༄༅། །སྙིང་ཐིག་བཅའ་ཐོ་བཞུགས་སོ། །

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

གསུང་མཆོག་རྡོ་རྗེ་སིནྡྷུའི་ཆུ་གཏེར་ཀློང༌། །རྒ་ཤི་མེད་པའི་ལང་ཚོར་ཡོངས་སྨིན་པ། །ཨོ་ཌི་ཡཱ་ནའི་རིག་འཛིན་སློབ་དཔོན་ཆེའི། །ཞབས་པད་བདག་གི་མགོ་བོར་མཛེས་གྱུར་ཅིག །དྲི་མེད་མཁྱེན་པའི་འོད་ཟེར་ཆ་རྫོགས་པ། །རང་བྱུང་རྡོ་རྗེ་གསུམ་གྱི་ཉིན་མོར་བྱེད། །ཀུན་ཏུ་བཟང་པོའི་གཞན་ཕན་སྣང་བ་ཅན། །མཉམ་མེད་བླ་མ་སྙིང་དབུས་ཐིག་ལེར་བཞུགས། །རྩོད་ལྡན་མཁའ་ལ་འོད་གསལ་སྙིང་ཐིག་གི། །རང་ལུགས་ཉིན་བྱེད་འདྲེན་པའི་ཤིང་རྟར་བདག །རིག་འཛིན་ཌཱཀྐིས་བྱིན་རླབས་དབང་བསྐུར་ཞིང༌། །དམ་ཅན་རྒྱ་མཚོས་གཡེལ་མེད་ཕྲིན་ལས་སྒྲུབས། །ཞེས་དགེ་ལེགས་ཀྱི་ཚིགས་སུ་བཅད་པས་བྱང་དྲངས་ཏེ། གླེང་བར་བྱ་བ་ནི། སྤྱིར་བོད་ཀྱི་ཡུལ་འདིར། ས་དགེ་རྙིང་གསུམ། ཀར་འབྲུག་བོན་གསུམ། ཇོ་ཞལ་བོ་དོང་སོགས་ཀྱི་ལུགས་སྲོལ་མང་པོ་ཡོད་ཀྱང༌། གངས་ཅན་གྱི་ལྗོངས་སུ་བསྟན་པ་རིན་པོ་ཆེའི་སྲོལ་སྤྱི་དང༌། ཁྱད་པར་གསང་སྔགས་ཀྱི་ལུགས་སྲོལ་དང་པོར་ཕྱེ་བ་ནི་སྔ་འགྱུར་རྙིང་མ་ཡིན་ཅིང༌། དེའི་བརྒྱུད་འཛིན་ལ་གྲུབ་ཆེན་རྗེ་འབངས་ཉེར་ལྔ་དང༌། ཟུར་པ་མེས་དབོན་རྣམ་གསུམ་ནས་བཟུང༌། ཆོས་རྒྱལ་གཏེར་བདག་གླིང་པའི་བར་དུ་རིག་འཛིན་རྩལ་འཆང་གི་ཕྲེང་བ་གསེར་གྱི་ཉག་ཐག་ལྟ་བུ་བྱུང་ཡང་ཕྱི་མའི་དུས་སུ་སྟོན་ཆེན་དང་སྡེ་དགོན་ཕལ་ཆེར་མངའ་ཐང་དང་འཁོར་སློབ་ཀྱི་གཟི་བྱིན་འགྲན་ཅིང༌། དབྱངས་རོལ་དང་མདོས་གཏོ་ཙམ་ལ་སྙིང་པོ་རེ་ནས། རྙིང་བསྟན་རི་མོའི་མར་མེ་ལྟར་གྱུར་པ་ན། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་མཐུ་གྲུབ་ཅིང་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་འཆང་བ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