐུ་ཚེ་མཛད་པ་མཐར་ཕྱིན་པ་ནི་གནད་བདུན་གྱི་བསླབ་བྱ་སྟེ། ལྕགས་སྤྲེལ་ཟླ་ཚེས་དགེ་བར་བསམ་གྲུབ་དར་རྒྱས་ཆོས་འཁོར་གླིང་ནས་ཀརྨ་རང་བྱུང་ཀུན་ཁྱབ་བམ་ཀ་ལུ་རིན་པོ་ཆེ་ནས་ཕུལ། །

རྩོམ་སྒྲིག་པ། ཀློང་ཡངས། 

47.2K