༄༅། །དོལ་པོ་སྤྲུལ་སྐུས་འཇར་མན་མཐོ་སློབ་ཏུ་འཆི་བ་བར་དོའི་སྐོར་གནང་བའི་གཏམ་བཤད།

རྩོམ་སྒྲིག་པ། ཀ་དག

སྤྱི་ལོ་༢༠༡༤ཟླ་༡༡ཚེས་༡༡ཉིན་འཇར་མན་མུ་ནིག་ཡེ་ཤུའི་སློབ་གྲྭ་པེརིཤི(Parish St. Paul in Munich, Germany)ལ་འཆི་བའི་སྐོར་གསུང་བཤད་གནང་བ།

       དེ་རིང་གི་བརྗོད་གཞི་འཆི་བའི་སྐོར་ཡིན། དེ་ཡང་༡འཆི་བ་ལ་དོ་སྣང་དགོས་ཚུལ། ༢འཆི་བ་གང་ལ་ངོས་འཛིན་མིན།  ༣འཆི་ཁ་མའི་གནས་སྐབས་གལ་ཆེ་བ། ༤འཆི་བའི་སྐབས་ཀྱི་ཉམས་ལེན་དང་དོན་ཚན་བཞིའི་སྒོ་ནས་ཞུ་རྒྱུ་ཡིན། ཞེས་དང་།

དང་པོ་འཆི་བ་ལ་དོ་སྣང་དགོས་ཚུལ།

སྤྱིར་བཏང་འཆི་བ་ཟེར་བའི་ཚིག་འདི་སྙན་པོ་མིན། ཚིག་འདི་ཉན་འདོད་ཡོད་མཁན་ཉུང་ཉུང་རེད། རྒྱུ་མཚན་ཀུན་གྱིས་མཁྱེན་གསལ་ལྟར་རང་ཉིད་གཅིག་པུ་ཡིད་དུ་འོང་བའི་འཇིག་རྟེན་གྱི་སྣང་བ་ནུབ། བརྩེ་བ་ཅན་གྱི་ཉེ་འབྲེལ་དང་གཏན་དུ་ཁ་བྲལ། ཡུན་རིང་བསགས་པའི་རྒྱུ་ནོར་བེད་སྤྱོད་མེད། ཉམས་མྱོང་ཅན་གྱི་མི་ཚེ་ལ་རྫོགས་ཚིག་འབྲི་བའི་དུས་སྟོན་པས་ཡིན། སྙན་པོ་མེད་ནའང་ང་ཚོས་འཆི་བ་ལ་དོ་སྣང་དང་། དེའི་གནས་སྟངས། མྱོང་ཚོར་གང་འདྲ་ཡོད་མེད་སྐོར་ལ་གང་ཐུབ་ཀྱིས་རྒྱུས་ལོན་བྱེད་དགོས། གང་ཡིན་ཟེར་ན་འཆི་བ་ནི་མི་ཚེའི་ཆ་ཤས་དང་དེ་ལས་གཡོལ་ཐབས་མེད་པས་སྔ་ཕྱི་མ་གཏོགས་ཡོང་ངེས་ཡིན། དེ་འདྲ་ཡིན་ན་འཆི་བའི་སྐོར་ཅུང་ཟད་ཤེས་ཐུབ་ན་འཆི་བ་གདོང་ལེན་བྱེད་སྟངས་གང་ལ་གང་འཚམས་ཤེས་ཐུབ། དེ་ཤེས་ན་རང་བཞིན་གྱིས་དངངས་སྐྲག་ཉུང་དུ་འགྲོ་ངེས་ཅན་ཡིན། འཆི་བའི་སྐོར་ལ་བློ་ཁ་ཕྱོགས་པའི་ཕན་ཡོན་གཙོ་བོ་དེ་རེད། དཔེར་ན། ང་སྔོན་མ་སིངྒ་པུར་དུ་Universalཡུ་ཎི་ཝར་སལ་གྱི་ནང་ལྟད་མོ་ལྟ་རུ་ཕྱིན་པ་ཡིན། ཞེད་སྣང་ཅན་གྱི་Rollercoasterརོ་ལོ་ཁོ་སོ་ཀྲའི་ནང་དུ་ཐེངས་མང་ཕྱིན་པ་ཡིན། དེ་དུས་རྒྱུས་ཡོད་པའི་གནས་སྟངས་གང་འདྲ་ཞིག་ཡིན་ནའང་འདྲ། ཐེངས་དང་པོ་ཅི་ཡིན་འདི་ཡིན་མེད་པར་གློ་བུར་དུ་གཟུགས་བརྙན་འཇིགས་སུ་རུང་བ་ཡར་ལངས་པ། ཟ་རྒྱུ་བྱེད་པ། མར་ལྷུང་བ་འཆར་ཡོང་དུས་དངངས་སྐྲག་དང་ཞེད་སྣང་བྱུང་། ཐེངས་རྗེས་མ་རྣམས་སུ་ཞེད་སྣང་ཡོང་གི་མི་འདུག །མ་ཟད་ཐེངས་དང་པོར་ཞེད་སྣང་སྐྱེ་དགོས་དོན་གང་ཡིན་ནམ་སྙམ་པ་སེམས་ལ་འཁོར་གྱི་འདུག །དེ་འདྲ་ང་ཚོ་ཚང་མར་ཡོང་གི་ཡོད་རེད། ཞེད་སྣང་མི་ཡོང་བའི་རྒྱུ་མཚན་ནི་རྒྱུས་ལོན་བྱུང་བས་རེད། རྒྱུས་ཡོད་ན་གདོང་ལེན་བྱེད་སླ་བ་ཡིན་པ་དེ་གསལ་པོ་རེད། མ་ཟད་ཐེངས་དང་པོའི་སྐབས་སུའང་ཐམས་ཅད་རྗུན་མ་ཡིན་སྙམ་པའི་དྲན་པ་བཟུང་བ་གཅིག་པུས་འཇིགས་སྣང་མི་སྐྱེ་བར་ཕན་ཐོགས་འདུག །རྫུན་པར་ཤེས་པ་དང་རྒྱུས་ལོན་བྱུང་བ་གཉིས་ཀྱིས་གདོང་ལེན་བྱེད་སླ་རུ་ཕྱིན་པ་རེད། དོ་སྣང་བྱས་པ་ཙམ་གྱིས་གནས་ཚུལ་གདོང་ལེན་བྱེད་སླ་རུ་གཏོང་གི་ཡོད་པ་གསལ་པོ་བཟོས་པ་རེད། དེ་ལྟར་ན་ང་ཚོས་ངེས་པར་དུ་འཆི་བ་ལ་དོ་སྣང་བྱེད་དགོས་འདུག

         འདིར་ནུབ་ཕྱོགས་སྤྱི་ཚོགས་བརྒྱུད་རིམ་ནང་འཆི་བ་ལ་དོ་སྣང་གང་འདྲ་བྱས་ཡོད་མེད་ཞུས་ན། དེ་ཡང་སྤྱི་ལོ་༢༠༡༣ཟླ་༡༡ནང་གཙུག་ལག་སློབ་དཔོན་ཨང་སི་ཝུར་རོམ། (Professor Angstwurm)དང་ལྷན་དུ་འཇར་མན་དུ་(St.-Anna-Gymnasium München)སློབ་གྲྭར་བར་དོ་འཆི་བའི་སྐོར་གཏམ་བཤད་མཉམ་དུ་བྱས་པ་ཡིན། དེ་ནས་བཟུང་ནུབ་ཕྱོགས་སྤྱི་ཚོགས་རྒྱུད་རིམ་ནང་དུ་འཆི་བའི་སྐོར་ལ་ལྟ་གྲུབ་གང་འདྲ་ཞིག་བཟུང་ཡོད་མེད་སྐོར་རོབ་ཙམ་ཤེས་བྱུང་། དེ་རྗེས་ངེད་རང་གཉིས་པོ་གསོལ་ཇ་ཞིམ་པོ་མཆོད་བཞིན་འཆི་བའི་སྐོར་ལ་བཟུང་བའི་སངས་རྒྱས་ཆོས་ལུགས་དང་ནུབ་ཕྱོགས་ཀྱི་བསམ་ཚུལ་སྐོར་དྲི་བ་དང་དྲིས་ལན་འདོད་པ་མ་ཚིམས་བར་དུ་བྱས་པ་ཡིན། མ་ཟད་ཁོང་གི་དུས་དེབ་གལ་ཆེན་དང་། རྩོམ་ཡིག་འགའ་ཤས་རྗེས་ལ་བསྐུར་བ་རྣམས་ལའང་སྐད་སྒྱུར་བ་དྷ་ནིས་དང་ལྷན་དུ་སློབ་སྦྱོང་ཅུང་ཟད་བྱས་པ་ཡིན། ཁོང་རྣམ་གཉིས་ཀྱི་བཀའ་དྲིན་རྗེས་དྲན་ཞུ།

     རྒྱབ་ལྗོངས་དེ་དག་གཞི་བཅོལ་ནས་ཞུས་ན་ནུབ་ཕྱོགས་སུ་འཆི་བའི་སྐོར་ལྟ་གྲུབ་གང་འདྲ་ཞིག་བཅངས་ཡོད་མེད་ཕྱོགས་ཙམ་ཤེས་ཐུབ། དེ་ཡང་ཐོག་མར་ནུབ་ཕྱོགས་སུ་སྤྱི་ལོའི་སྔོན་གྱི་༧༨༧ ལ་ཕྲན་སྐད་ཡིག་ནང་དུ་(Mortalis)མོར་ཏྲ་ལི་སིས གཅིག་ཚིག་དང་། (Mortsales)མོར་ཏྲ་ལེ་སིས་མང་ཚིག་གཉིས་ཀྱིས་འཆི་བའི་རང་བཞིན་ཞེས་པའི་དོན་བསྟན། དེ་ཡང་རང་ཉིད་འཆི་རྒྱུ་ངེས་ཅན་ཡིན་པ་ཤེས་མཁན་གྱི་སྲོག་ལྡན་ནི་མི་ཡིན་པ་དང་། རྒྱུ་མཚན་དེས་སྲོག་ལྡན་ཀུན་གྱི་ནང་ནས་སྤྱང་ཤོས་མི་ཡིན་ཞེས་གླེང་། དེ་ཡང་མིའི་རྣམ་དཔྱོད་སྟོན་པ་ཙམ་གྱི་ཆེད་དུ་ཡིན་པ་ལས་འཆི་བ་གདོང་ལེན་བྱེད་སྟངས་གླེང་གི་མེད།  སྤྱི་ཚོགས་ནང་དུ་གླེང་སྲོལ་མེད་པ་ཙམ་དུ་མ་ཟད་སྨན་པ་རྣམས་ཀྱང་ནད་པར་འཆི་རྟགས་ཡོད་ན་སྨན་པས་བློས་བཏང་ནས་བྱུས་གཏོགས་བྱེད་ཀྱི་མེད། འདི་ལུགས་སྲོལ་བཟང་པོ་ཞིག་མིན། ནད་བཅོས་མ་ཐུབ་ནའང་ནད་པ་མ་ཤི་བར་ཞབས་ཞུ་དང་ཟུག་ཆུང་དུ་གཏོང་ཐབས་སོགས་ལྷག་པར་སྨན་པ་རྣམས་ཀྱིས་འགན་ངེས་པར་འཁུར་དགོས། འོན་ཀྱང་རིམ་པར་ནུབ་ཕྱོགས་སུ་སྨན་པའི་ཕྱག་ལས་ཡར་རྒྱས་ཧ་ཅང་ཕྱིན་ནས་སྨན་པ་རྣམས་ཀྱིས་གཟུགས་ཕུང་གི་གནས་སྟངས་ལ་འགན་ཁུར་གང་གཟབ་གནང་གི་འདུག་པ་འདི་ཧ་ཅང་བཟང་པོ་ཞིག་ཡིན་པས་བསྔགས་བརྗོད་ཞུ།

         དེ་དང་ལྷན་དུ་སྨན་ཁང་འགའ་ཤས་སུ་སེམས་ལ་དངངས་སྐྲག་དང་འཁྲུལ་སྣང་མི་འབྱུང་བའི་བསླབ་བྱ་དང་ཉམས་ལེན་གྱི་རིགས་སློབ་སྟོན་གནང་གི་ཡོད་པ་གོ་ཐོས་བྱུང་། ཧ་ཅང་ཡག་པོ་རེད། ནད་པའི་སེམས་ཁམས་ལ་ཕན་པའི་བསླབ་བྱ་ཡར་རྒྱས་གཏོང་རྒྱུ་མང་དྲགས་མེད། མིག་དཔེ་བཟང་པོ་ཞིག་ནི་ཡུ་རོབ་ཕྱོགས་སུ་(Hospice)ཧོ་སི་པི་སི། ནད་པ་ངལ་གསོ་ཁང་ཞེས་པ་མྱུར་དུ་འཆི་བར་ངེས་པའི་ནད་པ་བཞུགས་ས། ནད་པ་ལ་མཁོ་བའི་ཆ་རྐྱེན་ཡོད་པ། སྨན་ཁང་ལྟར་བྲེལ་ཟིང་མེད་པ། ཆོས་ཁས་ལེན་མཁན་ཞིག་ཡིན་ན་རང་རང་གི་དད་མོས་ཡོད་པའི་ཆོས་ལུགས་ཀྱི་ཆ་རྐྱེན་ཚང་བ་ཞིག་རིམ་གྱིས་དར་སྲོལ་འདུག  །ངའི་ངོ་ཤེས་ཤིག་ཡོད། ཁོང་འཛམ་གླིང་ནང་གཟུགས་མཐོང་གློག་བརྙན་ལ་ཚོན་མདོག་བཟོ་མཁན་དང་པོ་སྐུ་ཞབས་ཨར་ནོ་རེབ་ཀྱི་བུ་ཡིན། མཚན་ལ་Norbert Reppནོར་བྷེ་ཏྲེ་རེབ་ཞུ། ཁོང་དང་ཁོང་གི་སྐྱེས་མ་ཨི་ཝེ་ལེན་རྣམ་གཉིས་ཧ་ཅང་གི་མི་གཞི་བཟང་པོ་དང་ཕན་སེམས་ཆེན་པོ་ཡོད། ཁོང་གི་སྐྱེས་མས་cakeཐུད་ཞིམ་པོ་བཟོ་གནང་གི་རེད། ང་ཡོད་དུས་ཐུད་ཕལ་ཆེར་ཉིན་གཅིག་ལ་རྫོགས་ཀྱི་ཡོད། ཁོང་རྣམ་པ་གཉིས་ཀྱིས་(ཧོ་སི་པིས)ནད་པ་ངལ་གསོ་ཁང་ཞིག་བཟོ་རྒྱུའི་ལས་འཆར་འདུག ངས་སངས་རྒྱས་ཆོས་ལུགས་ནས་གསུངས་པའི་བསླབ་བྱ་རྣམས་སློབ་སྟོན་བྱེད་རྒྱུའི་ཁས་བླངས་བྱས་པ་ཡིན། གྲུབ་འབྲས་ཐོན་པའི་རེ་བ་ཡོད། འདི་ལྟར་ནུབ་ཕྱོགས་སུ་རིམ་གྱིས་འཆི་བ་ལ་དོ་སྣང་ཡར་རྒྱས་ཕྱིན་པ་རེད་དེ།

        སེམས་ཕམ་པ་ཞིག་ལ་འཆི་བ་ལ་དོ་སྣང་ཆེ་རུ་འགྲོ་བའི་བརྒྱུད་རིམ་འདི་དག་མང་ཚོགས་ནང་དུ་མེད། སྨན་པ་རྣམས་ཀྱིས་ཐུགས་འགན་བཞེས་པ་གཅིག་པུ་རེད་འདུག །མང་ཚོགས་ནང་དུ་འཆི་བའི་སྐོར་ལ་སྔར་ལས་ཀྱང་དོ་སྣང་ཉུང་དུ་ཕྱིན་པ་ལྟ་བུར་མཐོང་། དོ་སྣང་ཉུང་དུ་འགྲོ་བའི་རྒྱུ་མཚན་གཙོ་བོ་ནི་དུས་རབས་ཉེར་གཅིག་པའི་ནང་དུ་ནད་པ་ཕལ་ཆེར་སྨན་ཁང་དུ་འདས་གྲོངས་བྱེད་པ་འདིས་ཡིན། ནད་པ་སྨན་ཁང་དུ་འཆི་དགོས་མི་དགོས་ཀྱི་ཐད་ལ་རྩོད་སྙོག་ཆེན་པོ་ཡོད།

         ཁ་ཅིག་གིས་ནད་པར་ཆ་རྐྱེན་སྨན་ཁང་དུ་བཟང་བ་དང་། ཟུག་གཅོག་གི་སྨན་འགའ་ཞིག་སྨན་པའི་ལག་བརྒྱུད་མ་གཏོགས་བེད་སྤྱོད་བྱེད་མི་ཆོག་པ་ཡོད་པ་དང་། ཁྲིམས་ལུགས་ཀྱི་ཡིག་ཆ་སོགས་སྨན་ཁང་དུ་བརྟན་པ། ཁྱིམ་ཚང་ལ་སྟབས་བདེ་བའི་རྒྱུ་མཚན་བཞིས་སྨན་ཁང་བཟང་བར་འདོད།

         ཁ་ཅིག་གིས་མཐའ་མའི་མི་ཚེ་ཁྱིམ་ཚང་དང་ལྷན་དུ་རྒྱུས་ཡོད་དང་མཉམ་དུ་ཡོད་ན་ནད་པའི་སེམས་ལྷོད་པོ་ཡོང་བས་བཟང་བར་འདོད། རྩོད་པ་འདིའི་ཐད་ལ་སྒེར་གྱི་བསམ་ཚུལ་བྱས་ན་འདོད་པ་དང་པོ་འཐད་པོ་མི་འདུག །གང་ཡིན་ཞུས་ན།

         རྒྱུ་མཚན་དང་པོ་ཁྱིམ་ཚང་ལ་སྟབས་བདེ་བ་དང་། ཁྲིམས་ཡིག་བཟོ་བདེ་བ་སོགས་ཀྱི་རྒྱུ་མཚན་ནི་ནད་པའི་ཚོར་སྣང་རྩིས་མེད་བཏང་བ་དང་ནད་པ་གང་འདོད་གཙོ་བོ་མ་བྱས་པ་གསལ་པོ་རེད།

         རྒྱུ་མཚན་གཉིས་པ་འཆི་ལ་ཉེ་བའི་གང་ཟག་དེ་ལ་མཚོན་ན་མི་ཚེའི་མཐའ་མ་རང་གི་འདོད་མོས་བྱེད་རྒྱུ་གལ་ཆེན་པོ་ཡིན། འབྲེལ་ཡོད་རྣམས་ཀྱང་རང་སྟབས་གང་བདེ་ལ་མ་ལྟོས་པར་ནད་པའི་འདོད་པ་སྒྲུབ་རྒྱུ་ནི་གུས་ཞབས་ཆེ་ཤོས་དང་ཞབས་ཞུ་ཆེ་ཤོས་རེད། མ་ཟད་ཁྲིམས་གང་འདྲ་ཞིག་ཡོད་ནའང་ད་དུང་འགྲོ་བ་མིའི་ཐོབ་ཐང་ལས་ལྷག་པའི་ཁྲིམས་ཡོང་མི་སྲིད་པས་ནད་པ་མ་གྲོངས་བར་རང་གི་འདོད་མོས་ལྟར་སྡོད་ས་འདེམ་ཆོག

         རྒྱུ་མཚན་གསུམ་པ་ནི་སྨན་ཁང་ཇི་ཙམ་བཟང་ནའང་མི་ཚེའི་མཐའ་མཇུག་ཁྱིམ་དང་ཁྱིམ་ཚང་མཉམ་དུ་སྡོདའདོད་ཡོད་མཁན་བརྒྱ་ཆ་མང་བ་ཡོད་ཉམས་ཞིབ་ཀྱི་ཐོག་ནས་ཤེས་ཡོད། འཇར་མན་རྒྱལ་ཡོངས་སྨན་པ་ལྷན་ཚོགས་ཀྱིས་(Based on a survey conducted by the German Spiegel Magazine in 2012 and Jaspers/Schindler , 2004.)ཉམས་ཞིབ་བྱས་པ་ལྟར་ན་ཧོ་སི་པིས་ནད་པ་ངལ་གསོ་ཁང་དུ་འཆི་འདོད་པ་བརྒྱ་ཆ་༡༥ནས་དངོས་སུ་ཤི་བའི་གོ་སྐབས་བྱུང་བ་བརྒྱ་ཆ་༡ཡིན། རྒན་གསོ་ཁང་དུ་འཆི་འདོད་པ་༡ནས་དངོས་སུ་ཤི་བ་༢༤དང་། སྨན་ཁང་དུ་འཆི་འདོད་པ་༣ནས་དངོས་སུ་ཤི་བ་༤༣དང་། ཁྱིམ་དུ་འཆི་འདོད་པ་༦༦ནས་དངོས་སུ་ཤི་བ་༣༠ཡིན། ཉམས་ཞིབ་འདིས་འཆི་ཁའི་མི་ཚེ་སྐྱེལ་བཞིན་པ་རྣམས་ཀྱི་འདོད་པ་གང་འདྲ་ཡོད་མེད་གསལ་པོ་བསྟན་འདུག དེ་ལྟར་ན་འདོད་པ་ཕྱི་མ་ཁྱིམ་ཚང་དུ་འཆི་བ་བཟང་བར་འདོད། གང་ལགས་ཞེ་ན། གོང་ཞུས་ལྟར་རང་ཉིད་བློ་ཁེལ་བའི་མི་དང་ལྷན་དུ་ཡོད་པའི་ཚོར་སྣང་དེ་ནད་པ་ལ་གལ་ཆེན་པོ་ཡིན། ནད་པ་ཙམ་དུ་མ་ཟད་དུས་རྒྱུན་སེམས་ཕམ་དང་སེམས་སྡུག་དང་ལྷག་པར་དུ་སེམས་སྐྱོན་ཅན་ལའང་ཕན་ཐོགས་ཆེ། སྨན་ཁང་དུ་སྨན་ཞབས་པས་ཞབས་ཞུ་བཟང་པོ་ཡོད་མོད། འོན་ཀྱང་ཕན་ཚུན་ངོ་མི་ཤེས་པས་འབྲེལ་ཡོད་ལྟར་གཏིང་ཟབ་པའི་ཚོར་སྣང་མེད།

         གང་ལྟར་བརྒྱ་ཆ་༦༦ཁྱིམ་དུ་འཆི་འདོད་ཡོད་ཀྱང་སྨན་ཁང་རྒན་གསོ་ཁང་ངལ་གསོ་ཁང་དུ་འཆི་བས་སྤྱི་ཚོགས་ནང་དུ་འཆི་བ་ཐོས་པ་མ་གཏོགས་མཐོང་བ་དང་ཉམས་མྱོང་གསོག་རྒྱུའི་གོ་སྐབས་མེད། སྔོན་ཆད་ཡིན་ན་རང་གི་མེས་པོ་མེས་མོ་རྣམས་གྲོངས་པའི་སྐབས་ཕ་མ་རྣམས་ཀྱིས་ཞབས་ཞུ་གང་འདྲ་ཕུལ་བ། དེ་ནས་རང་གི་ཕ་མ་རྣམས་གྲོངས་སྐབས་རང་གི་ལག་ལེན་གང་འདྲ་བསྟར་བ། ཕྱིས་སུ་རང་ཉིད་འཆི་བའི་སྐབས་གང་འདྲ་བྱེད་དགོས་མིན་གྱི་ཐད་ལ་མཐོང་ཐོས་མྱོང་གསུམ་ཡོད། མ་ཟད་མི་རབས་ནས་མི་རབས་བར་བརྒྱུད་པའི་བསླབ་བྱའི་བརྒྱུད་རིམ་ཡང་ཡོད། འོན་ཀྱང་དེང་སང་གི་གཞོན་སྐྱེས་རྣམས་ལ་འཆི་བ་ཐོས་པ་ལས་མཐོང་མྱོང་ཕལ་ཆེར་མེད། མཐོང་མྱོང་གི་ལག་ལེན་ནི་སྨན་པ་ཁོ་ནའི་ཤེས་ཡོན་དུ་གྱུར་ཟིན་འདུག །ཕ་མེས་ནས་བརྒྱུད་པའི་ཉམས་མྱོང་གི་བསླབ་བྱ་རྣམས་ཕལ་ཆེར་བདག་མེད་དུ་སོང་ཟིན། དེང་སང་གནས་སྟངས་འདི་ནུབ་ཕྱོགས་གཅིག་པུ་མིན་པར་འཛམ་གླིང་ཡོངས་ཁྱབ་ཀྱི་གནས་སྟངས་སུ་ཆགས་ཡོད།