་གྲུབ་མཐའ་གཞི་བཞེངས་སུ་བསླངས་ཏེ། སྟོད་མོན་བལ་ནས་སྨད་རྒྱ་སོག་གི་ཡུལ་གྲུ་ཚུན་ཆད་སློབ་བརྒྱུད་ཀྱིས་བཀང༌། མོན་འཇིགས་མེད་ཀུན་གྲོལ། ཀོང་སྨྱོན་སྦས་པའི་རྣལ་འབྱོར། འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་དངོས་སློབ་དང༌། ཁམས་རྫོགས་ཆེན་རིན་པོ་ཆེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས། མཁྱེན་སྤྲུལ་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་རྡོ་རྗེ། ཤར་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། དཔལ་དགེ་རྡོ་རྗེ་འཆང་འཇིགས་མེད་ཆོས་ཀྱི་དབང་པོ། རྗེ་ཐམས་ཅད་མཁྱེན་པ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་སོགས་ཡང་སློབ་གྲགས་པ་དོན་ལྡན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་དྲིན་ལས་ད་ལྟའི་བར་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་སྲོལ་མ་ནུབ་པར་གནས་པ་ཡིན་ནོ། །དེ་ལྟ་བུའི་བརྒྱུད་པ་ཐམས་ཅད་ཀྱི་ནང་ཀུན་མཁྱེན་བླ་མ་གཉིས་པ་ལྟ་བུའི་བསྟན་པའི་ཆུ་མགོ་ནི་ཨོ་རྒྱན་རིན་པོ་ཆེས་གཏེར་ལུང་དུ་མར་རྗེས་སུ་བསྔགས་ཤིང༌། ཤར་ཕྱོགས་ཀྱི་རྒྱུད་དུ་པདྨའི་རིང་ལུགས་སྤེལ་བར་ཐུགས་བསྐྱེད་སྨོན་པའི་འབྲས་བུའི་རྩལ་རྫོགས་པ་གྲུབ་པ་མཆོག་གི་དབང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ཡིན་ལ། རྗེ་བཙུན་འདིའི་གདན་ས་ནི། རོང་སྟོན་པདྨ་བདེ་ཆེན་གླིང་པའི་གཏེར་ལུང་བཞིན། ཤུགས་ཆེན་འགྲོ་དོན་ལྷུན་གྲུབ། བྲག་ཆེན་ཡར་ལུང་པདྨ་བཀོད། གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་དང་གསུམ་དུ་བྱུང་བ་ལས། ད་ལྟ་ནི་ཕྱི་མ་གཉིས་ཙམ་གནས་པ་སྟེ། དེའང་རྗེ་རང་གི་གསུང་ན། ངའི་སྒྲུབ་སྡེ་འདི་མཁོས་ཀ་ལ་བལྟས་ན། ཕྱུག་པོའི་ལྷས་མལ་ཙམ་ལས་མེད་དེ། རྙིང་བསྟན་གྱི་རྩ་བ་གནས་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་སྤྲིན་བཞིན་འདུ་བར་འདུག །ཅེས་གསུངས་པ་ལྟར། སྟོང་ལྡིར་གྱི་འུར་མི་ཆེ་ཡང༌། ད་ལྟའི་བར་དུ་སྙིང་པོའི་བསྟན་འཛིན་བར་མ་ཆད་པར་བྱོན་པ་ཞིག་ཡིན་པས། དེ་དག་གི་རྗེས་སུ་སྐྱེས་པའི་རང་རེ་རྣམས་ཀྱིས་ཀྱང་བརྒྱུད་པའི་བླ་མི་འཚོང་ཙམ་རེ་ཅིས་ཀྱང་དགོས་པར་འདུག་རུང༌། མི་བསམ་རང་བསམ་མཐུན་མི་མཐུན་སྣ་ཚོགས་ཤིག་ཡོང་བར་སྣང་བ། དེ་བཞིན་བྱེད་ཚེ་དམ་པ་གོང་མའི་ཕྱག་རྗེས་ཆུད་ཟོས་སུ་འགྲོ་བས། གལ་ཆེ་ངེས་ཀྱི་བཅའ་ཐོ་རགས་པ་ཙམ་དགོད་པར་བྱ་སྟེ། དེ་ལ་སངས་རྒྱས་ཀྱི་བསྟན་པ་སྤོང་ཀློག་གཉིས་ཀྱིས་འཛིན་དགོས་པ་ལ། མིང་བསྟན་པ་ལ་ཞུགས་པར་བཏགས་ནས་ཡིག་ངོ་ཤེས་པ་ཙམ་ནས་དབྱར་སྟོན་གྱི་ནམ་ཟླ་ཐམས་ཅད་གྲོང་ཆོག་ལ་ཟད། དགུན་དཔྱིད་ཀྱི་ཟླ་བ་བྱུང་ཚེ་སྒྱེ་ཁ་དང་རྐྱལ་ཁའི་གཉེར་བ་ལ་བཏང་ན། ཁང་གོག་སྟོང་པ་ཤ་སྟག་གིས་ཤཱཀྱ་སེང་གེའི་བསྟན་པ་མི་ཟིན་ཅིང༌། བནྡེའི་ཕ་ཁང་གཙུག་ལག་གི་ཁང་པ་ཡིན་པས་རང་གི་ཕ་ཐོབ་ཀྱི་རལ་གྲི་ཐང་ལ་མ་འཆོར་བར་མ་མཐའ་བྱས་ཀྱང་དགུན་ཟླ་གསུམ་ལ་དགོན་ཁང་ནང་དུ་སྟན་ཆགས་པ་དང༌།༡ དེར་ཡང་ཤེས་རབ་དང་བརྩོན་འགྲུས་མི་དམན་པ་རྣམས་ཀྱིས་སྤྱོད་འཇུག་དང༌། སྡོམ་གསུམ་རྣམ་ངེས། ཡོན་ཏན་རིན་པོ་ཆེའི་མཛོད་སོགས་ལ་བསླབ་སྦྱངས་ལ་འབུངས། དེ་ལྟར་མི་ནུས་པ་རྣམས་ནས་ཀྱང་ཐེག་པ་ཆེན་པོའི་ལམ་གྱི་འགག་སྡོམ་ཐམས་ཅད་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་བཞག་ཏུ་ཚང་བས་དེ་ཙམ་ངེས་པར་བསླབ།༢ གཞུང་ལུགས་ཀྱི་སྦྱངས་པ་མཐར་ཕྱིན་ནས་རང་ཉིད་བསྟན་པ་རིས་མེད་དུ་སོང་ན་མ་གཏོགས། གསར་བུའི་དུས་སུ་གཞུང་ལུགས་སྲ་སྲེ་མང་པོ་ལ་མི་འཇུག་ཅིང༌། འཆད་སྤེལ་ནུས་མཁན་ཚོས་ཀྱང་ཉན་པ་པོའི་བློ་ནུས་དང་བསྟུན་ནས་སྡེ་སྣོད་སྤྱིའི་བཤད་པས་ཁོག་ཕུབ་སྟེ། གནད་རང་ལུགས་ཀྱི་འགག་ལ་སྒྲིལ་ཞིང་འཆད་པ་ལྟ་བུ་རང་གཞུང་ཤེས་པའི་ཡན་ལག་ཏུ་བྱེད་ན་མ་བཀག །དེ་ལས་གཞན་དུ་ཀུན་མཁྱེན་ཡབ་སྲས་ཀྱི་བཤད་སྲོལ་བག་ལ་ཞ་བའི་རྒྱུར་གཏོགས་རྒྱུའི་བཤད་པ་གསར་པ་ཁྱབ་གདལ་དུ་མང་ན་རང་ཉིད་ཅོལ་ཆུང་བའི་ནང་ཆ་བསྟན་པར་མ་ཟད་རྡོ་རྗེ་སྙིང་པོའི་བསྟན་པའི་ཞབས་འདྲེན་དུ་འགྱུར་བས་དེ་ལྟར་མ་སོང་བར་བྱ།༣ དེ་བཞིན་དུ་ཚོགས་འདོན་ལའང་གྲུབ་དབང་བླ་མའི་སྐུ་དུས་ནས་རྒྱུན་ཚུགས་པའི་ཆོས་སྤྱོད་རིགས་ལ་རུང་མཐུན་བརྩིས་པ་ཞིག་མ་གཏོགས་སོ་སོའི་སྣང་བར་གང་དྲན་གྱི་གསར་ལུགས་མང་པོ་མི་བྱེད།༤ དལ་འབྱོར་རྙེད་དཀའ་ནས་བཟུང་སེམས་བསྐྱེད་བར་གྱི་ཁྲིད་རིམ་ལ་གོ་བ་ཅུང་ཟད་ཆགས་པ་དང༌། སྔོན་འགྲོའི་ཉམས་ལེན་འབུམ་ལྔའི་བསགས་སྦྱང་དང་བཅས་པ་གནད་སྨིན་གཏོང༌། དེ་ནས་རབ་རྩ་བ་གསུམ་གྱི་བསྙེན་སྒྲུབ་དང་དེ་ལྟར་མ་གྲུབ་ནའང་རིགས་འདུས་དང་འགྲོ་འདུལ་སྡུག་བསྔལ་རང་གྲོལ་གང་རུང་ལ་བསྙེན་པ་བྱེད་རྒྱུ་སོགས་སྒྲུབ་སྡེ་མིང་དོན་མི་འཛོལ་བའི་ཐབས་ཚུལ་ལ་འབད།༥ དེ་རྣམས་གཙོ་བོར་དགུན་བཅའ་བྱེད་ཚུལ་ཡིན། དུས་རྒྱུན་དུ་ཡང་བླ་རྣམ་དང༌། རྩ་གསུམ་གསོལ་ཀ་ཆགས་མེད་དང༌། བྱང་སེམས་ཀྱི་རྩ་ལྟུང་དང་སྔགས་ཀྱི་རྩ་ལྟུང་སྡོམ་ཚིག་བློ་ལ་བཟུང་ནས་ཉིན་རེ་བཞིན་བསྔོ་བགྲང་དང་བཅས་ཁ་ཏོན་དུ་བཟུང་བ་གལ་ཆེ་སྟེ། མངའ་རིས་པཎ་ཆེན་དང་ཀུན་མཁྱེན་བླ་མ་སོགས་ཀྱི་ཕྱག་བཞེས་ཀྱང་ཡིན།༦ བནྡེས་སྐྱ་ཆས་གྱོན་པ་ལར་ཡང་བསྟན་པའི་མིག་ལྟོས་ལ་ཤིན་ཏུ་གནོད་ཅིང༌། ཁྱད་པར་དུ་ཚོགས་གྲལ་དང་དགོན་པའི་ནང་དུ་ཁྱིམ་པའི་ཆས་འཇུག་པ་མང་པོ་མཐོང་ན་གདོལ་སྤྱོད་ཀྱི་སྐྱེ་བོས་ཀྱང་ཁྲེལ་བ་དང༌། བསྟན་པ་ལ་མི་གུས་པའི་ཆག་སྒོ་ཆེན་པོའི་གཞིར་འགྱུར་བས། རྒྱུན་པར་སླག་སྐྱ་དང་སྐེ་རགས་སྔོན་དམར་འཆང་བ། གོས་བརྫི་བཅིང་བྱེད་པ། དགྲ་དོགས་མེད་པའི་སར་ཡང་གྲི་ཐུང་དང་ཤང་ལང་འདོགས་པ་སོགས་གཏན་ནས་མི་བྱེད།༧ ཚོགས་གྲལ་དུ་སྐྱེས་པ་བུད་མེད་ཉལ་པོ་བྱེད་པའི་གཏམ་སོགས་ཁྱིམ་པ་སུན་འབྱིན་གྱི་ཀུན་སྤྱོད་ངན་པའི་རིགས་ལ་མི་འཇུག་ཅིང༌། གལ་སྲིད་འཇུག་མཁན་བྱུང་ན་རྒན་པ་རྣམས་ནས་བསྟན་པའི་ལ་རྒྱར་བསམས་ཏེ་གླེང་དྲན་ཐོངས།༨ དགེ་འདུན་པས་དམར་ཆོག་དང༌། བཙུན་པས་ཁེ་སྤོགས་ཆེན་པོ་དང་ཁྱད་པར་བཤས་ཚོང་བྱེད་པ། དགོན་ཁང་དུ་སེར་ཁྱིམ་འཛིན་པ་སོགས་སངས་རྒྱས་ཀྱི་བླ་འཚོང་ཞིང་རྒྱལ་བའི་བསྟན་པ་ལ་ཐན་སྐྱེལ་བ། འཕགས་པའི་དགེ་འདུན་གྱི་རྐང་འདྲེན་ཅིང༌། ལྷ་དཀར་ཕྱོགས་སྐྱོང་བས་མཐོང་ན་དམོད་འདེབས་པའི་སྤྱོད་ངན་རྣམས་རེག་ཕུང་གི་དུག་བཞིན་རིང་པོ་བས་ཀྱང་ཆེས་རིང་པོར་སྤོངས།༩ མེ་དང་ཐབ་ཁ་བུད་ཤིང་གི་ཚོགས་པ་རྣམས་ཡ་མ་བྲལ་ན་གཡོས་བསྐོལ་ཡོང་སྟེ། སོ་སོར་བྱས་ན་མི་ཡོང་བ་ལྟར་དགོན་པའི་སྤྱི་ཆུས་བརྟན་མི་བརྟན་ཐམས་ཅད་དགེ་འདུན་གྱི་ཐུགས་བློ་མཐུན་མི་མཐུན་འདི་ལ་རྩ་བ་ཐུག་འདུག་པས་ཆོས་མཐུན་གྱི་བྱ་བ་ཆེ་ཆུང་གང་ལ་ཡང་བཟང་པོ་ཟུར་ཐོན་དང༌། ངན་པ་མགོ་རྒྱལ་དུ་མི་འགྲོ་བར་བློ་སེམས་གཅིག་དྲིལ་དགོས་པ་བཅས།༡༠ དགེ་བཅུའི་གྲངས་ལྡན་གྱི་རྩ་ཚིག་ཉེ་འཁོན་མེད་པར་སྨན་པ་དྲང་སྲོང་རི་ཥིའི་དཀྱིལ་འཁོར་ལྟ་བུ་འདི་ཉིད་གསུང་རྡོ་རྗེ་པདྨ་སཾ་བྷ་བ་དངོས་དང་དབྱེར་མི་ཕྱེད་པའི་རིག་འཛིན་གྱི་སློབ་དཔོན་ཆེན་པོ་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞབས་ཀྱི་བཀའ་དྲིན་གྱིས་འཚོ་བའི་མང་ཐོས་ད་རི་ཏྲ་འཇིགས་མེད་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཏུ་ཁྱབ་པའི་དཔལ་གྱིས་ལྷག་བསམ་བཟང་པོས་བྲིས་པ་མཚོ་སྐྱེས་རྒྱལ་བ་གཉིས་པའི་ཕྲིན་ལས་ཀྱི་གྲོགས་སུ་འགྱུར་བར་རྩ་གསུམ་རྒྱ་མཚོའི་དགེ་བས་བྱིན་གྱིས་རློབས་ཤིག་གུ། ། ། །

རྩོམ་སྒྲིག་པ། ཡེ་སྒྲོལ།

47.2K