༄༅། །གསང་བ་སྔགས་ཀྱི་སྦོམ་པོའི་ལྟུང་བ་བཤད་པ་བཞུགས་སོ། །

སྦོམ་པོའི་ལྟུང་བ་བཤད་པ་ལ། ངོ་བོ་སྟེ་མཚན་ཉིད་དང་། ངེས་ཚིག་སྟེ་སྒྲ་དོན་དང་། དབྱེ་བ་དང་གསུམ་ལས།

མཚན་ཉིད་ནི། སྔགས་བླ་མེད་ཀྱི་སྡོམ་པའི་མི་མཐུན་ཕྱོགས་ཀྱི་ཉེས་པ་གང་ཞིག་སྤྱད་ན་སྡོམ་པའི་ཡན་ལག་ཉམས་བྱེད་ཀྱི་རིགས་སུ་གནས་པའོ། །

ངེས་ཚིག་ནི་རྩ་ལྟུང་བཅུ་བཞི་དང་རྗེས་སུ་མཐུན་པའི་ཡན་ལག་དང་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་མ་ཡིན་ཀྱང་། དངོས་གྲུབ་མྱུར་དུ་འགྲུབ་པ་ལ་གེགས་བྱེད་པའི་ཕྱིར་ལྕི་བའི་སྦོམ་པོ་ཞེས་བྱ་སྟེ། ཤིང་གི་ཡལ་ག་ཆད་ན་སྦོམ་པོ་ཉམས་པ་ལས་སླར་མི་སྐྱེ་བ་མ་ཡིན་པ་བཞིན།

