༄༅། །དལ་འབྱོར་མི་ལུས་རྙེད་དཀའ་བ་ཇི་ལྟར་བསྒོམ་ཚུལ་བཞུགས་སོ། །

༄༅། །དལ་འབྱོར་དོན་ལྡན་དུ་གཏོང་བའི་བཀའ་དྲིན་ཅན། །ཨོ་རྒྱན་ཡབ་ཡུམ་དེ་བདག་སྙིང་པདྨོར་བཞུགས། །དལ་འབྱོར་རྙེད་དཀའ་དེ་བསམ་འདོད་སྐྱེས་བུས་ཉོན། །བདག་གིས་དལ་འབྱོར་གྱི་མི་ལུས་རྙེད་དཀའི་ཚུལ། །ཇི་ལྟར་བསྒོམ་ཚུལ་གྱི་རྣམ་ཐར་འདི་བཞིན་ཡིན། །བདག་ནི་དམྱལ་བ་རུ་སྐྱེས་ན་ཚ་གྲང་གི། །སྡུག་བསྔལ་བཟོད་མེད་དུ་མྱོང་ཚེ་ཆོས་མི་དྲན། །ད་ལྟ་མེ་བཙའ་ཞིག་བཞག་པའི་ཡུན་དེ་ལ། །སྡུག་བསྔལ་ཁོ་ན་ལ་རང་སེམས་གཏད་པ་ལས། །རྟོག་དཔྱོད་སྣ་ཚོགས་ཤིག་འཆར་བའི་དབང་མེད་པས། །ད་ནས་སྒོ་གསུམ་པོ་དགེ་ལ་གཞོལ་བྱས་ཏེ། །སྙིང་པོ་རྣམ་དག་ཅིག་ལེན་སྙམ་ཡང་ཡང་བསམ། །ཚེ་འདིའི་ཚ་གྲང་ལ་འཇིགས་ནས་ཆོས་མ་སྤང་། །ཆོས་ཕྱིར་ཚ་གྲང་ལ་བཟོད་སྲན་སྙིང་རུས་སྐྱེད། །དབྱར་གོས་དགུན་གོས་ཀྱི་དོན་དུ་ཚེ་གཟད་ནས། །ཚ་གྲང་དམྱལ་བ་རུ་འགྲོ་བ་སྙིང་རེ་རྗེ། །བདག་ནི་ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི། །སྡུག་བསྔལ་ལོ་གྲངས་ནི་ཁྲི་ཕྲག་དུ་མ་རུ། །མྱོང་ཚེ་མདོ་སྔགས་ལ་ཉན་བསམ་བྱེད་མི་ནུས། །ད་ལྟ་ཉིན་ཞག་འགར་ཟས་དང་སྐོམ་མེད་ན། །བཀྲེས་ཤིང་སྐོམ་གྱུར་ནས་དམ་ཆོས་སྒྲུབ་མི་ནུས། །ད་ནས་གང་བྱུང་གི་ཟས་ཀྱིས་འཚོ་བཞིན་དུ། །དམ་ཆོས་རྣམ་དག་ཅིག་ཅི་ནས་བྱ་དགོས་བསམ། །ཤ་ཆང་ཟས་ཞིམ་གྱི་ཕྱིར་དུ་སྡིག་བྱས་ནས། །ཡི་དྭགས་བཀྲེས་སྐོམ་དུ་སྐྱེ་རྣམས་སྙིང་རེ་རྗེ། །བདག་ནི་དུད་འགྲོ་རུ་སྐྱེས་ན་གླེན་ལྐུགས་དང་། །བཀོལ་སྤྱོད་སྡུག་བསྔལ་གྱིས་གཟིར་བའི་ཚུལ་བསམ་ན། །ཆོས་ཀྱི་སྣང་བ་ཙམ་དུད་འགྲོར་ག་