         འཆི་བའི་སྐོར་སངས་རྒྱས་ཆོས་ཀྱི་ངོས་ནས་བཤད་ན། སངས་རྒྱས་ཆོས་ཀྱི་ནང་འཆི་བའི་སྐོར་བསམ་བློ་དགོས་པ་གལ་ཆེན་དུ་བརྩིས་ཡོད། གལ་ཆེན་རྩི་སྲོལ་འདི་སངས་རྒྱས་ཆོས་ལུགས་བྱེ་བྲག་པ་ཙམ་ལས་ཤར་ཕྱོགས་སྤྱི་ཚོགས་ཀྱི་གོམས་གཤིས་མཚོན་གྱི་མེད། སངས་རྒྱས་གསུང་རབ་ཀྱི་ནང་དུ་ཚེ་མི་རྟག་པ། འཆི་བར་ངེས་པ། ནམ་འཆི་ངེས་མེད་གསུམ་ལ་དོ་སྣང་བྱས་ནས་གོམས་འདྲིས་བྱེད་དགོས་པ་གལ་ཆེན་ཡིན་པར་གསུངས།

         དང་པོ་མི་ཚེ་མི་རྟག་པར་ཤེས་པས་མི་ཚེ་བཟང་ངན་གང་འདྲ་ཡོད་ནའང་འགྱུར་བ་གཏོང་རྒྱུ་ཡོད་པ་དང་། གཉིས་པ་འཆི་བ་ཤེས་པས་འདོད་རྔམ་གྱིས་གཏན་དུ་རང་དོན་སྒྲུབ་པའི་བསམ་པ་ཟློག་པ་དང་། གསུམ་པ་འཆི་རྐྱེན་ངེས་མེད་ཤེས་པས་མྱུར་དུ་བྱ་བ་བཟང་པོ་བྱེད་དགོས་པའི་སྐུལ་མ་བྱེད་པར་གསུངས་པས་ཚེ་མི་རྟག་པ་དང་། འཆི་བར་ངེས་པ་དང་། འཆི་བ་ངེས་མེད་གསུམ་པོ་ཡང་ཡང་དྲན་དགོས་ཀྱི་ཡོད། མ་ཟད་འཆི་བའི་སྐབས་ལ་མཚོན་ན་ཕྱི་ནང་གི་འབྱུང་བའི་ཐིམ་རིམ་དང་། ཐིམ་རིམ་དང་འབྲེལ་བའི་ཚོར་བ། སྣང་བ་མི་འདྲ་བ་ལ་སེམས་མི་འཁྲུལ་བའི་ཉམས་ལེན་གྱི་རིམ་པ་རྣམས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་ཀྱི་ཡོད་པས་འཆི་བ་ལ་བློ་ཐག་ཉེ་རུ་གཏོང་གི་ཡོད། དེ་ལྟར་ན་ལོ་༢༥༥༨སྔོན་ནས་ད་བར་དུ་འཛམ་གླིང་ནང་འཆི་བའི་སྐོར་ལ་གཞུང་ལུགས་རྒྱས་ཤོས་སངས་རྒྱས་ཆོས་འདི་ཡིན་པར་བཤད་ནུས། སངས་རྒྱས་ཀྱི་གསུང་ཕྱོགས་བསྡུས་བྱས་པ་གཏེར་སྟོན་ཀརྨ་གླིང་པའི་བར་དོ་ཐོས་གྲོལ་ཞེས་པ་འཆི་བ་ཉམས་ལེན་གྱི་གདམས་ངག་དང་བཅས་པ་སྟོན་པའི་གཞུང་དེ་བོད་བརྒྱུད་ནང་པའི་ནང་དུ་སྐད་གྲགས་ཆེན་པོ་ཡིན་ལ་འཆི་བ་དོ་སྣང་ཆེན་པོ་བྱས་ཡོད་པར་མཚོན།

 གཉིས་པ་འཆི་བ་གང་ལ་ངོས་འཛིན།

      འཆི་བ་ངོས་འཛིན་སྟངས་རྟགས་ཀྱིས་ཐོག་ནས་ངོས་འཛིན་བྱེད་དགོས། འཆི་བའི་རྟགས་ནི། German Association Of Surgery འཇར་མན་ཤ་བཅོས་ལྷན་ཚོགས་ཀྱིས་ཤི་བའི་རྟགས་ནི། དབུགས་འགག་པ། སྙིང་མི་འཕར་བ། དྲོད་ཤོར་པ། རྒྱུས་པ་མཁྲེགས་པོ། ཁྲག་རྩ་འགགས་པའི་རྟགས་སུ་པགས་པ་སྔོ་ནག་ཏུ་གྱུར་པ་རྣམས་ཡིན་པར་བཤད། དེ་ཡང་གང་ཟག་གཞན་གྱིས་ཚོད་འཛིན་ནུས་པའི་རྟགས་ལས་གཤིན་པོ་རང་གིས་མྱོང་བའི་རྟགས་སུ་མི་འདོད། དེ་ལྟར་ན་ཚན་རིག་པས་ཤི་བ་མཐོང་བ་མ་གཏོགས་མྱོང་བ་ཡོད་མཁན་ཡོད་སྲིད་ཀྱང་། ཤི་ནས་སླར་གསོན་པའི་མིའི་མྱོང་ཚོར་ལ་གང་ཟག་གཉིས་པ་ཞིག་གིས་ཚོད་ལྟ་བྱེད་མི་ཐུབ་པས་ཤི་བ་མྱོང་བའི་དཔང་རྟགས་ཚན་རིག་དང་མཐུན་པ་མེད། གང་ལྟར་འཆི་བ་ངོས་འཛིན་གྱི་ཐད་ལ་འགྲེལ་བརྗོད་མང་པོ་འདུག ཚན་རིག་བརྒྱུད་རིམ་གྱི་ཁྲོད་དུ་སྤྱི་ལོ་༡༨༠༠ནས་༡༩༩༠ཡེ་ཤུའི་བླ་ཆེན་ཚོགས་འདུ་ཆེན་མོའི་དུས་དེབ་ནང་འཁོད་པ་ལྟར་ན་འཇར་མན་བྷི་ཤོབ་ཀན་ཕོ་རན་(འཇར་མན་ཡེ་ཤུ་བླ་མའི་བགྲོ་གླེང་)ནང་དུ་མོས་མཐུན་བྱུང་བ་ནི་སྙིང་འགགས་པ་ལ་འཆི་བ་ཡིན་པར་ངོས་འཛིན་གནང་འདུག །སྤྱི་ལོ་༡༨༠༠ཙམ་ནས་སྙིང་འགགས་ནས་མིན་པར་ཀླད་པ་འགགས་ནས་འཆི་བ་ཡིན་པ་ཤེས་རྟོགས་བྱུང་ཡང་ཚན་རིག་གི་ལམ་ནས་དཔང་རྟགས་བྱུང་མེད། ༡༩༥༩ ལོར་P.Mollaret དང་M.Goulonརྣམ་པ་གཉིས་ཀྱིས་ཀླད་པ་འགགས་པ་འཆི་བ་ཡིན་པ་དཔང་རྟགས་ཀྱི་ཐོག་ནས་གསལ་བཤད་གནང་ཡོད། དཔང་རྟགས་དེ་ཡང་(Revue Neurologique)དབང་རྩ་རིག་པའི་དུས་དེབ་ཏུ་འཁོད་པ་ལྟར་ན་འཕྲུལ་ཆས་ཀྱིས་སྙིང་གི་ལས་ཀ་བྱས་ན་ལུས་གསོན་པོར་རྒྱུན་རིང་གནས་ཐུབ་ཀྱང་། ཀླད་པ་ནི་ཞོ་རུལ་བ་བཞིན་དུ་རུལ་ནས་རྒྱུན་རིང་གནས་མི་ཐུབ་པ་ཤེས་རྟོགས་བྱུང་བར་བཤད་ཡོད། འདི་དག་ཀླད་པ་འགགས་ནས་འཆི་བའི་དཔང་རྟགས་སུ་ད་ལྟ་བར་ངོས་འཛིན་གནང་ཡོད། ཀླད་པ་འགགས་པའི་རྟགས་ནི། དྲན་པ་འཐོར་བ། འཕྲུལ་ཆས་ལ་མ་བརྟེན་པར་དབུགས་ལེན་མི་ཐུབ་པ། མིག་གི་རང་འགུལ་འགགས་པ་རྣམས་ཡིན། བྱེད་ལས་འདི་དག་ཉམས་པ་ལ་ཀླད་པ་འགགས་པར་ངོས་འཛིན་ཡོད།

