༄༅། །འཕགས་ལམ་ཡན་ལག་བརྒྱད་ཀྱི་ཡིག་ཆུང་ངམ་དགེ་ཚུལ་མའི་བེའུ་བུམ་བཞུགས་སོ། །

གཞོན་ནུ་ཡེ་ཤེས་རྡོ་རྗེ།

༄༅། །བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ད་འོ་ན་ཐར་པ་དོན་དུ་གཉེར་བའི་བཙུན་མ་རྣམས་ལ་གདམས་ངག་ཅིག་བཤད་དེ། ཁྱེད་རང་ཚོ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་དོན་འབྲས། སྡུག་བསྔལ་ཤེས་ཤིང་། ཀུན་འབྱུང་སྤངས་ནས། འགོག་པ་མངོན་དུ་བྱ་བའི་ཐབས། ལམ་ཟབ་མོ་ཞིག་རྒྱུད་ལ་བསྟེན་དགོས་པ་ཡིན་པས་ན། དེ་ཡང་ཐོག་མར་རང་ཉིད་བསྟན་པ་ལ་ཞུགས་ནས་རབ་ཏུ་བྱུང་བའི་དོན་པོ་དགེ་ཚུལ་མའི་སྡོམ་པ་སོ་ཐར། ཐེག་ཆེན་བྱང་ཆུབ་སེམས་མའི་ལག་ལེན་དགེ་རྩ་གང་བསྒྲུབ་དམ་པ་གསུམ་གྱིས་ཟིན་པས་བྱང་སེམས། ཚེ་ལུས་གཅིག་གིས་སངས་རྒྱས་འགྲུབ་པའི་ཉེ་ལམ་ཟབ་མོ་ལྷག་པའི་ལྷའི་བསྐྱེད་རྫོགས་གཉིས་ལ་འབད་པས་གསང་སྔགས་ཏེ། རྟགས་སྡོམ་པ་གསུམ་ལ་སློབ་དགོས་རྒྱུའི་ས་བཅད་དེ་ཡང་མདོར་བསྡུས་ཙམ་དེས་ཤེས་པར་བྱས་ནས། མདོ་སྔགས་གཉིས་ཡ་ཆར་བྲལ་དུ་མ་སོང་བར་བརྗོད་དོན་ཉམས་སུ་ལེན་པའི་གནས་སྐབས་ན་དེ་དག་གི་དགོངས་དོན་གཅིག་ཏུ་དྲིལ་བ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ཞེས་གནད་བསླབ་པ་གསུམ་ལ་འདུ་བས། དེ་ཡི་དོན་ཚེགས་ཆུང་ངུས་རྟོགས་པར་བྱ་བའི་ཐབས་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སློབ་དགོས། འཕགས་པའི་ལམ་ཡན་ལག་བརྒྱད་དེ་ཡང་གང་ཡིན་ཞེ་ན། ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་ངག །ཡང་དག་པའི་རྟོག་པ། ཡང་དག་པའི་འཚོ་བ། ཡང་དག་པའི་ཏིང་ངེ་འཛིན། ཡང་དག་པའི་ལྟ་བ། ཡང་དག་པའི་དྲན་པ། ཡང་དག་པའི་རྩོལ་བ་དང་བརྒྱད། དེ་ཡང་སྔ་མའི་ཡང་དག་པའི་ལས་ངག་རྟོག་པའི་འཚོ་བ་བཞིས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་མདོ་དོན་སྟོན། ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ལྷག་པ་ཏིང་ངེ་འཛིན་བསླབ་པའི་མདོ་དོན་སྟོན། ཡང་དག་པའི་ལྟ་བས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའི་མདོ་དོན་སྟོན། དྲན་པ་དང་རྩོལ་བ་གཉིས་པོས་ཀྱང་བསླབ་པ་གསུམ་པོ་བརྟན་ཞིང་གོང་འཕེལ་དུ་འགྲོ་བའི་ཐབས་བྱེད་པ་སྟེ་གང་ཟག་བློ་དམན་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེན་དག་ལ་སྦྱངས་པའི་སྐལ་བ་མེད་པ་རྣམས་ཀྱིས་ནི་ལམ་གྱི་གནད་འཕགས་ལམ་ཡན་ལག་བརྒྱད་ཁོ་ན་ལ་བསླབ་ཅིང་དེའི་བླང་དོར་མ་ནོར་བར་བྱེད་པ་གནད་གལ་བོ་ཆེ་ཡིན་ནོ། །

ད་ནི་ཚུལ་དེ་དག་གི་ལག་ལེན་ཇི་ལྟར་སློབ་ན། རང་ཉིད་ཆོས་ཀྱི་སྒོར་ཞུགས་ནས་ནམ་ཞིག་འཆི་བ་ལ་ཐུག་གི་བར་ལུས་ངག་ཡིད་གསུམ་ཆོས་མཐུན་དུ་བསླབ་ལ།དགེ་བའི་རྩ་བ་གང་བསྒྲུབ་ཚད་སྣ་ཁ་རེ་རེ་ནས་ཐོག་མར་ཐེག་པ་ཆེན་པོའི་སེམས་བསྐྱེད། བར་དུ་དམིགས་པ་མེད་པའི་ཤེས་རབ། མཐར་འཁོར་གསུམ་ཡང་དག་གིས་བསྔོ་བ་སྟེ་དམ་པ་གསུམ་དང་འབྲེལ་བ་ནི་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་གང་ཟག་སུ་ལའང་མེད་དུ་མི་རུང་བའི་ལག་ལེན་གལ་བོ་ཆེ་ཞིག་ཡིན། དེ་ཉིད་གཞིར་བཞག་ནས་བསླབ་པ་གསུམ་གྱི་ལག་ལེན་ནི་ཁྱེད་ཅག་གི་ཁམས་དབང་དང་འཚམ་པ་ཞིག་སློབ་ན། ཐོག་མར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་ནི་ཁྱེད་རང་ཚོའི་སྤྱོད་པ་གཙོ་བོར་སྟོན་པའི་ཕྱིར། སྐྱབས་འགྲོའི་སྡོམ་པའི་བླང་དོར་གྱི་སྟེང་། ཁྱིམ་པའི་རྟགས་སྤངས་ཏེ་རབ་ཏུ་བྱུང་བའི་རྟགས་གདིང་བ་བླ་གོས་མཐང་གོས་སོགས་ལྡན་པར་བྱས་ནས་དགེ་ཚུལ་མའི་བསླབ་པ་རགས་པའི་དབང་དུ་བཏང་བ་བསླབ་པའི་གནས་བཅུ་ལས། སྲོག་མི་གཅོད། རྐུས་མི་བྱེད། མི་ཚངས་མི་སྤྱོད། རྫུན་མི་གཏམ། ཆང་མི་འཐུང་བ་སྟེ་བསླབ་པའི་གཞི་ལྔ། མལ་སྟན་རང་གི་ལག་ཁྲི་གང་ལས་མཐོ་བའི་ཁར་མི་འདུག །ཕྱི་དྲོའི་ཁ་ཟས་མི་ཟ། གར་སོགས་སྤང་བ་དང་། ཕྲེང་སོགས་སྤང་བ་དང་། གསེར་དངུལ་ལེན་པ་སྤང་བ་སྟེ་ཡན་ལག་གི་བསླབ་པ་ལྔ། དེ་ལྟར་བསླབ་པའི་གནས་བཅུའི་སྟེང་འཕགས་ལམ་ཡན་ལག་བརྒྱད་ཀྱི་སྔ་མ་བཞིའི་བླང་དོར་ལ་འབད་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་མདོ་དོན་མ་ཉམས་ཙམ་འོང་བ་ཡིན་པའི་ཕྱིར། འཕགས་ལམ་ཡན་ལག་བརྒྱད་ཀྱི་སྔ་མ་བཞི་ནི་ཡང་དག་པའི་ལས་ཀྱི་མཐའ། ངག །རྟོག་པ། འཚོ་བ་བཞི་ལ།ཡང་དག་པའི་ལས་ཀྱི་མཐའ་ནི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་དམ་ལོག་པར་གཡེམ་པ་སོགས་ལུས་ཀྱི་མི་དགེ་བ་མཐའ་དག་སྤང་ཞིང་ཕྱག་དང་བསྐོར་བ་ལ་སོགས་དགེ་བ་མཐའ་དག་བསྒྲུབ་པ་ལ་བསླབ་པའོ། །ཡང་དག་པའི་ངག་ནི་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ལ་སོགས་ངག་གི་མི་དགེ་བ་མཐའ་དག་སྤང་ཞིང་བཟླས་བརྗོད་ལ་འབད་པ་སོགས་དགེ་བ་མཐའ་དག་བསྒྲུབ་པ་ལ་བསླབ་པའོ། །ཡང་དག་པའི་རྟོག་པ་ནི་བརྣབ་སེམས། གནོད་སེམས། ལོག་ལྟ་སོགས་ཡིད་ཀྱི་མི་དགེ་བ་མཐའ་དག་སྤངས་ནས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་དད་དང་དག་སྣང་སྦྱངས་པ་ལ་གནས་པ་སོགས་དགེ་བ་མཐའ་དག་བསྒྲུབ་པ་ལ་བསླབ་པའོ། །ཡང་དག་པའི་འཚོ་བ་ནི་ལོག་འཚོ་ལྔ་དང་བྲལ་བའི་ཡང་དག་པའི་འཚོ་བ་ལ་བརྟེན་པ་སྟེ། དེ་ཡང་ལོག་འཚོ་ལྔ་ནི་ཁ་གསག །ཚུལ་འཆོས། ཐོབ་འཇལ། གཞོག་སློང་། རྙེད་པས་རྙེད་འཚོལ་དང་ལྔ་ལས། ཁ་གསག་ནི་ཟས་གོས་སོགས་འཚོལ་བའི་ཆེད་དུ་རང་ལ་བསྔགས་པ་བརྗོད་པ། ཚུལ་འཆོས་ནི་ཟས་གོས་སོགས་ཨེ་སྟེར་གྱི་རེ་བས་ལུས་ངག་གི་ཚུལ་བཅོས་པ། ཐོབ་འཇལ་ནི་བསོད་སྙོམས་སོགས་འདི་ཙམ་རེ་གཞན་གྱིས་ང་ལ་སྦྱིན་སྲོལ་ཡོད་སོགས་ཐོབ་ཐང་གཞལ་བ། གཞོག་སློང་ནི་ཟས་གོས་རང་ལ་ཡོད་པ་ལྐོག་ཏུ་བཞག་ནས་གཞན་ལ་སློང་བ། རྙེད་པས་རྙེད་འཚོལ་ནི་རྙེད་པ་ཆུང་ངུ་ཞིག་བྱུང་ན་དེ་གཞན་ཞིག་ལ་སྦྱིན་ཏེ་དེའི་ལག་ནས་རང་གིས་དངོས་པོ་དེ་ལས་ཆེ་བ་ཞིག་བླངས་པ་སྟེ་ལོག་པའི་འཚོ་བ་འདི་དག་ནི་སངས་རྒྱས་ཀྱིས་མ་གནང་བས་དེ་དག་དང་མ་འདྲེས་པ་ཡང་དག་པའི་འཚོ་བ་ལ་སྤྱོད་པའོ། །

ད་གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པས་ནི་ཁྱེད་རང་ཚོའི་བསྒོམ་པ་གཙོ་བོར་སྟོན་པའི་ཕྱིར། རྒྱུ་འབྲས་མན་ངག་བདུན་དང་ལྡན་པས་ཚད་མེད་བཞི་དང་ཕར་ཕྱིན་དྲུག་ལ་སོགས་པར་སློབ་པ་གཞིར་བཞག །གཙོ་བོ་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་ཏིང་ངེ་འཛིན་ལ་སློབ་པའི་སྐབས་འདིར། ཐོག་མར་སེམས་འཛིན་བསམ་གཏན་གྱི་མན་ངག་རྣམ་པ་བཞི་ལ་གོམས་པར་བྱ་སྟེ། རྟོག་ཅིང་དཔྱོད་པ་དང་བཅས་པ་ནི་བསམ་གཏན་དང་པོ། རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་བསམ་གཏན་གཉིས་པ། རྟོག་དཔྱོད་གཉིས་ཀ་དང་བྲལ་བ་བསམ་གཏན་གསུམ་པ། རྟོག་དཔྱོད་གཉིས་ཀ་ཡོངས་སུ་དག་པ་བསམ་གཏན་བཞི་པ་སྟེ། འགོག་པ་མངོན་དུ་བྱ་བའི་མན་ངག་ཏིང་ངེ་འཛིན་དེ་དག་རང་རྒྱུད་ལ་གོམས་པའི་ཐབས་ནི་ཟབ་ལམ་སྔགས་ཀྱི་བསྐྱེད་རྫོགས་ལ་བསླབ་ན་དགའ་བས། ཐུགས་རྗེ་ཆེན་པོའམ་རྗེ་བཙུན་མ་སོགས་ལྷག་ལྷའི་དབང་ཐོབ་ནས་བསྐྱེད་རིམ་བླ་མའི་མན་ངག་ལྟར་བསླབ་པས་གསལ་བརྟན་གྱི་ཚད་བརྒྱད་གྱད་དུ་གྱུར་ཙམ་ན་ཏིང་ངེ་འཛིན་ལ་རང་དབང་ཐོབ་པ་ཞིག་འོང་བ་ཡིན་ནོ། །

གསུམ་པ་ལྷག་པ་ཤེས་རབ་ཀྱི་བསླབ་པས་ནི་ཁྱེད་རང་ཚོའི་ལྟ་བ་གཙོ་བོར་སྟོན་པའི་ཕྱིར། སྔ་མའི་ཏིང་ངེ་འཛིན་བསམ་གཏན་ཉམས་ཀྱི་ཆ་དེ་དག་ལས་འདས་པའི་ལྷག་མཐོང་ཤེས་རབ་ཀྱི་རང་བཞིན་དམིགས་བསལ་སྤྲོས་པ་དང་བྲལ་བའི་ཡིན་ལུགས་ལ་མཉམ་པར་འཇོག་པ་གཞིར་བཞག །གཙོ་བོ་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་ལྟ་བ་ཤེས་རབ་རྣམ་པ་གསུམ་གཏན་ལ་ཕབ་པའི་གནས་སྐབས་ཏེ། ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། སྒོམ་པའི་ཤེས་རབ་དང་གསུམ་ལས། ཐོག་མར་ཐོས་པའི་ཤེས་རབ་ནི་བླ་མའི་ཞལ་ནས་གང་ཐོས་པ་སྤྱི་དང་བྱེ་བྲག་ལྟ་བའི་བཞག་ཐབས་བསྟན་པ་རྣམས་རང་གི་བློ་ལ་ཅི་ཟིན་བྱེད་པས་ན་ཐོས་པ། དེ་དག་གི་དོན་ལ་བསམ་པས་གཞིག་ཅིང་འགྲེལ་ནས་བླང་དོར་གྱི་གནད་རྣམས་ཡིད་ལ་ངེས་པར་བྱ་བ་ནི་བསམ་པ། བླང་དོར་དེ་དག་ལག་ལེན་ལ་ཐེབས་པར་བྱས་ནས་ཟབ་མོ་ཤེས་རབ་ཀྱི་དོན་ལ་རྟག་ཏུ་མཉམ་པར་བཞག་པ་ནི་བསྒོམ་པ་སྟེ་ཕྱི་མ་འདི་ཉམས་སུ་ལེན་པའི་ཚེ་དམིགས་པ་མེད་པའི་རྫོགས་རིམ་གྱི་ཞལ་གདམས་ཀུན་བཟང་ཞལ་ངོམ་ལ་བལྟ་ཞིང་དེའི་དོན་བསྒོམ་པ་ལ་སློབ་པར་བྱ་བའོ། །རང་བཞིན་རྫོགས་པ་ཆེན་པོའི་གདམས་ངག་ཀྱང་སྐབས་འདི་ཙམ་ནས་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟ་བུའི་ལྷག་པ་ཚུལ་ཁྲིམས། ལྷག་པ་ཏིང་ངེ་འཛིན་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་པོས། སྔ་མས་ངེས་འབྱུང་རྒྱུད་ལ་སྐྱེས་པའི་ཐབས་དང་སྤྱོད་པའི་བླང་དོར་སྟོན། བར་པས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཐབས་དང་བསྒོམ་པའི་བླང་དོར་སྟོན། ཕྱི་མས་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཐབས་དང་ལྟ་བའི་བླང་དོར་སྟོན་པའི་ཕྱིར་ལྟ་སྒོམ་སྤྱོད་གསུམ་གྱི་དཀའ་གནད་བསླབ་པ་གསུམ་གྱི་བླང་དོར་ལ་འབད་པ་འདི་ནི་མི་ལུས་ཆོས་ལྡན་དུ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་རྩ་བ་ཡིན་པས་གལ་བོ་ཆེའོ། །གལ་བོ་ཆེའོ། །གལ་བོ་ཆེའོ། །