ལ་སྐྱེ། །མི་དགེ་ལས་ངན་ཀྱང་རྟེན་དེས་བསོག་པར་ནུས། །ད་ལྟ་མི་ཐེག་པའི་ཁུར་པོ་ཞིག་ཁུར་ནས། །ལ་ཆུ་འཕྲང་གསུམ་ལ་དབང་མེད་འགྲོ་དགོས་ན། །ཆོས་ལ་ཐོས་བསམ་སོགས་ཚུལ་བཞིན་བྱེད་མི་ནུས། །དེ་ཕྱིར་ལུས་ངག་ཡིད་གཞན་དབང་མ་གྱུར་གོང་། །འདིར་སྣང་དོན་མེད་ཀྱི་བྱ་བ་ཀུན་བཞག་ནས། །མི་ལུས་དོན་ལྡན་ཞིག་བྱ་དགོས་རྒྱུན་དུ་སོམས། །འདི་མེད་ཕྱི་མེད་ཀྱི་བྱ་བར་རྟག་གཡེང་ནས། །ཕྱི་མར་དུད་འགྲོ་རུ་སྐྱེ་རྣམས་སྙིང་རེ་རྗེ། །བདག་ནི་བསམ་གཏན་བཞིའི་འདུ་ཤེས་མེད་པའི་ལྷར། །སྐྱེས་ན་ཆོས་སྒྲུབ་དགོས་སྙམ་པའི་བློ་མི་སྐྱེ། །ད་རེས་དགེ་སྡིག་གི་བླང་དོར་གསལ་སྐབས་འདིར། །བློ་ཁ་ཆོས་ཕྱོགས་ལ་ཅི་ཕྱོགས་བྱའོ་བསམ། །ད་རེས་མཐའ་འཁོབ་ཀྱི་ཡུལ་དུ་སྐྱེས་གྱུར་ན། །རྒྱལ་བའི་བསྟན་པ་ལ་འཇུག་པར་ཅི་ལ་ནུས། །ལྟ་ལོག་མུ་སྟེགས་པར་སྐྱེས་ན་དཀོན་མཆོག་ལ། །མི་དད་མི་གུས་ཤིང་ལོག་ལྟས་དམྱལ་བར་འགྲོ། །མུན་པའི་བསྐལ་པ་རུ་སྐྱེས་ན་དཀོན་མཆོག་གི། །སྒྲ་ཙམ་མི་གྲག་ཅིང་དགེ་སྡིག་ངོ་མི་ཤེས། །ངག་ཡིད་ལྐུགས་པ་རུ་སྐྱེས་ན་དམ་ཆོས་ཀྱི། །གོ་བརྡའ་མི་འཕྲོད་ཅིང་ཚུལ་བཞིན་བསྒྲུབ་མི་ནུས། །མི་ཡི་མི་ཁོམ་པ་བཞི་རུ་མ་སྐྱེས་པར། །དལ་བའི་རྟེན་བཟང་འདི་རྙེད་ཚེ་ཆོས་ཤིག་སྒྲུབས། །ཚེ་འདིའི་བྱ་བ་དེ་མི་ཁོམ་རྟེན་གྱིས་ནུས། །དམ་པའི་ལྷ་ཆོས་དེ་དལ་རྟེན་མིན་པས་མིན། །མཁས་ན་དལ་རྟེན་འདི་དོན་ལྡན་བྱས་ན་ལེགས། །དོན་མེད་ཆུད་ཟོས་སུ་བཏང་ན་དེའི་བླུན་མེད། །ཚེ་འདིའི་མི་ཁོམ་པ་ཕྲན་བུ་ལ་ཞེན་ནས། །ཁོ་བོ་ཆོས་མཉན་ལ་འོང་བར་མི་ཁོམ་ཟེར། །དེ་བས་མི་ཁོམ་པར་སྐྱེ་བ་དེ་མ་གོ། །གལ་ཆུང་ཆོས་