         ཁྲིམས་ལུགས་ལྟར་ན་Electroencephalogramའཕྲུལ་ཆས་བརྒྱུད་ནས་ཕྱག་ཚོད་༡༢རིང་ཀླད་པས་ལས་ཀ་མི་བྱེད་པར་ཤེས་ན་འཆི་བར་ངོས་འཛིན་བྱེད་རྒྱུའི་ཁྲིམས་འཁོད་ལྟར་ཤི་བའི་ཁྲིམས་ཡིག་ད་གཟོད་བཟོ་ཆོག

          ཆོས་ལུགས་ཀྱི་ལྟ་གྲུབ་ལྟར་ན་༢༠༠༠ལོར་(Address of the Holy Father John Paul II to the 18th International Congress of the Transplantation Society, 29. August 2000)དོན་སྣོད་ལེན་ཕྱོགས་སྐོར་གྱི་རྒྱལ་སྤྱིའི་ཚོགས་འདུ་ཆེན་མོ་ཞེས་པའི་ཚོགས་ཆེན་དུ་ཡེ་ཤུའི་བླ་ཆེན་Johannes Paulམཆོག་གིས་ཤི་བའི་ཚད་ནི་བདག་དང་གཟུགས་བྲལ་བ་ལ་འཆི་བ་ཡིན་པར་གསུངས། འདི་དང་མཚུངས་པ་ཧིན་དྷུ་སོགས་བདག་ཁས་ལེན་པའི་ཆོས་ལུགས་ཀུན་གཅིག་མཚུངས་སུ་འདོད། སངས་རྒྱས་ཆོས་ལུགས་ལྟར་ན་དོན་དམ་པའི་བདག་ཁས་མི་ལེན་པས་འདོད་པ་མི་མཐུན། ལུས་ནང་གི་རླུང་ཕྲ་མོའི་གཡོ་བ་འགགས་པ་ལ་ཤི་བའི་ཚད་དུ་ངོས་འཛིན་གནང་ཡོད། རླུང་ཕྲ་བའི་གཡོ་བ་དེ་ནི་རླུང་ལྔའི་ནང་གི་སྲོག་འཛིན་ཟེར་བ་དེ་ཡིན། མདོར་ན་ནང་རླུང་ཕྲ་བའི་གཡོ་བ་དང་། རྣམ་རྟོག་ཕྲ་བ། དེ་དག་གི་ལུས་རྟེན་སྙིང་གི་རང་འགུལ་དང་ཀླད་པ་འགགས་པ་རྣམས་དུས་མཉམ་ཡིན་པར་ཁོ་བས་འདོད། སངས་རྒྱས་ཀྱི་ལྟ་གྲུབ་ལྟར་ན་ཤི་བ་མི་གཉིས་པ་ཞིག་གིས་ཚོད་འཛིན་ནུས་པའི་རྟགས་ནི་ཚན་རིག་གི་བཤད་པ་དང་གཅིག་པ་ཡིན། འོག་ཏུ་འཆི་བ་ལས་འཆི་ཁ་མའི་སྐབས་དེ་གལ་ཆེ་ཚུལ་བཤད་པའི་སྐབས་སུ་འབྱུང་བ་ལྔའི་ཐིམ་རིམ་གྱི་སྐོར་བཤད་དགོས་ཀྱི་ཡོད། དེ་དུས་མཁྱེན་གྱི་རེད། ཚན་རིག་དང་མི་འདྲ་བར་གཤིན་པོ་རང་གི་མྱོང་བའི་རྟགས་གསུངས་ཡོད། གནས་མ་ངེས་པ་དང་། རྟེན་མ་ངེས་པ། གྲོགས་མ་ངེས་པ། ཟས་མ་ངེས་པ། སྤྱོད་ལམ་མ་ངེས་པ། འཆར་སྣང་མ་ངེས་པ་དང་དྲུག་ཡིན། འདི་དྲུག་ལ་དོ་སྣང་བྱུང་ཚེ་རང་ཉིད་འཆི་བ་ཡིན་པ་ངོས་འཛིན་དང་མྱོང་བར་གསུངས་ཡོད། རྟགས་དྲུག་ནི་བཤད་པ་མང་བས་འདིར་མི་བརྗོད།

 གསུམ་པ་འཆི་ཁ་མའི་གནས་སྐབས་གལ་ཆེ།

     འཆི་བ་ལས་འཆི་བའི་གནས་སྐབས་གལ་ཆེ་བའི་རྒྱུ་མཚན་ནི། འཆི་བཞིན་པའི་སྐབས་ནི་ཉེ་འབྲེལ་དང་འཆི་བཞིན་པའི་ནད་པ་གཉིས་ཀ་ལ་གལ་ཆེན་པོ་ཡིན། གང་ལགས་ན། འཆི་བཞིན་པའི་ལུས་ལ་ཟུག་ཆུང་དུ་དང་སེམས་ཕམ་དང་ཁོང་ཁྲོ་དང་ཞེན་ཆགས་ཀྱིས་འཆི་བ་མིན་པ་ཞིག་ངེས་པར་དགོས་པ་དང། ཉེ་འབྲེལ་རྣམས་ཀྱང་དྲིན་ལན་དང་ཞབས་ཞུ་འབུལ་རྒྱུའི་གོ་སྐབས་བཟང་པོ་ཞིག་རེད། གསོན་པ་དང་འཆི་བའི་གནས་སྐབས་སུ་ཞུ་མ་ཐུབ་པར་འཆི་ཟིན་པའི་རོ་ལ་ཞུས་མ་ཞུས་མེད། གསོན་པའི་སྐབས་བྱེད་མ་མྱོང་བའི་རོ་ལ་གུས་ཞབས་དང་འགྲོ་སོང་གཏོང་བ་ནི་ལུགས་སྲོལ་ཙམ་རེད། ངོ་མ་བསམ་ན་ཚོར་བ་ཡལ་ཟིན་པའི་རོ་ལ་ཕན་ཐོགས་གང་ཡང་མེད།  དེ་ལས་ང་ཚོ་སུ་ཡིན་རུང་མི་ཞིག་ལ་དྲིན་ལན་འཇལ་དགོས་ཡོད་ན་ངེས་པར་དུ་གསོན་པའི་གནས་སྐབས་དང་འཆི་བཞིན་པའི་གནས་སྐབས་སུ་འཇལ་དགོས།