ད་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་དྲན་པ་དང་། རྩོལ་བ་གཉིས་ཀྱི་རྒྱུ་མཚན་བཤད་པར་བྱ་སྟེ། གདམས་པ་འདི་གཉིས་ནི་བསླབ་པ་གསུམ་པོ་བརྟན་ཞིང་གོང་འཕེལ་དུ་འགྲོ་བར་བྱེད་པའི་མན་ངག་ཡིན་ལ། ཡང་དག་པའི་དྲན་པ་གང་ཡིན་ཞེ་ན། དྲན་པ་ཉེ་བར་བཞག་པ་བཞི་སྟེ། ལུས་དྲན་པ་ཉེ་བར་བཞག་པ་ནི། རྟག་ཏུ་ལུས་ཀྱི་སྤྱོད་ལམ་མ་བསྡམས་པ་མེད་པར་གནས་པ་དང་། བསམ་གཏན་བསྒོམ་པ་སོགས་ཀྱི་སྐབས་རྣམ་སྣང་ཆོས་བདུན་ནམ་སེམས་ཉིད་ངལ་གསོའི་བཞུགས་སྟངས་དང་། མིག་ཐད་ཀར་བཞག་ཅིང་རླུང་ཕྱིར་འཛིན་ལ་བསླབ་པ་སོགས་ཀྱིས་དྲན་པ་མངོན་དུ་བྱ་བའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། འགྲོ་སྡོད་སྒོ་གསུམ་གང་གི་ཚེ་ཡང་། གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཡུལ་གྱི་རྗེས་སུ་རྣམ་ཤེས་མི་འབྲང་བར་བསླབ་པའོ། །སེམས་དྲན་པ་ཉེ་བར་བཞག་པ་ནི། སེམས་དང་སེམས་བྱུང་གི་རྣམ་རྟོག་ཆགས་སྡང་བར་མ་གསུམ་གྱི་རྗེས་སུ་དྲན་ཤེས་ནམ་ཡང་མི་གཡེང་བ་དང་། ཁྱད་པར་བསམ་གཏན་བསྒོམ་པའི་གནས་སྐབས་སུ་ཡིད་ལ་བྱ་བྱེད་ཀྱི་རྣམ་པར་རྟོག་པ་གང་གི་ཡང་རྗེས་སུ་མི་འབྲང་བར་ཏིང་ངེ་འཛིན་རྩེ་གཅིག་གི་དྲན་པ་ལ་བསླབ་པའོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི། སྤྱིར་བྱ་བ་གང་བསྒྲུབ་ཚད་མངོན་ཞེན་གྱི་བློ་དང་བྲལ་བ་ལ། ཁྱད་པར་ནང་དུ་མཉམ་པར་བཞག་པའི་ཚེ་ན། ཉམས་མྱོང་དང་བློས་བཞག་གི་དམིགས་པ་མཐའ་དག་དང་བྲལ་བ་ཞིག་ལ་བསླབ་པ་སྟེ་འདི་ནི་བླ་མའི་མན་ངག་ལྟ་སྒོམ་གྱི་གནད་དང་ལྡན་པ་དག་གི་ཞལ་ལས་ཤེས་པར་བྱ་བ་ཁོ་ནའོ། །ཡང་དག་པའི་རྩོལ་བ་ནི། ཡང་དག་པར་སྤང་བ་བཞི་སྟེ། དེ་ཡང་བསླབ་པ་གསུམ་གྱི་མི་མཐུན་ཕྱོགས་མི་དགེ་བའི་རིགས་སེམས་ལ་མ་སྐྱེས་ན་མི་བསྐྱེད་པ་དང་གཅིག །གལ་ཏེ་སེམས་ལ་མི་དགེ་བ་ཞིག་སྐྱེས་ཚེ་མྱུར་དུ་སྤང་བའི་ཐབས་ལ་འབད་རྩོལ་བྱེད་པ་དང་གཉིས། བསླབ་པ་གསུམ་གྱི་བླང་བྱར་བཞག་པའི་དགེ་བ་གང་ཡང་ལུས་ངག་ལ་མ་སྐྱེས་ན་དེ་མྱུར་དུ་སྐྱེ་བའི་ཐབས་ལ་འབད་པ་དང་གསུམ། དགེ་སྦྱོར་རྒྱུད་ལ་སྐྱེས་པའི་ཚེ་ཆོག་ཤེས་མི་བྱེད་པར་གོང་ནས་གོང་དུ་སྤེལ་བའི་ཐབས་ལ་འབད་རྩོལ་བརྩོན་འགྲུས་བརྩམ་པ་དང་བཞི་སྟེ། ཡང་དག་པའི་དྲན་པ་དང་རྩོལ་བ་འདི་གཉིས་ནི་དམ་པའི་ཆོས་ཚུལ་བཞིན་དུ་སྤྱོད་པ་རྣམས་ཀྱི་དགེ་བའི་སྲོག་ཤིང་མེད་ཐབས་མེད་པ་ཁོ་ནའོ། །

དལ་འབྱོར་ནི་རྙེད་པར་དཀའ་འོ། །འཆི་བ་ནི་མྱུར་དུ་འོང་ངོ་། །ལས་འབྲས་ལ་བླང་དོར་དགོས་སོ། །འཁོར་བ་ན་སྡུག་བསྔལ་ཆེ་བས། །ཐར་ལམ་ཁོ་དོན་དུ་གཉེར་ན། །བཤེས་གཉེན་ཚོས་ཇི་ལྟར་གསུངས་བཞིན། །ལག་ལེན་རང་ཡག་པོ་གནང་དང་། །ཁྱེད་རང་ཚོས་གཏན་བདེ་འགྲུབ་འོང་། །བསླབ་པ་ལ་བླང་དོར་མེད་པའི། །སེར་གཟུགས་ཀྱིས་ས་སྟེང་ཁྱབ་ཀྱང་། །ལུང་རྟོགས་ཀྱི་བསྟན་པ་ཉམས་པའི། །སྟ་གོན་ལས་གཞན་ཡོང་མི་འདྲ། །འདི་འདྲ་ལ་བསམ་ཞིང་བསམས་ན། །ཉིན་མཚན་ཀུན་ངུ་རྒྱུ་ལས་མི་འདུག །ཟླ་བོ་ཚོས་ངའི་ཁར་ཉན་ན། །དུས་ངན་གྱི་སྟོན་གཟུགས་བདག་ལྟའི། །ལམ་ངན་ལ་འཇུག་ཏུ་མི་རུང་། །མགོ་འཁོར་ན་ཁེ་ཉེན་ཆེ་འདུག །དོན་དེ་ཕྱིར་དགེ་བའི་བཤེས་གཉེན། །ཚད་ལྡན་གྱིས་བསྟན་པའི་མན་ངག །གནད་སྡོམ་པ་གསུམ་ལ་སློབ་དང་། །གནས་རི་གངས་འགྲིམ་པའི་སྒྲུབ་མདོ། །ལྕམ་ཁྱེད་རང་ཚོ་ཕྱི་ལ་འགྲོ་ས། །ཞིང་དག་པ་མཁའ་སྤྱོད་ལོས་ཡིན། །དགེ་བ་དེས་ཆོས་མཐུན་སྤྱོད་པས། །སེམས་ཅན་ཀུན་གྲོལ་བར་ཤོག་ཅིག །ཅེས་པའང་དགེ་སློང་མ་བདེ་ཆེན་སྒྲོལ་མ་དང་དགེ་ཚུལ་མ་སངས་རྒྱས་སྒྲོལ་མ་གཉིས་ཀྱིས་སྔ་མོ་ཞིག་ནས་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཁྲིད་ཡིག་མདོར་བསྡུས་ཤིག་ཕྲིས་ཞེས་བསྐུལ་ཡང་རེ་ཞིག་རྣམ་གཡེང་གིས་མ་གྲུབ་ཐོག་ཉེ་ཆར་དགེ་ཚུལ་མ་ཆོས་སྤུན་སོགས་ཆོས་དང་མཐུན་པ་ཅན་འགའ་ཞིག་གི་ངོར་སྐྱབས་རྗེ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཞབས་ཟིན་གཞོན་ནུ་ཡེ་ཤེས་རྡོ་རྗེ་ཞེས་འབོད་པ་དེས་ཤར་མར་སྤེལ་བ་དགེའོ། །དགེའོ། །དགེའོ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K