དབྱེ་བ་ནི་སྦོམ་པོའི་ལྟུང་བ་བརྒྱད་ལས་ཐོག་མ་གསུམ་རང་རྒྱུད་སྨིན་བྱེད་ཀྱི་ཡན་ལག་དང་ཕྱི་མ་ལྔ་གཞན་རྒྱུད་སྨིན་བྱེད་ཀྱི་ཡན་ལག་སྟེ། སྦོམ་པོ་བརྒྱད་དུ་བཤད་པ་དང་བདུན་དུ་བཤད་པ་དང་བཅུར་བཤད་པ་སོགས་ངོས་འཛིན་དང་གོ་རིམ་མི་འདྲ་བ་མང་དུ་སྣང་མོད་དེ། འདིར་ཡོང་སུ་གྲགས་ཆེ་བའི་ཕྱིར་བརྒྱད་དང་བཅུར་བཤད་པ་གཉིས་རིམ་པར་འདོམས་ན། དང་པོ་ནི། མངའ་རིས་པཎ་ཆེན་གྱིས། དབང་དང་དམ་ཚིག་མ་སྨིན་རིག་མ་བསྟེན། །ཚོགས་ཀྱི་འཁོར་ལོའི་དུས་སུ་ལུས་ངག་རྩོད། །མ་གསུངས་རིག་མར་རང་སྟོབས་བདུད་རྩི་ལེན། །སྣོད་ལྡན་སློབ་མར་གསང་སྔགས་མི་སྟོན་དང་། །དད་ལྡན་ཆོས་དྲི་བ་ལ་ཆོས་གཞན་སྟོན། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམ། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །ཅེས་པའི་ཐད་ཀྱི་འགྲེལ་བར། ལོ་ཆེན་དྷརྨས། དབང་གིས་རྒྱུད་མ་སྨིན་ཅིང་དམ་ཚིག་དང་མི་ལྡན་པའི་རིག་མ་བརྟེན་པ་ཙམ་ལས་དང་པོའོ། །ཚོགས་ཀྱི་འཁོར་ལོའི་གྲལ་དུ་བླ་མའམ་རྡོ་རྗེ་སྤུན་ལ་མནར་སེམས་མེད་པར་ལུས་ངག་གི་རྩོད་རྡེག་དང་ཁ་ཤགས་ཙམ་བྱས་ན་གཉིས་པའོ། །རྒྱུད་ལས་གསུངས་པའི་མཚན་ཉིད་མ་ཚང་བའི་རིག་མ་ཕལ་པ་ལས་རིལ་བུའམ་བདེ་བའི་རྒྱུར་བདུད་རྩི་ཆོ་ག་བཞིན་དུ་མ་ཡིན་པར་རང་སྟོབས་ཀྱིས་ལེན་པ་གསུམ་པའོ། །སྣོད་རུང་དོན་དུ་གཉེར་པའི་སློབ་མར་གསང་སྔགས་ཀྱི་ཆོས་དཔེ་འཁྱུད་ཀྱིས་མི་སྟོན་པ་བཞི་པའོ། །དད་ལྡན་ཆོས་དོན་གཉེར་གྱི་དུས་སུ་འདྲི་བ་ལ་ཆོས་དེ་མི་སྟོན་པ་ལྔ་པའོ། །སྔགས་ཀྱི་ལྟ་སྤྱོད་ལ་སྐུར་བ་འདེབས་པའི་ཉན་ཐོས་དངོས་སམ་རྟོག་གེ་པའི་ནང་དུ་ཞག་བདུན་ལོངས་པར་བསྡད་ན་དྲུག་པའོ། །གསང་སྔགས་ཀྱི་རྣལ་འབྱོར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དང་མི་ལྡན་པར་རང་ཉིད་སྔགས་འཆང་རྡོ་རྗེ་འཛིན་པར་སྨྲ་ཞིང་རློམ་པ་ནི་བདུན་པའོ། །ནང་གི་རྣལ་འབྱོར་མ་ཡིན་པའི་གང་ཟག་འདོད་ཅིང་དོན་དུ་གཉེར་བ་ཚོགས་བཤད་སྟོན་བྱས་ཡུལ་ལ་ཟབ་དོན་དུས་མ་ཡིན་པར་བཤད་པ་བརྒྱད་པའོ། །ཞེས་གསུངས་སོ། །བཅུར་བཤད་པའི་དང་པོ་ནི། ཤེས་རབ་སྟོབས་ཀྱིས་ལེན་པ་དང་། །ཞེས་པས་མ་སྦྱངས་པའི་རིག་མ་བསྟེན་པའོ། །གཉིས་པ། དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །ཞེས་པས་རྒྱུད་ནས་གསུངས་པ་ལྟར་བརྟེན་ཚུལ་མ་ཡིན་པའི་རིག་མའི་བྱང་སེམས་ལེན་པའོ། །གསུམ་པ། སྣོད་མིན་ལ་ནི་མི་གསང་དང་། །ཞེས་པས། དབང་མ་ཐོབ་པ་དང་། ཐོབ་ཀྱང་མི་དད་པ་ལ་དགོས་པ་ཁྱད་པར་ཅན་མེད་པར་བྲིས་སྐུ་གླེགས་བམ་རྒྱན་དྲུག་སོགས་གསང་བའི་རྫས་གང་ཡང་རུང་བ་དང་། ཕྱག་རྒྱ་འཆང་བ་སོགས་སྟོན་པའོ། །བཞི་པ། ཚོགས་ཀྱི་ནང་དུ་རྩོད་པ་དང་། །ཞེས་པས། ཚོགས་འཁོར་རམ་དཔའ་བོ་དཔའ་མོའི་སྟོན་མོ་སོགས་ཀྱི་དུས་ཕན་ཚུན་རྩོད་པ་དང་། ཐ་ན་ལུས་ཀྱི་ཐལ་མོ་རྡེབ་པ་ཙམ་བྱེད་ནའོ། །ལྔ་པ། དད་ལྡན་ལ་གཞན་ཆོས་སྟོན་དང་། །ཞེས་པས། ཕ་རོལ་པོས་ཆོས་དྲི་བ་བྱས་པར་དྲིས་པ་དེ་མ་བཤད་པར་གཞན་ཞིག་བཤད་པའོ། །དྲུག་པ། ཉན་ཐོས་ནང་དུ་ཞག་བདུན་འདས། །ཞེས་པས་གསང་སྔགས་ལ་མི་དད་ཅིང་སུན་འབྱིན་པའི་ཉན་ཐོས་ཐེག་པ་པའི་ནང་དུ་ཞག་དྲུག་ལྷག་པ་བདུན་བསྡད་ནའོ། །བདུན་པ། རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད། །ཅེས་པས་ལྷའི་སྒྲུབ་ཐབས་ཙམ་ཤེས་པ་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པར་རློམ་ཞིང་སྟོན་ནའོ། །བརྒྱད་པ་ལ། དད་པ་མེད་ལ་ཆོས་སྟོན་པ། །ཞེས་པས། དབང་གིས་མ་སྨིན་པ་སྔགས་ལ་མི་དད་པ་ཕྱིའི་ཆོས་ལ་མོས་པའི་གང་ཟག་ལ་སྔགས་ཀྱི་གསང་བ་བསྟན་པའོ། །འདི་ལ་རྗེ་ཙོང་ཁ་པས། དབང་གིས་མ་སྨིན་པའམ། སྔགས་ལ་མི་དད་པ་ལ་དབང་བསྐུར་བའམ། སྨིན་ཡང་སྔགས་ལ་མི་དད་པ་ཕྱིའི་ཆོས་ལ་མོས་པ་ལ་སྔགས་ཀྱི་གསང་བ་བསྟན་པའི་སྦོམ་པོ་སྟེ། ཞེས་གསུངས། ཀུན་མཁྱེན་ནོར་བུའི་ཞབས་ཀྱིས། སྔགས་ལ་དད་མི་དད་གང་ཡང་མིན་པའི་དབང་གིས་མ་སྨིན་པའི་གང་ཟག་དེ་རྩ་ལྟུང་བདུན་པའི་ཡུལ་དང་། དབང་གིས་མ་སྨིན་སྔགས་ལ་མི་དད་པ་དེ་སྦོམ་པོ་འདིའི་ཡུལ་དུ་གསུངས་ནའོ། །དབང་གིས་མ་སྨིན་པའི་སྔགས་ལ་མི་དད་པ་ལ་དབང་བསྐུར་བ་ལས་མ་སྨིན་པས་དད་མི་དད་གང་ཡང་མེད་པ་ལ་དབང་བསྐུར་བ་དགག་བྱ་ཆུང་བ་འདྲ་སྙམ་པས་བརྟག་གོ། །ཞེས་བཞད་པའི་རྡོ་རྗེས་གསུངས། དགུ་པ། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །ཞེས་པས། གྲངས་དུས་མཚན་མའི་བསྙེན་པ་གང་ཡང་རུང་བ་མ་སོང་བར་གཞན་ལ་དབང་བསྐུར་པ་སོགས་བྱས་ནའོ། །བཅུ་པ། སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་པ། སོ་ཐར་དང་། བྱང་སེམས་ཀྱི་བཅས་པ་ལ་ཁྱད་དུ་གསོད་པར་དགོས་མེད་དུ་འདའ་བའོ། །དཔེར་ན་དགེ་སློང་རྡོ་རྗེ་འཛིན་པས་སྦྱིན་སྲེག་བྱེད་ན། མེ་རེག་གི་དུས་དང་འབྲུ་ལ་རུང་བ་བྱེད་དགོས་པ་ལྟ་བུའོ། །

(རྩོམ་ཡིག་འདི་ནི་རེབ་ཀོང་སྔགས་མང་གི་མཁས་ཤིང་གྲུབ་པའི་དབང་ཕྱུག་མག་གསར་ཀུན་བཟང་སྟོབས་ལྡན་དབང་པོས་བརྩམས་པའི་ཕུར་པའི་རྣམ་བཤད་ཧེ་རུ་ཀ་དཔལ་བཞད་པའི་ཞལ་ལུང་ཞེས་པའི་བསྟན་བཅོས་ཆེན་པོ་ལས་ཁོལ་དུ་ཕྱུང་བ་ཡིན།)

རྩོམ་སྒྲིག་པ།    ཀ་དག

47.2K