         འདིར་འཆི་བཞིན་པའི་སྐབས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཅེ་ན། འཆི་རྐྱེན་གྱི་ནད་ཕོག་ནས་རླུང་སེམས་ལུས་ཀྱི་བྱེད་ལས་མ་འགག་བར་དུ་འཆི་བའི་གནས་སྐབས་ཡིན། བར་དོའི་གསུང་རབ་རྣམས་སུ་བཤད་ན་འཆི་ཁ་སྡུག་བསྔལ་གྱི་བར་དོ་ཞེས་བརྗོད། འདིར་འབྱུང་བ་ལྔ་དང་རླུང་ལྔ་དང་སྣང་བ་མི་འདྲ་བའི་ཐིམ་རིམ་རྣམས་འཆར་བ་ཡིན། ཐིམ་རིམ་དེ་དག་ཤེས་ན་འཆི་བ་གདོང་ལེན་དང་ཉམས་ལེན་གང་འདྲ་བྱེད་དགོས་མིན་ཤེས་པར་ཕན་ཐོགས་ཡོད།

         དེ་ཡང་སྤྱིར་ལུས་རགས་པ་འདི་ཐོག་མར་ས་ཆུ་མེ་རླུང་བར་སྣང་བཅས་འབྱུང་བ་ལྔ་ལས་གྲུབ་པ་དང་། བར་དུ་དེ་དག་ལ་བརྟེན་ནས་གནས་པ། མཐའ་མ་དེ་དག་གི་ནུས་པ་ཉམས་ནས་འཆི་འགྲོ། འབྱུང་བ་ལྔ་ཞེས་པ་མེ་ལྟ་བུ་རང་མཚན་པ་ཡོད་པའི་དོན་མིན་པར་དེ་དག་གི་ནུས་པ་ཡིན། སའི་འབྱུང་བ་ལུས་དང་། ཆུའི་འབྱུང་བ་རླན་གཤེར་དང་། མེའི་འབྱུང་བ་ལུས་ཀྱི་དྲོད་དང་། རླུང་གི་འབྱུང་བ་དབུགས་དང་། ནམ་མཁའི་བྱུང་བ་ནི་བར་སྣང་གི་སྟོང་ཆ་རྣམས་ཡིན། ནམ་ཞིག་འཆི་ནད་ཀྱི་རྐྱེན་པས་འབྱུང་བའི་ཁམས་དེ་དག་འཁྲུགས་པ་དང་ནུས་པ་ཉམས་ཏེ་བྱེད་ལས་འགགས་ན་འཆི། དཔེར་ན་ཤིང་སྡོང་ལ་ཆུ་ཆད་ན་སྐམ་འགྲོ་བ་བཞིན་ཡིན། འབྱུང་བ་ལྔ་ལས་སའི་ནུས་པས་ལུས་ལ་ཤུགས་དང་ལྗིད་ཚད་ཡོད། འདི་ཉམས་རྒུད་དུ་ཕྱིན་ན་ལུས་ཀྱི་སྟོབས་ཉམས་ནས་རང་གི་མགོ་ཡང་ཡར་བཀྱག་མི་ནུས་པ་དང་ལུས་ཀྱི་ལྗིད་ཚད་ཆག་འགྲོ། དེ་བཞིན་འབྱུང་བ་ཆུའི་ནུས་པ་ཉམས་པ་ན་ལུས་སྐམ་འགྲོ་བ་དང་པགས་པ་སྐམ་ནས་གཟུགས་ཀྱི་མདངས་ཤོར། མེའི་ནུས་པ་ཉམས་ན་ལུས་ལ་དྲོད་མི་ཁུགས། ཡན་ལག་རྣམས་གྲང་མོ་ཆགས། རླུང་གི་ནུས་པ་ཉམས་ན་དབུགས་གཏོང་ལེན་སྔར་བཞིན་མི་ནུས་པ་དང་། ཁྲག་དང་ཆུ་སེར་རྣམས་རྩ་ལམ་ནས་ཡར་མར་རྒྱུ་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོང་། འབྱུང་བ་ནམ་མཁའ་ཉམས་ན་ལུས་ནང་གི་རྩ་རླུང་ཁམས་རྣམས་རྒྱུ་སའི་སྟོང་ཆ་འགགས་འགྲོ་ཡི་ཡོད།

         ཡང་རླུང་ལྔ་གསུངས་ཡོད། སྲོག་རླུང་ཞེས་པ་སྙིང་ལ་བརྟེན་ནས་བྱུང་བའི་རླུང་ཡིན། དེ་ཉམས་ན་སེམས་ཟང་ཟིང་དང་། དྲན་པ་མི་གསལ་བ། སྤྲོ་ཐུང་བ་སོགས་ཡོང་། མེ་མཉམ་གྱི་རླུང་ནི་ཕོ་བའི་ནང་དུ་ཡོད་པའི་རླུང་ལ་ཟེར། དེ་ཉམས་ན་ཟས་མི་ཞུ་བ་དང་ཕོ་ནད་ཡོང་། གྱེན་རྒྱུའི་རླུང་ནི་ཕོ་བ་ནས་ཡར་ཁ་སྣ་གཉིས་ཀྱི་བར་ཏུ་རྒྱུ་བའི་རླུང་ཡིན། དེ་ཉམས་ན་དབུགས་འབྱུང་རྔུབ་མི་ཐུབ་པ་དང་ཟ་མ་མིད་པ་དང་ཡར་སྐྱུག་མི་ཐུབ། ཐུར་སེལ་གྱི་རླུང་ནི་བཤང་ལམ་གཉིས་ནས་རྒྱུ་བའི་རླུང་ཡིན། དེ་ཉམས་རྒུད་ཕྱིན་ན་བཤང་གཅི་དོར་མི་ཐུབ་པའི་དཀའ་ངལ་ཡོང་། ཁྱབ་བྱེད་ཀྱི་རླུང་ཞེས་པ་ལུས་ཀྱི་ཡན་ལག་ཀུན་ལ་ཁྲག་དང་ཆུ་སེར་སོགས་འདྲེན་པའི་རླུང་ཡིན། དེ་ཉམས་ན་ཡན་ལག་རྣམས་སུ་ཁྲག་དང་ཆུ་སེར་སོགས་རྒྱུ་མི་ཐུབ། དེ་ལྟར་འབྱུང་བ་དང་རླུང་གི་བྱེད་ལས་ཉམས་པ་དང་ལྷག་པ་གང་རུང་གིས་ཆ་སྙོམས་མེད་པར་འཁྲུགས་ན་དུས་རྒྱུན་དང་མི་འདྲ་བར་མཐོང་ཐོས་མྱོང་བའི་སྣང་བ་རྣམས་ཡུལ་དང་མི་མཐུན་པ་འཆར་གྱི་ཡོད། དཔེར་ན་མིག་འབྲས་བཙིར་ན་གཟུགས་གཉིས་གཉིས་མཐོང་བ་འདི་མིག་འབྲས་སྟེང་གི་འབྱུང་བ་ལ་འགྱུར་བ་བྱུང་ནས་མཐོང་བ་རེད། ལུས་ཀྱི་ནུས་པ་དེ་ལྟར་ཟད་པའི་སྐབས་སུ་ནང་སེམས་ཀྱི་འཆར་སྣང་མི་གསལ་བ་དང་། ཁ་དོག་འདྲེས་པ། སེམས་ངོ་མི་ཟིན་པ། སྐབས་རེ་ཁ་དོག་མི་འདྲ་བ་ཐམས་ཅད་ཡལ་ནས་དཀར་ལམ་ལམ་དང་། དམར་ལམ་ལམ་འཆར། དཀར་ཆི་ལེར་དང་ཡང་ན་དམར་ཆི་ལེར་སོང་བའི་མཐར་ནག་ཐོམ་མེར་སོང་ནས་ཤི། བར་དོའི་གསུང་རབ་ཀྱི་ནང་དུ་དཀར་ལམ་དང་དམར་ལམ་དང་ནག་ལམ་འཆར་བ་ཞེས་གསུངས་ཡོད། དྲན་པ་ཐོར་མྱོང་མཁན་ཡོད་ན་གནས་ཚུལ་འདི་དག་ག་ལ་གང་འཚམས་མྱངས་ཡོད་རེད། ང་རང་ཐེངས་གཉིས་སྨན་ཁང་དུ་སྦྲིད་ཁབ་རྒྱབ་ནས་དྲན་པ་འཐོར་མྱོང་ཡོད། དྲན་པ་ཐོར་བ་དང་དྲན་པ་སོས་པའི་སྐབས་སུ་འཆར་སྣང་དེ་དག་དངོས་སུ་ཡོང་གི་འདུག །ཡིན་ནའང་ཉམས་ལེན་ནི་བྱེད་ཐུབ་མ་སོང་། དེ་འདྲ་ཡིན་དུས་འཆི་བའི་སྐབས་སུ་གཅིག་མཚུངས་ཡིན་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག །

བཞི་པ་ཇི་ལྟར་ཉམས་སུ་ལེན་ཚུལ།

      འཆི་རྐྱེན་ནད་ཀྱིས་ཟིན་ནས་འབྱུང་བ་དང་། རླུང་དང་། སྣང་བ་ལོག་པའི་འཆར་རིམ་རྣམས་ངོས་ཟིན་པའི་སྐབས། སེམས་མ་སྐྱིད་པ་ཡོང་བ་ཆོས་ཉིད་རེད་དེ། སེམས་མ་སྐྱིད་པའི་ངང་འཆི་བ་ལས་བག་ཡོད་ཀྱིས་འཆི་ན་རང་གཞན་ལ་ཕན་ཐོགས་ཆེ། དེ་ལྟར་ན་༡བློ་ཐག་ཆོད་པོས་གྲ་སྒྲིག་དང་། ༢བག་ཡོད་བརྟན་པའི་ཉམས་ལེན་གཉིས་དགོས།

     ༡བློ་ཐག་ཆོད་པོས་གྲ་སྒྲིག་བྱེད་པ་ནི། གང་ལ་བློ་ཐག་ཆོད་དགོས་ཤེ་ན། ལས་འགན་དང་ཤུལ་ལུས་ཀྱི་འབྲེལ་ཡོད་རྣམས་ལ་ཞེན་པའི་བློ་ཐག་གཅོད། ལས་འགན་དང་འབྲེལ་ཡོད་ལ་ཞེན་ཆགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་ཤི་བ་ལ་ཚེར་སྣང་ཆེ་བ་ཡོང་། དེ་ལས་བློ་ཐག་བཅད་ན་ལེགས། གྲ་སྒྲིག་གང་བྱེད་དགོས་ཤེ་ན། གལ་ཆེ་ཤོས་ནི་རང་ཉིད་འཆི་བའི་ཤུལ་དུ་ཉེ་འབྲེལ་ནང་ཕན་ཚུན་རྙོག་གྲ་མེད་པ་བཟོ་དགོས། ཚང་མས་མཁྱེན་གསལ་ལྟར་རྙོག་གྲ་ཆེ་ཤོས་རྒྱུའི་ཆེད་དུ་ཡོང་གི་ཡོད། གྲ་སྒྲིག་མ་བྱས་ན་དང་པོ་བསགས་པ་དང་། བར་དུ་སྲུང་བ། མཐའ་མར་བརླག་པར་དོགས་ནས་ཡུན་རིང་བསགས་པའི་རྒྱུ་ནོར་དེ་དག་དོན་མེད་དང་། ཉེ་འབྲེལ་རྩོད་པའི་རྒྱུ་དང་། ཕན་ཚུན་དགྲར་ལང་པའི་རྐྱེན་དུ་གྱུར་ན་རང་གིས་ཤུལ་དུ་བཞག་པ་དོན་མེད་ཡིན། རབ་བྱུང་ན་རྒྱ་ཆ་ལྔ་བཅུ་ལས་མི་ཉུང་བ་སྤྱི་ཚོགས་ཞབས་ཞུའི་ཆེད་དུ་གཏོང་ཐུབ་ན་ཕན་ཐོགས་གང་འདྲ་ཡོད་མེད་བཤད་ཅི་དགོས། ཆོས་པ་ཞིག་ཡིན་ན་རང་རང་གི་ཆོས་ཀྱི་འགྲོ་སྟངས་དང་མཐུན། ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་རང་གི་མིང་བཟང་པོ་ཞིག་ས་སྟེང་དུ་ལུས་འགྲོ་བའི་དགེ་མཚན་ཡོད། དེ་མིན་ལྷག་མ་རྣམས་ཕྲུ་གུ་རྣམས་ཆ་སྙོམ་པར་བགོ་ན་ལེགས། དེའི་སྟེང་དུ་རང་ཉིད་ཆོས་པ་ཞིག་ཡིན་ན་འཆི་ཁར་གང་བྱས་རང་དོན་གྱི་ཁེ་ཕན་ལ་མི་བལྟ་བ། སྲིད་དོན་དང་མ་འབྲེལ་བར་སྙིང་ཐག་པ་ནས་རང་གཞན་ལ་ཕན་པ་གཙོ་བོ་དོན་དུ་གཉེར་བའི་ཀུན་སློང་རྣམ་དག་སྐྱེ། ཀུན་སློང་རྣམ་པར་དག་པས་སྨོན་ལམ་དང་། བསྔོ་བ། བཤགས་པ་རྣམས་འགྲུབ་སླ་བ་དང་། ནུས་པ་མྱུར་བ་ཡོད་པར་སངས་རྒྱས་ཀྱིས་གསུངས། དཀོན་མཆོག་དང་། ལྷ། བྱེད་པོ་སོགས་གང་ཁས་ལེན་པ་དེ་དང་དེ་ལ་གསོལ་འདེབས་དེ་ཡང་སྙིང་གཏིང་ནས་ཡོང་བ་ཡིན། དེ་ལྟར་བློ་ཐག་ཆོད་པའི་གྲ་སྒྲིག་བྱས་ནས་བག་ཡོད་བརྟེན་དགོས།

       ༢བག་ཡོད་བརྟེན་པའི་ཚུལ་ནི། སྐབས་སུ་བབས་པ་ཐིམ་རིམ་གྱི་གནས་སྐབས་ལ་རང་ཉིད་གང་ལ་དད་མོས་ཡོད་པའི་ཆོས་ལས་འཆི་ཁའི་ཉམས་ལེན་གསུངས་ཡོད་ན་ཉམས་ལེན་ལ་བག་ཡོད་བྱེད་དགོས། དམིགས་བསལ་གསུངས་མེད་ན་དུས་རྒྱུན་གྱི་ཉམས་ལེན་དང་སྨོན་ལམ་ལ་བག་ཡོད་བརྟེན། སངས་རྒྱས་ཆོས་ཀྱི་ནང་དུ་ཡིན་ན་འཆི་ཁའི་ཉམས་ལེན་གྱི་རིམ་པ་རྒྱ་ཆེན་པོ་གསུངས་ཡོད།

