༄༅། །ཀུན་འདུས་གཅིག་ཆོག་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བཞུགས་སོ། །

ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།

༄༅། །འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ། །ལྷ་ལྕམ་མེ་ཏོག་མནྡ་ར་བ་དང་། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཞབས། །སློབ་དཔོན་ཡབ་ཡུམ་གསུམ་ལ་གསོལ་བ་འདེབས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །མཁྱེན་བརྩེ་ནུས་མཐུ་མ་ལུས་གཅིག་བསྡུས་པ། །འཕགས་བོད་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །ཨོ་རྒྱན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་རབས་བདུན་སྨན་བླ་བདེ་གཤེགས་བརྒྱད། །སངས་རྒྱས་སོ་ལྔ་དུས་གསུམ་རྣམ་འདྲེན་ཀུན། །སངས་རྒྱས་སྟོང་རྩ་སོགས་དང་དབྱེར་མེད་པའི། །སངས་རྒྱས་པད་འབྱུང་ཞབས་ལ་གསོལ་བ་འདེབས། །ཆོས་སྐུ་ཀུན་ཏུ་བཟང་པོ་སྣང་མཐའ་ཡས། །ལོངས་སྐུ་རྒྱལ་བ་རིགས་ལྔ་སྤྱན་རས་གཟིགས། །སྤྲུལ་སྐུ་ཐུབ་དྲུག་གུ་རུ་པདྨ་འབྱུང་། །གསོལ་བ་འདེབས་སོ་སྒོ་གསུམ་བྱིན་གྱིས་རློབས། །ཆོས་སྐུ་ཀུན་ཏུ་བཟང་མོ་ཡུམ་ཆེན་མོ། །ལོངས་སྐུ་བཅོམ་ལྡན་ཡུམ་ལྔ་མཁའ་འགྲོ་ལྔ། །སྤྲུལ་སྐུ་དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་སྒོ་གསུམ་བར་ཆད་སོལ། །སར་གནས་རིག་འཛིན་བཛྲ་ཐོད་ཕྲེང་རྩལ། །ཚེ་དབང་རིག་འཛིན་རཏྣ་ཐོད་ཕྲེང་རྩལ། །ཕྱག་རྒྱའི་རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ལྷུན་གྲུབ་རིག་འཛིན་ཀརྨ་ཐོད་ཕྲེང་རྩལ། །རྣམ་སྨིན་རིག་འཛིན་བུདྡྷ་ཐོད་ཕྲེང་རྩལ། །ཐོད་ཕྲེང་སྡེ་ལྔའི་ཞབས་ལ་ཕྱག་འཚལ་ལོ། །པདྨ་འབྱུང་གནས་པདྨ་སཾ་བྷ་ཝ། །ཉི་མ་འོད་ཟེར་ཤཱཀྱ་སེངྒེ་དང་། །བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོའི་ཞབས། །སེངྒེ་སྒྲ་སྒྲོག་རྡོ་རྗེ་གྲོ་བོ་ལོད། །གུ་རུ་མཚན་མཆོག་བརྒྱད་ལ་ཕྱག་འཚལ་བསྟོད། །བསམ་དོན་མ་ལུས་འགྲུབ་པར་བྱིན་གྱིས་རློབས། །ཐོད་ཕྲེང་སྡེ་ལྔ་མཚན་བརྒྱད་གུ་རུ་དྲུག །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་ཨོ་རྒྱན་གྱི། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་སུམ་སྤྲུལ་སོགས། །གཅིག་ཀྱང་མ་ལུས་པ་ལ་གསོལ་བ་འདེབས། །མཁྱེན་པའི་ཡེ་ཤེས་ཇི་ལྟ་ཇི་སྙེད་གཟིགས། །བརྩེ་བའི་ཐུགས་རྗེས་འགྲོ་ཀུན་བུ་བཞིན་སྐྱོང་། །མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ། །ཨོ་རྒྱན་བྱིན་རླབས་ཅན་ལ་གསོལ་འདེབས། །ཡིད་ལ་གང་བསམ་འགྲུབ་པར་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མ་ཀུན་འདུས་པདྨ་འབྱུང་། །མཆོག་གསུམ་ཡི་དམ་ཀུན་འདུས་པདྨ་འབྱུང་། །གནས་གསུམ་མཁའ་འགྲོ་ཀུན་འདུས་པདྨ་འབྱུང་། །ཀུན་འདུས་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས། །ཆོས་མཐུན་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །ཨོ་རྒྱན་ཆེན་པོའི་གསུང་སྤྲུལ་ཨ་ཏི་ཤ། །སྐུ་སྤྲུལ་འབྲོག་མི་ཐུགས་སྤྲུལ་མར་པ་དང་། །ཡོན་ཏན་དྭགས་པོ་འཕྲིན་ལས་ཀརྨ་པ། །སྤྲུལ་པའི་སྐྱེས་ཆེན་རྣམས་ལ་གསོལ་བ་འདེབས། །མཚོ་རྒྱལ་སྤྲུལ་པ་མ་ཅིག་ལབ་ཀྱི་སྒྲོན། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །འཕྲིན་ལས་ལྔ་སྟེ་དེ་དག་རེ་རེ་ལ། །ཡང་སྤྲུལ་དཔག་ཏུ་མེད་ལ་གསོལ་བ་འདེབས། །སྤྱིར་ན་མཁའ་མཉམ་འགྲོ་ལ་བཀའ་དྲིན་ཆེ། །སྒོས་སུ་བོད་ཁམས་ཡོངས་ལ་བཀའ་དྲིན་ཆེ། །ཁྱད་པར་རྣལ་འབྱོར་བདག་ལ་བཀའ་དྲིན་ཆེ། །ཨོ་རྒྱན་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཞི་བ་བཞི་བཅུ་ཁྲག་འཐུང་ལྔ་བཅུ་བརྒྱད། །རིག་འཛིན་འབུམ་དང་མཁའ་འགྲོ་དྲུག་ཅུ་བཞི། །སྲས་མཆོག་སྲུང་མ་རྒྱ་མཚོ་ཀུན་འདུས་པ། །གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །འཇམ་དཔལ་པདྨ་ཡང་དག་བདུད་རྩི་དང་། །ཕུར་པ་མ་མོ་རིག་འཛིན་དྲེགས་པ་འདུལ། །དྲག་སྔགས་ཁྱུང་སོགས་བཀའ་བརྒྱད་བདུན་བརྒྱའི་ལྷ། །གཅིག་བསྡུས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ། །བྱ་བ་སྤྱོད་པ་རྣལ་འབྱོར་ཕྱི་རྒྱུད་གསུམ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་ནང་རྒྱུད་གསུམ། །ཐེག་པ་རིམ་དགུའི་ལྷ་ཚོགས་ཀུན་འདུས་པ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྩ་རྣམས་དག་པ་ཨོ་རྒྱན་ཡབ་ཡུམ་སྐུ། །རླུང་རྣམས་དག་པ་ཨོ་རྒྱན་ཡབ་ཡུམ་གསུང་། །ཐིག་ལེ་དག་པ་ཨོ་རྒྱན་ཡབ་ཡུམ་ཐུགས། །གསོལ་བ་འདེབས་སོ་རླུང་སེམས་ལས་རུང་མཛོད། །བསྟན་པའི་བདག་པོ་ཨོ་རྒྱན་རིན་པོ་ཆེ། །བསྟན་འཛིན་སྐྱེས་བུའི་མཆོག་ཏུ་བདག་གྱུར་ནས། །བསྟན་པ་རིན་ཆེན་ཕྱོགས་བརྒྱར་སྤེལ་བྱས་ཏེ། །བསྟན་ལ་བྱ་བ་རྒྱ་ཆེར་བྱེད་ནུས་ཤོག །མཁྱེན་རབ་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ། །མཁྱེན་པའི་ཡེ་ཤེས་མངའ་བར་བདག་གྱུར་ནས། །མཁྱེན་རབ་ཆེན་པོས་ཇི་ལྟ་ཇི་སྙེད་དོན། །མཁྱེན་པ་བློ་ལྡན་མཆོག་སྲེད་དང་མཚུངས་ཤོག །བརྩེ་བའི་གཏེར་ཆེན་ཨོ་རྒྱན་རིན་པོ་ཆེ། །བརྩེ་བའི་ཐུགས་རྗེ་མངའ་བར་བདག་གྱུར་ནས། །བརྩེ་མེད་མི་དང་མི་མིན་འབྱུང་པོ་ཡང་། །བརྩེ་བས་བཟུང་ནས་ཆོས་ཀྱིས་འདུལ་བར་ཤོག །མཐུ་སྟོབས་བདག་པོ་ཨོ་རྒྱན་རིན་པོ་ཆེ། །མཐུ་སྟོབས་ཐོགས་མེད་མངའ་བར་བདག་གྱུར་ནས། །མཐུ་ལྡན་བསྟན་སྲུང་དྲེགས་པ་ཅན་རྣམས་ཀྱི། །མཐུ་སྟོབས་འཕྲོག་ནས་བྲན་དུ་འཁོལ་ནུས་ཤོག །ཚེ་དཔག་མེད་མགོན་ཨོ་རྒྱན་རིན་པོ། །ཚེ་རིང་ནད་མེད་མཆོག་ཏུ་བདག་གྱུར་ནས། །ཚེ་ཟད་པ་རྣམས་ལོ་བརྒྱར་བསྲིངས་པ་ལ། །ཚེ་དབང་རིག་འཛིན་ལྟ་བུར་བདག་གྱུར་ཅིག །ཟས་ནོར་མཆོག་སྩོལ་ཨོ་རྒྱན་རིན་པོ་ཆེ། །ཟས་ནོར་འབྱོར་བས་ཕྱུག་པོར་བདག་གྱུར་ནས། །ཟས་དང་ནོར་གྱིས་ཕོངས་པའི་འགྲོ་བ་རྣམས། །ཟས་ནོར་སྦྱིན་པས་ཚིམ་པར་བྱེད་ནུས་ཤོག །ཀུན་འདུས་གཅིག་ཆོག་ཨོ་རྒྱན་རིན་པོ་ཆེ། །ཀུན་ཏུ་གཡེང་མི་དགོས་པར་བདག་གྱུར་ནས། །ཀུན་མཁྱེན་ཁྱེད་ཀྱི་མཛད་པ་ཁོ་ན་ཡིས། །ཀུན་ནས་ཉིན་མཚན་འདའ་བར་བདག་གྱུར་ཅིག །ཅེས་པ་འདི་ནི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་ཚེས་བཅུའི་ཉིན་སྟག་མོ་རྫོང་ནས་སྦྱར་བའོ། །

རྩོམ་སྒྲིག་པ། ཀ་དག

47.2K