༄༅། །རྡོ་རྗེ་སྤུན་གྲོགས་ངག་དབང་དར་རྒྱས་ལ་གནང་བའི་ཞལ་གདམས་བཞུགས་སོ། །

རིག་འཛིན་དཔལ་ལྡན་བཀྲ་ཤིས།

རྡོ་རྗེ་སྤུན་གྲོགས་ངག་དབང་དར་རྒྱས་ཀྱི་སྐྱེ་བརྟག་དགོས་གསུངས་པའི་ལན་ནི། སྤྱིར་སྟོན་པ་ཤཱཀྱ་དང་སློབ་དཔོན་པདྨ་ལྟ་བུའི་སངས་རྒྱས་ཤིག་མ་གཏོགས་དུས་གསུམ་མཁྱེན་པ་དཀའ་ཞིང་། ཁྱད་པར་དེང་སང་ལུང་བསྟན་ལ་ཆ་བཞག་བྱེད་པའི་ལྷ་དང་བླ་མ་ཚོ་ཡང་རང་རྩ་ལ་ཐུག་དུས་ཐབས་རྡུགས་པོ་ཞིག་འདུག་མོད། བྱེ་བྲག་ཏུ་ཁམས་ཕྱོགས་འདིར་ལས་ཀྱི་རྣམ་སྨིན་ལ་མི་འཛེམ་པར་ཇ་ཆང་གི་ཕོ་བ་བརྒྱགས་པའམ་རྙེད་བཀུར་ཕྲན་ཚེགས་དོན་དུ་གཉེར་ནས་མི་ཆོས་བླ་མའི་རྫུན་སྨྲ་མཁན་མང་པོ་ཞིག་འདུག་པའི་གྲས་ལ་ནི་བདག་མ་ཆུད། ཡེ་ཤེས་པའི་ལྷ་མ་འགྲུབ་པར་འཇིག་རྟེན་གྱི་འདྲེ་རྒོད་ཟ་འདྲེ་ཤི་གཤེད་གཞི་བདག་དང་ཐེའུ་རང་རྒྱལ་འགོང་སོགས་མཆོད་ཅིང་བསྟེན་ནས་ཁོག་ཏུ་ཞུགས་པའི་ཉི་ཚེ་བའི་མངོན་ཤེས་ཕྲའུ་རེ་ཡོད་པའི་བླ་མ་དང་རྟོགས་ལྡན་ལྟ་བུའི་བྱེད་རྒྱུ་དེ་འདྲ་བྱེད་ཤེས་རུང་ཕྱི་མའི་ས་ལ་གནོད་པས་རྩོལ་བ་མ་བྱས། ལྷ་པ་དང་ལྷ་མ་སྒྲུང་མཁན་དང་ཁྲམ་པ་སོགས་ལ་འབབ་རྒྱུའི་འདྲེ་དེ་ནི་བདག་ལ་འབབ་མི་ཐུབ། མོ་པྲ་དང་མར་མེའི་བརྟག་པ་འདྲ་སྣང་ཡང་དམ་ཚིག་ཅན་གྱི་ལྷ་ཁྱད་པར་ཅན་ཞིག་འཁོར་ན་མ་གཏོགས་ངེས་པ་ཆེར་མི་སྣང་། རྩིས་གཞུང་ནས་བཤད་པ་དེ་ཡང་ལོ་བདག་དང་སྤར་སྨེ་འདྲ་འདྲ་རྣམས་སྐྱིད་སྡུག་མ་སྙོམས་པས་ཕ་མའི་བཙས་རླུང་སོགས་ཞིབ་ཏུ་བརྩི་དགོས་པར་མ་ཁོམ་རྫུན་འདྲ་ལབ་ན་རེ་གཉིས་ཐོག་ཏུ་འགྲོ་ཡང་ཕུགས་མི་འཁྱོངས་ཤིང་ཤེས་བཞིན་དུ་སྡིག་པ་བསོག་དོན་མི་འདུག །དམ་ཚིག་ཅན་གྱི་ལྷ་དང་ཆོས་སྐྱོང་ནི་སྒྲུབ་པ་མ་ནུས་པས་སྤྲང་ལོང་འཁྱམས་པོ་བདག་ལྟ་བུ་ལ་གཞན་གྱི་སྐྱེ་བ་སྔ་ཕྱི་དང་ལས་བཟང་ངན་ཤེས་པ་ལྟ་ཅི། རང་ཉིད་ལ་རང་གི་དུས་སུའང་ལེགས་ཉེས་ཅི་ཡོང་མི་ཤེས་ཤིང་། སེམས་ལ་ཅི་དྲན་སྨྲས་ན་ནི་སྨྱོན་པའི་སྤྱོད་པ་དང་རྫུན་ཟོབ་སྨྲས་ན་ནི་དམ་པ་རྣམས་ཐུགས་ཁྲེལ་ཞིང་སྐྱེ་བོ་བཞད་གད་ཀྱི་གནས་སུ་འགྱུར། འོན་ཀྱང་ཁྱེད་རང་གིས་ང་ལ་དག་སྣང་སྦྱོང་ཞིང་བློ་རྩེ་གཏད་འདུག་པས། གསུང་དོན་ལན་མེད་དུ་མ་སོང་ཙམ་དུ་ཅི་ཞུ་ན། དགེ་བ་བྱས་ན་བདེ་བ་འཐོབ་ཅིང་སྡིག་པ་བྱས་ན་སྡུག་བསྔལ་འབྱུང་བར་གསུང་རབ་རྣམས་སུ་བཤད་པས། ཁྱེད་རང་གི་སྐྱེ་བ་སྔ་མའི་ལས་བཟང་ངན་ནི་སྐྱེས་བུ་དམ་པའི་གསུང་ལས། སྔ་མ་གར་སྐྱེས་རང་གི་ལས་ལ་ལྟོས། །ཞེས་པས། དལ་འབྱོར་ཕུན་སུམ་ཚོགས་པ་རབ་བྱུང་ཆོས་ལྡན་གྱི་ལུས་རྟེན་ཐོབ་པ་འདི་དགེ་བའི་མཐུ་ལས་བྱུང་བའི་ཚེ་སྔ་མ་ནི་རང་མགོ་ཐོན་འདུག་མོད། སྐྱེ་བ་ཕྱི་མ་ཇི་ལྟར་འབྱུང་བ་ནི། ཕྱི་མ་གར་སྐྱེ་རང་གི་སེམས་ལ་ལྟོས། །ཞེས་པས། ཆོས་སེམས་ཆེ་ཞིང་དེ་ཉིད་དོན་དུ་གཉེར་བ་དང་། དམ་ཚིག་བསྲུང་ཞིང་ཟབ་ལམ་གྱི་གདམས་པ་ཉམས་སུ་བླངས་ན། རབ་འཆི་བ་ཆོས་སྐུ། འབྲིང་བར་དོ་ལོངས་སྐུ། ཐ་མ་སྐྱེ་བ་སྤྲུལ་སྐུ། ཡང་མཐའ་ལ་ཡང་ཆོས་ལྡན་གྱི་ལུས་རྟེན་བཟང་པོ་འཐོབ་ཅིང་སྔ་མའི་ལས་ཀྱི་བཟང་འཕྲོ་མཐུད། ལྷ་སྐལ་ནི་རྗེ་གྲུབ་ཐོབ་ཅིག་གི་གསུང་ལས། ཡི་དམ་ལྷ་ལ་བཟང་ངན་མ་མཆིས་པས། །རང་ཉིད་གང་མོས་བསྟེན་དང་རི་ཁྲོད་པ། །ཞེས་དང་། སློབ་དཔོན་ཆེན་པོས་ཀྱང་། གང་ལ་གང་མོས་དེ་ལ་ལས་འཕྲོ་ཡོད། །ཟབ་དང་མི་ཟབ་བརྟག་པ་དེ་མི་དགོས། །ཞེས་དང་། རྒྱལ་བའི་བཀའ་ལས། གང་གིས་མོས་པ་གཙོར་བྱས་པ། །དེ་ཡི་འདུན་ངོར་ཐུབ་པ་གནས། །ཞེས་པས་ཁྱེད་རང་མོས་འདུན་ཆེ་འདུག་པ་ལྟར་ཞི་བའི་དུས་སུ་སྤྱན་རས་གཟིགས་དང་། དྲག་པོའི་དུས་སུ་རྟ་མགྲིན་ལ་བསྙེན་སྒྲུབ་དང་གསོལ་འདེབས་འབུངས་ན། ཚེ་འདི་ཕྱི་གང་ལའང་བསླུས་མི་ཡོང་བར་ཐག་ཆོད། དེ་ཡང་ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ཞེས་པ་ནས། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །ཞེས་དང་། ཕྱི་ལྟར་པདྨ་འབྱུང་གནས་རྒྱལ་བའི་སྐུ། །ནང་ལྟར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསང་བ་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །གདུལ་བྱའི་མོས་ངོར་རྣམ་པ་ཐ་དད་ཀྱང་། །དོན་ལ་དབྱེར་མེད་ངོ་བོ་གཅིག་ཉིད་དེ། །ཞེས་གསུངས་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐབས་སུ་བབ་པར་འདུག་ལགས། བོད་མི་མང་ལྷ་མང་གི་དཔེ་རུ་མ་སོང་བར་རྒྱ་གར་ལྷ་གཅིག་བུམ་གཅིག་གི་དོན་ཨེ་ཡོང་རེམ། ཆོས་བྱེད་པ་ལ་བྱེད་ཚུལ་ཤེས་དགོས་པས་རྫུན་ཟོབ་མེད་ཅིང་ཉམས་མྱོང་ཡོད་པའི་དགེ་བའི་བཤེས་གཉེན་ཞིག་ལ་ཅིས་ཀྱང་ཐུག་ཐབས་མཛོད། རང་དགར་མ་ཎི་འདྲ་བཏོན་རུང་གནད་དུ་མ་སོང་ན་གྲུབ་རྟགས་ཅི་ཡང་མི་ཡོང་། དཔེར་ན་དེང་སང་གི་རྒན་རྒོན་མ་ཎི་དུང་ཕྱུར་སོང་ཟེར་བ་ཚོ་ལ་ཡང་ས་ལམ་གྱི་ཉམས་རྟོགས་ནི་ལྟ་ཅི་དགེ་བའི་རྨི་ལམ་བཟང་པོ་ཙམ་ཡང་ཤར་མི་འདུག་མོད། ད་ཁྱེད་རང་ཧ་ཅང་རྙིང་མའི་རྟོགས་ལྡན་ཨོ་ཟོབ་ཅན་ཚོ་ལ་ཡང་དད་ཞེན་མ་ཆེ། དེ་ཚོ་ནི་ཆང་བག་མེད་དུ་འཐུང་བས་མཐར་སྐྱེ་དམན་ཞིག་དང་འཕྲད་ཉེན་ཡོད། ཧ་ཅང་གསར་མའི་མཚན་ཉིད་པ་ང་རྒྱལ་ཅན་ཚོ་ལ་ཡང་འདྲིས་འགྲོགས་མ་ཆེ། དེ་ཚོས་ལས་འབྲས་ཁྱད་དུ་གསོད་པས་མཐར་ངན་སོང་དུ་འཁྲིད་ཉེན་ཡོད། དེས་ན་གྲོགས་སུ་ལ་འགྲོགས་ཀྱང་དགེ་སེམས་ཅན་ཞིག་དང་། བླ་མ་སུ་ལ་བསྟེན་ཀྱང་སྙིང་རྗེ་ཡོད་པ་ཞིག་ལ་བསྟེན། གདམས་ངག་གང་ཞུ་ཡང་ཉམས་སུ་ལོན་པ་ཞིག་ཞུས། ལྷ་གང་སྒྲུབ་ཀྱང་སྒྲུབ་ཚུལ་གྱི་གནད་ཤེས་དགོས་པས་ཐུགས་ལ་ཆོངས། གྲུབ་རྟགས་ཀྱི་གཙོ་བོ་ནི། དགེ་སེམས་རྒྱུན་མ་ཆད་པ་ཡིན་ལགས། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་ས་མཐའི་བནྡེ་འཁྱམས་པོ་པདྨ་བཛྲས་གྲོགས་ལ་སྨྲས་པ་ནམ་ཡང་མི་འགྱུར་བའི་རྟགས་སུ་རྡོ་རྗེ་དང་། ཞེས་ཆོས་འཁོར་གླིང་དུ་བཙུན་པ་ཞིག་གིས་སྐྱེ་བརྟག་གི་ལུང་བསྟན་དགོས་ཞེས་པའི་དོན་དུ་སྨྲས་པའོ། །སྨྲས་པ། རང་ཉིད་གར་འགྲོ་འདིར་འགྲོ་མ་ཤེས་པར། །གཞན་ལ་མངོན་ཤེས་ཐོགས་མེད་བཤད་པ་ཡི། །དེང་སང་བླ་གཟུགས་འཁྱམས་པོས་འཛམ་གླིང་གང་། །ཚུལ་འདི་བསམ་ཚེ་ཕྱི་མར་ཅི་རང་དྲག །ཅེས་སོ། །

རྩོམ་སྒྲིག་པ། ཀ་དག

47.2K