ལ་ནི་བྱས་ན་རང་ཉིད་འཕུང་། །དལ་རྟེན་རྙེད་པར་དཀའ་ཟེར་ཞིང་ཡིད་མ་ཆེས། །ཡིད་ཆེས་ཅུང་ཟད་རེ་ཐོབ་ཀྱང་རྗེས་སུ་བརྗེད། །དཔེ་ལ་རྙེད་དཀའི་ཚུལ་བྲིས་ཀྱང་བལྟ་མི་ཁོམ། །བལྟས་ཀྱང་ནན་ཏན་དུ་རྒྱུད་ལ་མི་སྐོར་བ། །བསྐོར་ཀྱང་ཆོས་མཐུན་ལ་འབད་པ་མི་སྐྱེད་པ། །འདི་ཀུན་དལ་རྟེན་འདི་ཡིད་བཞིན་ནོར་བུ་ལས། །ལྷག་ཅེས་གསུངས་པ་ལ་ཡིད་མ་ཆེས་པའི་རྟགས། །བདག་ནི་མི་ཁོམ་པའི་གནས་སུ་མ་སྐྱེས་གོང་། །ཉིན་མཚན་བར་མེད་དུ་དལ་རྟེན་དོན་ཡོད་བྱ། །འཆི་ཚེ་འགྱོད་མེད་ཀྱི་སྙིང་པོ་རྣམ་དག་ལེན། །དོན་མེད་བྱ་བྱེད་ལ་ལུས་འདི་མི་ཡེངས་པར། །ཕྱག་མཆོད་སྐོར་བ་ལ་ཡི་དམ་དྲག་པོ་བྱ། །དོན་མེད་ངག་འཁྱལ་ལ་ངག་འདི་མི་ཡེངས་པར། །ཁ་ཏོན་བཟླས་བརྗོད་ལ་འབད་པ་དྲག་ཏུ་བྱ། །དོན་མེད་རྟོག་དཔྱོད་ལ་ཡིད་འདི་མི་ཡེངས་པར། །བསམ་སྒོམ་ཁོ་ན་ལ་འབད་པ་དྲག་ཏུ་བྱ། །སྙམ་ནས་ཡང་ཡང་དུ་རང་གི་རྒྱུད་ལ་བརྟགས། །ཁྲིད་ཡིག་དུ་མ་ལ་བལྟས་ནས་རྒྱུད་དང་སྦྱར། །རྒྱུད་དང་མ་སྦྱར་བའི་གོ་བས་ཅི་ལ་ཕན། །མི་ཁོམ་གནས་བརྒྱད་དེ་རྒྱས་པར་བཤད་ཤེས་ཀྱང་། །ཆོས་ལ་མི་བརྩོན་པས་དོན་དེ་མ་གོ་འདུག །དོན་འདི་རྟོགས་གྱུར་ན་ཉམས་ལེན་དཀའ་རྒྱུ་མེད། །ང་ལ་ཉམས་ལེན་ཞིག་འོངས་པ་འདི་ཡི་དྲིན། །དེ་ཕྱིར་རྗེས་འཇུག་རྣམས་དལ་རྟེན་དོན་ཡོད་མཛོད། །གླུ་འདི་དམ་ལྡན་གྱི་དགེ་སློང་སྦྱིན་པ་ཡིས། །ལོ་མང་རི་ཁྲོད་གནས་བཟུང་ནས་མཉེས་པར་བྱས། །གསེར་གྱི་མེ་ཏོག་དང་བཅས་ཏེ་བསྐུལ་བའི་ངོར། །ཆོས་དབྱིངས་སྟོབས་ལྡན་གྱི་རྡོ་རྗེ་ཞེས་བྱས་སྦྱར། །དགེ་བས་དལ་རྟེན་ཀུན་དོན་དང་ལྡན་པར་ཤོག །

རྩོམ་སྒྲིག་པ། ཀློང་གསལ།

47.2K