        འདིར་ཐུན་མོང་ཙམ་ཞིག་ཞུས་ན། སྒེག་མོ་མེ་ལོང་ལ་ལྟ་བའི་ཉམས་ལེན་ཞེས་གདམས་ངག་གི་ཐོག་ནས་མིང་བཏགས་པ་ཞིག་རེད། མིང་འདིས་ཉམས་ལེན་གང་བྱེད་དགོས་མིན་གསལ་པོ་བསྟན་ཡོད། དེ་ཡང་སྒེག་མོ་མཛེས་བཟོ་སྟོན་པའི་སྐབས་ལྟ་ས་མེ་ལོང་ལ་བལྟས་ནས་བཟོ་བཅོས་རང་གི་གདོང་པ་ལ་བྱེད་པ་བཞིན་ལུས་དང་མིག་སོགས་དབང་པོ་རྣམས་ཉམས་རྒུད་ཕྱིན་དུས་སྣང་བ་སྣ་ཚོགས་འཆར་ནའང་རང་གི་སེམས་མ་འཁྲུལ་བར་བག་ཡོད་ཀྱིས་བདག་པོ་རྒྱག་སྟངས་སྟོན་པའི་དོན་ཡིན། བདག་པོ་རྒྱག་ཚུལ་ནི་དབང་པོ་ཉམས་རྐྱེན་གྱིས་ཡུལ་ལ་མེད་པར་མཐོང་བ་དང་ཐོས་པ་དང་མྱོང་བ་སོགས་བྱེད། དེ་བཞིན་དུ་ཡོད་པ་མི་མཐོང་བ་དང་མི་ཐོས་པ་དང་མི་མྱོང་བ། ཡིན་པ་ལ་མིན་པ་དང་མིན་པ་ལ་ཡིན་པ། གཅིག་ལ་དུ་མ་དང་དུ་མ་ལ་གཅིག་སོགས་འཆར་སྣང་སྣ་ཚོགས་འདིས་རང་གི་སེམས་དར་ལྕོག་རླུང་གིས་གཡོ་བ་བཞིན་དུ་བརྟན་པོ་མི་ཡོང་། དེ་ཡང་ཕལ་ཆེར་སྔར་གྱི་གོམས་གཤིས་ཀྱི་འཆར་སྣང་མང་བ་ཡོང་གི་ཡོད། སྔར་རང་ཉིད་ཚོང་པ་དང་དགེ་རྒན་དང་སྒྱུ་རྩལ་པ་གང་ཡིན་ནའང་དེ་དང་མཐུན་པའི་བག་ཆགས་ཀྱི་སྣང་བ་འཆར། དངོས་བྱུང་གནས་ཚུལ་ཞིག་ཞུས་ན་ང་ཆུང་དུས་ཕ་ཡུལ་ལ་རྫི་བོ་ལ་འགྲོ་སྐབས་མི་ཞིག་ཡོད། ཁོང་དོན་མེད་ལ་ཕོ་རོག་མང་པོ་བཟུང་ནས་གསོད་ཀྱི་ཡོད་པས་ངེད་རྗི་བོ་གཞན་རྣམས་ཀྱིས་ཇི་ཙམ་དེ་ལྟར་མ་བྱེད་བཤད་ནའང་མི་ཉན། འགའ་ཤས་མིག་བརྟོལ་ནས་གནམ་ལ་ཕུར་དུ་བཅུག་ནས་ལྟད་མོ་བལྟས་ནས་རྩེད་མོ་རྩེ། ཁོང་གྲོངས་བའི་སྐབས་ཕོ་རོག་གིས་ངའི་མིག་འདོན་གྱི་འདུག །ང་ལ་རོགས་བྱེད་རོགས་ཞེས་སྐད་ཤོར་བ་དང་འཇིགས་སྐྲག་གི་ངང་དུ་གྲོངས་སོང་། དེ་འདྲ་ཡིན་དུས་རྒྱུན་དུ་མི་ཚེ་བཟང་པོ་དང་ཞི་བདེའི་ལོ་རྒྱུས་ལྡན་པ་དེ་སྤྱིར་བཏང་གལ་ཆེ་བ་མ་ཟད་འཆི་བའི་སྐབས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། ཞི་བདེའི་ལོ་རྒྱུས་ཡོད་ན་འཆར་སྣང་ཡང་དེ་དང་མཐུན་པ་འབྱུང་བ་ཡིན། འོན་ཀྱང་སྔར་གྱི་བག་ཆགས་དང་འབྲེལ་བའི་འཆར་སྣང་བཟང་པོ་ཡིན་ནའང་ཉམས་ལེན་གྱི་ངོས་ནས་བཤད་ན་དེ་དག་སེམས་ངོ་མ་ཟིན་པའི་འཁྲུལ་སྣང་ཡིན་པས་དེ་ཙམ་ལ་རེ་བཅོལ་བྱེད་མི་འོས། གང་ཡིན་ཟེར་ན། གོམས་གཤིས་བཟང་པོ་དང་མཐུན་པའི་སྣང་བ་འཆར་བའི་སྐབས་སེམས་ལ་བདེ་སྐྱིད་ཡོད་ཀྱང་འཆར་སྣང་བཟང་པོའི་རྐྱེན་གྱིས་སེམས་ལ་འདོད་ཆགས་དང་དེ་དག་དོན་གཉེར་གྱི་བསམ་པ་སོགས་རིམ་གྱིས་རེ་བ་ཅན་གྱི་ཀུན་སློང་དང་འབྲེལ་བའི་ཉོན་མོངས་སྐྱེ་བའི་རྒྱུ་བྱེད་སྲིད། འཆར་སྣང་འདི་སྒེག་མོ་མེ་ལོང་ལ་བལྟས་ནས་བཟོ་བཅོས་རང་གི་ངོ་གདོང་ལ་བྱེད་པའི་དོན་དུ་མི་འགྲོ འོན་ཀྱང་ཞེད་སྣང་དང་། གུ་དོག སེམས་ཕམ། ལས་ཀའི་སྐྱོ་བ། ཁོང་ཁྲོ། ཕྲག་དོག གནོད་སེམས་སོགས་དང་འབྲེལ་བའི་འཆར་སྣང་ལས་ལྡབ་གཅིག་གིས་དྲག ཉམས་ལེན་གྱི་ཆ་ནས་བཤད་ན་དབང་པོ་ཉམས་པའི་འཆར་སྣང་བཟང་ངན་གང་དུའང་མ་འཁྲུལ་བ་དགོས།

         འཆར་སྣང་བཟང་ངན་སྣ་ཚོགས་ཅི་ཤར་ཡང་ལུས་དབང་ཉམས་པ་སོགས་ཀྱི་འཁྲུལ་སྣང་ཡིན་པ་ངོས་ཟིན་པའི་ཐོག་ནས་ཡོད་མེད་དང་། བཟང་ངན། ཡིན་མིན། རང་གཞན། གཅིག་དུ་མ་སོགས་སུ་བདེན་པར་འཛིན་པའི་རྣམ་རྟོག་དང་བྲལ་བའི་ངང་ལ་བག་ཡོད་བརྟེན་དགོས། བག་ཡོད་བརྟེན་ཚུལ་འདི་ཉམས་ལེན་གྱི་གནད་གཙོ་བོ་ཡིན། འདིས་འཁྲུལ་བའི་འཆར་སྣང་གི་དབང་དུ་མི་འགྲོ་བ་དང་། དེ་ལས་སྐྱེས་པའི་ཉོན་མོངས་ཀྱི་དབང་དུ་མི་འགྲོ། སྐབས་དང་སྐབས་སུ་ཕྱི་ནང་གི་འཆར་སྣང་དང་ཚོར་བའི་རྐྱེན་དབང་དུ་ཤོར་ན་སླར་ཡང་དྲན་པས་བག་ཡོད་བསྟེན་དགོས། གསོན་པའི་སྐབས་ཇི་ཙམ་གོམས་འདྲིས་ཡོད་ན་འཆི་བའི་སྐབས་དེ་ཙམ་གྱིས་རྣམ་རྟོག་བྲལ་བའི་ངང་སྐྱོང་ཐུབ། འཆི་བའི་སྐབས་ཀྱི་ཉམས་ལེན་བཟང་ངན་ནི་ད་ལྟ་གསོན་པོའི་སྐབས་ཀྱི་ཉམས་ལེན་ཆེ་ཆུང་ལ་རག་ལས་ཡོད། འོན་ཀྱང་དེ་ཙམ་ཉམས་ལེན་མེད་ནའང་རྐྱེན་དབང་དང་། སེམས་བརྟན་པོ། གྲོགས་ཀྱི་དྲན་གསོ། རང་གི་འབད་པ་སོགས་བྱས་ནའང་སེམས་རྣམ་རྟོག་གི་རྐྱེན་དུ་མི་ཤོར་བར་ཕན་ཐོགས་ཆེ། དེ་ལྟར་མཉམ་པར་བཞག་པ་ནི་ཉོན་མོངས་སྐྱེ་བའི་སྒོ་བཀག་པ་ཡིན། ལགས་སོ། །དེ་ག་རང་ཡིན།

47.2K