༄༅། །བར་དོའི་གསོལ་འདེབས་ཐར་པའི་ལྕགས་ཀྱུ་བཞུགས་སོ། །

འབྲུག་རྒྱལ་བའི་དབང་པོ་ཀུན་དགའ་དཔལ་འབྱོར།

༄༅། །ན་མོ་མ་ཧཱ་མུ་དྲཱ་ཡ། ཆོས་ཀུན་སྒྱུ་མ་ལྟ་བུར་ཐུགས་ཆུད་པས། །མ་དག་སྒྱུ་མ་ལས་གྲོལ་དག་པ་ཡི། །སྐུ་བརྙེས་སྒྱུ་མའི་འགྲོ་བ་འདྲེན་མཛད་པའི། །འདྲེན་མཛད་སྒྱུ་མའི་སྐུ་ལ་སྐྱབས་སུ་མཆི། །སྒྱུ་མའི་ལུས་ཅན་མགོན་པོ་ཁྱེད་ཀྱིས་ནི། །སྒྱུ་མས་བསླུས་པའི་བདག་སོགས་སེམས་ཅན་རྣམས། །སྒྱུ་མའི་སྣང་བས་བསླུ་བར་མི་འགྱུར་ཞིང་། །སྒྱུ་མ་རང་ངོ་ཤེས་པར་བྱིན་གྱིས་རློབས། །མི་རྟག་སྒྱུ་མའི་ལུས་འདི་བོར་བའི་ཚེ། །ཆགས་སྡང་ཞེན་པའི་འཁྲི་བ་ཀུན་བཅད་ནས། །སེམས་ཉིད་མ་བཅོས་རང་སར་བཞག་པ་ཡིས། །འཆི་བ་ལམ་དུ་ལོངས་པར་བྱིན་གྱིས་རློབས། །འཆི་ཚེ་ཕྱི་ཡི་སྣང་བ་འགགས་པ་ནི། །མིག་སོགས་དབང་པོ་ལྔ་ནི་རིམ་པས་འགགས། །གཟུགས་སོགས་ཡུལ་ལྔ་གཅིག་ལ་གཅིག་ཐིམ་དུས། །ཐིམ་རིམ་རང་ངོ་ཤེས་པར་བྱིན་གྱིས་རློབས། །ས་ཆུ་མེ་རླུང་རྣམ་ཤེས་ལ་ཐིམ་པས། །ལུས་ཀྱི་ཟུངས་ཤོར་སྐོམ་ཞིང་ཁ་སྣ་སྐོམས། །དྲོད་ཡལ་ཐུང་ལ་རྩུབ་པའི་དབུགས་སྙོད་ཚེ། །གནད་གཅོད་ལམ་དུ་ལོངས་པར་བྱིན་གྱིས་རློབས། །རྣམ་ཤེས་འོད་གསལ་ལ་ཐིམ་ཕྱི་དབུགས་ཆད། །ནང་དབུགས་གནས་པའི་སྐད་ཅིག་བཞི་ལ་ནི། །སྣང་མཆེད་ཐོབ་པ་འོད་གསལ་ཆེན་པོ་བཞི། །རིམ་པར་རང་ངོ་ཤེས་པར་བྱིན་གྱིས་རློབས། །སྣང་བའི་ནང་རྟགས་དུ་བ་ཕྱི་རྟགས་ནི། །ཟླ་བ་ཤར་འདྲ་ཞེ་སྡང་ལས་གྱུར་པའི། །རྟོག་པ་སུམ་ཅུ་རྩ་གསུམ་འགགས་པའི་ཚེ། །གསལ་དང་དྲན་འདུན་ཐོངས་པར་བྱིན་གྱིས་རློབས། །མཆེད་པའི་ནང་རྟགས་མེ་ཁྱེར་ཕྱི་ཡི་རྟགས། །ཉི་མ་ཤར་འདྲ་འདོད་ཆགས་ལས་གྱུར་པའི། །རྟོག་པ་བཞི་བཅུ་འགགས་པར་གྱུར་པ་ན། །ཤེས་བཞིན་དྲན་པས་ཟིན་པར་བྱིན་གྱིས་རློབས། །ཐོབ་པའི་ནང་རྟགས་མར་མེ་འབར་འདྲ་ལ། །ཕྱི་རྟགས་ནག་ལམ་སྒྲ་གཅན་ལྟ་བུ་སྟེ། །གཏི་མུག་ལས་གྱུར་རྟོག་པ་བདུན་འགགས་ཚེ། །ཡང་དག་དྲན་པས་ཟིན་པར་བྱིན་གྱིས་རློབས། །བཞི་པ་འོད་གསལ་ཆེན་པོ་ཤར་བའི་ཚེ། །ནང་རྟགས་སྤྲིན་བྲལ་ནམ་མཁའ་ལྟ་བུ་ལ། །ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུའི་དུས། །འོད་གསལ་མ་བུ་འདྲེས་པར་བྱིན་གྱིས་རློབས། །དེ་ལ་མི་གནས་རྣམ་ཤེས་འཕོ་བ་ན། །ལྟེ་བ་སྨིན་མཚམས་མཚོག་མ་སྣ་རྣ་བ། །མིག་དང་བཤང་ལམ་ཆུ་ལམ་ཁ་དང་དགུ། །བཀག་ནས་སྒོ་གཅིག་དབྱེ་བར་བྱིན་གྱིས་རློབས། །འདོད་གཟུགས་གཟུགས་མེད་གནོད་སྦྱིན་མི་འམ་ཅི། །མི་དང་དུད་འགྲོ་དམྱལ་བ་ཡི་དྭགས་སུ། །སྐྱེ་བའི་སྐྱེ་སྒོ་བཀག་ནས་མཁའ་སྤྱོད་དུ། །དཔའ་བོ་མཁའ་འགྲོས་བསུ་བར་བྱིན་གྱིས་རློབས། །གལ་ཏེ་རྣམ་ཤེས་བར་དོར་འཁྱམས་པ་ན། །རང་ཉིད་ཤི་བར་མ་ཤེས་གཉེན་གྲོགས་དང་། །འགྲོགས་པར་སེམས་ཀྱང་ལན་མེད་ཡི་ཆད་ཚེ། །ཆགས་སྡང་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །དབང་པོ་ཀུན་ཚང་ལས་དབང་རྫུ་འཕྲུལ་ལྡན། །རི་རབ་རྡོ་རྗེ་གདན་དང་མ་ཡི་མངལ། །མ་གཏོགས་ཀུན་ལ་ཐོགས་མེད་བགྲོད་པའི་ཚེ། །ཐམས་ཅད་སྒྱུ་མར་ཤེས་པར་བྱིན་གྱིས་རློབས། །ཉི་ཟླ་མི་སྣང་ལུས་ལ་གྲིབ་མ་མེད། །བསམ་པ་ཙམ་གྱིས་སྟོང་གསུམ་བསྐོར་བར་ནུས། །དབང་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུའི་དུས། །རང་སེམས་རང་དབང་ཐོབ་པར་བྱིན་གྱིས་རློབས། །ཟས་སུ་དྲི་ཟ་ཡད་ཡུད་ཕྱ་མ་ཕྱོ། །འཁྲུལ་པའི་སྣང་བ་དུ་མར་ཤར་བའི་ཚེ། །འཇིགས་ཤིང་སྐྱོ་བས་སྙིང་རླུང་ལངས་པ་ན། །འཁྲུལ་སྣང་རང་ངོ་ཤེས་པར་བྱིན་གྱིས་རློབས། །རེས་འགའ་དྲན་པ་ཤིན་ཏུ་གསལ་གྱུར་ལ། །དེ་མ་ཐག་ཏུ་བརྗེད་པར་གྱུར་ནས་ནི། །ཤི་གསོན་ཐེ་ཚོམ་སྐྱེས་པར་གྱུར་པའི་ཚེ། །ངེས་པར་ཤི་བ་ཤེས་པར་བྱིན་གྱིས་རློབས། །ཕྱེད་དང་བཞི་ཡི་ཕྱི་མ་ཕན་ཆད་ནས། །རང་ཉིད་ཤི་བ་ཡིན་པར་ངོ་ཤེས་ཤིང་། །ཡི་མུག་ག་ཆད་སྐྱབས་གནས་འཚོལ་བའི་ཚེ། །རང་རིག་སྐྱབས་སུ་ཤེས་པར་བྱིན་གྱིས་རློབས། །བར་དོ་བར་དོ་ཡིན་པར་ཤེས་པའི་ཚེ། །རང་ལུས་ལྷར་བསྒོམ་དེ་ནས་འོད་གསལ་བསྒོམ། །སླར་ཡང་ཟུང་འཇུག་ཉིད་དུ་བསྒོམས་པ་ཡིས། །དག་པའི་སྒྱུ་ལུས་འཆར་བར་བྱིན་གྱིས་རློབས། །རི་ཉིལ་རྒྱ་མཚོ་འཆོལ་དང་ནགས་ཚལ་བསྲེགས། །དུས་མཐའི་རླུང་ཆེན་ལངས་པ་ལྟ་བུའི་སྒྲ། །འབྲུག་སྟོང་དུས་གཅིག་ལྡིར་བ་ལས་འཇིགས་ཚེ། །ཆོས་ཉིད་རང་སྒྲར་ཤེས་པར་བྱིན་གྱིས་རློབས། །ཁ་དོག་ལྔ་ལྡན་འོད་ཟེར་འཁྲུགས་ཤིང་འབར། །འོད་དང་ཐིག་ལེ་ཐིག་ཕྲན་ལྟ་བུ་ལས། །འཇིགས་པའི་ཁྲོ་ཚོགས་རྒྱོབ་སོད་སྒྲ་སྒྲོག་ཚེ། །རང་སྣང་ལྷ་རུ་ཤེས་པར་བྱིན་གྱིས་རློབས། །འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །དཀར་དང་དམར་དང་ནག་པོའི་གཅོང་གཡང་ལ། །རང་ཉིད་ལྷུང་སྙམ་རབ་ཏུ་འཇིགས་པའི་ཚེ། །རང་སྣང་དག་ཏུ་ཤེས་པར་བྱིན་གྱིས་རློབས། །གང་དུ་སྐྱེ་བའི་ལུས་ཀྱི་གཟུགས་གྲུབ་ཅིང་། །དཀར་དམར་སེར་དང་སྔོ་བ་ནག་པོའི་འོད། །ལྷ་མི་དུད་འགྲོ་ཡི་དྭགས་དམྱལ་བ་ཡི། །ལམ་ལྔ་རིམ་བཞིན་ཤེས་པར་བྱིན་གྱིས་རློབས། །གཞལ་མེད་ཁང་དུ་ལྷ་བུ་འདོད་སྤྱོད་དང་། །ངང་པ་ཁྱུ་མཆོག་རྟ་ཡིས་བརྒྱན་པའི་མཚོ། །ཁང་བཟང་ཕ་མའི་འདུ་འཕྲོད་མཐོང་གྱུར་ན། །ཆགས་སྡང་མིག་སེར་དག་པར་བྱིན་གྱིས་རློབས། །རླུང་དམར་ཆར་སྤྲིན་ཚ་གྲང་གིས་བདས་པས། །ཕུག་པ་གྲོག་པོ་སྡོང་དུམ་ལ་སོགས་རྩར། །སྐྱབས་ཕྱིར་འཇུག་པའི་སྣང་བ་བྱུང་གྱུར་ན། །སྐྱེ་གནས་ངན་པར་ཤེས་པར་བྱིན་གྱིས་རློབས། །སྲོག་གཅོད་མེ་དང་ལྕགས་ཀྱི་ཁང་བཟང་མཐོང། །དགའ་བའི་ཡིད་ཀྱིས་གནས་དེར་འཇུག་སེམས་ན། །རང་ངོ་ཤེས་ཤིང་འཇིགས་པ་མེད་པ་ཡིས། །གནས་ངན་དེ་ལས་ལྡོག་པར་བྱིན་གྱིས་རློབས། །མངལ་དང་སྒོང་སྐྱེས་མིག་སེར་ཕྲག་དོག་དང། །དྲོད་གཤེར་ལས་སྐྱེས་དྲི་དང་རོ་ལ་ཆགས། །བརྫུས་སྐྱེས་གནས་ལ་ཆགས་པ་སྐྱེས་པའི་ཚེ། །ཆགས་སྡང་སྲེད་པ་མེད་པར་བྱིན་གྱིས་རློབས། །ཕ་མ་ལ་སོགས་སྐྱེ་གནས་མཐོང་བའི་ཚེ། །ཆགས་སྡང་མེད་ཅིང་སྒྱུ་མར་ཤེས་པ་དང། །གནས་ལུགས་རང་ངོ་ཤེས་པའི་དྲན་པ་ཡིས། །ཞེན་མེད་མངལ་སྒོ་ཁེགས་པར་བྱིན་གྱིས་རློབས། །གལ་ཏེ་མ་ཁེགས་སྐྱེ་བ་ལེན་པ་ན། །བདེ་བ་ཅན་དང་དགའ་ལྡན་མངོན་དགའ་འམ། །འཁོར་ལོས་སྒྱུར་རྒྱལ་བྲམ་ཟེའི་རིགས་དག་ཏུ། །བསམ་བཞིན་སྐྱེ་བ་ལེན་པར་བྱིན་གྱིས་རློབས། །སྐྱེས་མ་ཐག་ཏུ་སྔོན་གྱི་གནས་དྲན་ཅིང་། །ཐེག་ཆེན་ཆོས་ལ་སྤྱོད་པའི་སྐལ་པར་ལྡན། །བརྩེ་བས་གཞན་དོན་འབའ་ཞིག་སེམས་བསྐྱེད་ཅིང་། །བརྩོན་པས་བྱང་ཆུབ་མྱུར་དུ་འགྲུབ་པར་ཤོག །རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང། །བདག་ཀྱང་བསམ་པ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་ཤོག ། །།

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K