༄༅། །ཆོས་སྤྱོད་བཅུའི་གཏམ་དགེ་བའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

རིག་འཛིན་འཇིགས་མེད་གླིང་པ།

༄༅། །ཆོས་སྤྱོད་བཅུའི་གཏམ་དགེ་བའི་ལྗོན་ཤིང་ཞེས་བྱ་བ། འཕགས་པ་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །སྐྱེས་བུའི་ལུས་རྟེན་ཐོབ་པ་རྣམས་སྙོམས་ལས་ཀྱི་གཉིད་ལས་སློང་བའི་ཆོས་སྤྱོད་བཅུ་ལ་འབད་པར་བྱ་སྟེ། ཇི་སྐད་དུ། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པས་མི་ལུས་ལན་ཅིག་ཐོབ་པ་འདི་སྟོང་ཟད་དུ་མི་གཏོང་བར་ཆོས་སྤྱོད་བཅུའི་བྱ་བ་ལ་འབད་དགོས།

དེ་ལ་དང་པོར་ཡི་གེ་འབྲི་བ་ནི་འདུལ་བ་ལུང་ལས་ཀྱང་། དང་པོར་ཡི་གེ་བསླབས་ཏེ། དེ་ནས་བརྟག་པ་བརྒྱད་ལ་མཁས་པར་བྱའོ། །ཞེས་གསུངས་པས་སྐྱེས་བུའི་ལུས་རྟེན་ཐོབ་པ་ཙམ་ནས་བསླབ་བྱའི་ཐོག་མ་ནི་ཡི་གེ་ཉིད་ཡིན་ཏེ། གཞོན་ནུ་དོན་གྲུབ་ཀྱིས་ཀྱང་ཡིག་མཁན་ཀུན་གྱི་བཤེས་གཉེན་དང་། སྲིན་བུ་གོ་ཆ་ལས་ཡི་གེ་བསླབས་པར་མཛད་དོ། །ཡི་གེ་ཤེས་པ་ལས་ལུགས་གཉིས་ཀྱི་བྱ་བ་ཆེ་ཕྲ་ཐམས་ཅད་ལ་འཇུག་པའི་སྒོ་དོད། བརྗེད་ངས་དང་དྲན་པ་ཉམས་པ་ཐམས་ཅད་ལ་མི་བརྗེད་པའི་གཟུངས་བྱེད། བྲན་གཡོག་དང་ཕོ་ཉ་ལ་སྙིང་གཏམ་འཆད་མི་དགོས། དྲང་སྲོང་ཆེན་པོ་རྒྱས་པ་དང་། གྲོག་མཁར་བ་སོགས་འཇིག་རྟེན་གྱི་མེས་པོ་རྣམས་ཀྱི་བློ་གྲོས་ཤེས་པས་ལུགས་ཀྱི་བསྟན་བཅོས་ལ་འཇུག་པའི་སྤོབས་པ་ཐོབ། སྒྲུང་དང་ལྡེའུ། གནའ་རྒྱུས། དེ་བ་ཐེར་ལ་སོགས་པ་རང་སྟོབས་ཀྱིས་ཤེས་པས་མི་ལུས་སྐྱེས་བུའི་རྣམ་ཤེས་ཅན་དུ་འགྲོ། ཡི་གེ་ཤེས་མི་ཤེས་གཉིས་མི་དང་དུད་འགྲོའི་ཁྱད་ཡོད། ལྷག་པར་ཆོས་ལམ་ལ་འཇུག་པའི་རྟེན་འབྲེལ་གྱི་སྒོ་དང་པོའང་ཡི་གེ་ཡིན། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་མཚང་རིག །རང་གི་བྱ་བྱེད་ནོར་བ་དང་། བླང་དོར་འཛོལ་བའི་གནས་ཤེས། རྒྱལ་བའི་གསུང་རབ་དང་དམ་པའི་རྣམ་ཐར་ལ་བརྟེན་ནས་སྐྱོ་ཤས་དང་ངེས་འབྱུང་སྐྱེ། འཁོར་བ་ལ་སྙིང་པོ་མེད་པའི་མཚང་རིག །གནས་སྐབས་སུ་འབྲི་ཀློག་ཤེས་པའི་མི་ཐམས་ཅད་ལྟོ་གོས་ཕྱིད་སླ་བ་ཙམ་ལའང་ལྟོས། དེ་ལ་དང་པོར་ཀློག་བྱང་བར་གཅེས་ཤིང་ཀློག་མ་བྱང་བར་འབྲི་བ་ནི་ཡི་གེའི་ཉིང་མཚམས་སྦྱོར་བ་ཙམ་ལའང་རྨོངས་པས་ཡི་གེའི་ནང་དུ་དུད་འགྲོའི་སྒྲ་སྐད་འདྲེན་པའང་མཐོང་ལ། ཀློག་བྱང་ནས་ཀྱང་སུམ་ཅུ་པ་དང་རྟགས་འཇུག །བརྡ་གསར་རྙིང་གི་རྣམ་གཞག་ལ་བསླབས་ནས་བརྡ་དག་ལ་འདྲིས་པར་མ་བྱས་ན། བཀའ་དང་བསྟན་བཅོས་ལ་སོགས་པའི་ཚིག་དོན་ཕྱོགས་འཛོལ་བ་དཔེར་ན་ཀ་གཅིག་པོ་ལའང་། རྒྱལ་བའི་བཀའ་དང་། ཀ་བ་དང་། ཞིང་གི་རྐ་དང་། དལ་དུབ་ཀྱི་དཀའ་དང་། སྐ་རགས་དང་། རྐ་བློ་དང་། སྒྲའི་སྐད། རོ་བསྐ་བ་ལ་སོགས་འཕུལ་བྱེད་དང་། མགོ་འདོགས་ཀྱི་ཁྱད་པར་ལས་ཚིག་དོན་ཤིན་ཏུ་འཆོལ་བའི་ཕྱིར་རོ། །དེ་ནས་ཡི་གེ་འབྲི་བ་ལ་བསླབ་པར་བྱ་སྟེ་འདི་ལྟར་ཡི་གེ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་དེའི་གཟུགས་བརྙན་བསླབས་པ་ལ་ཕན་ཡོན་ཚད་མེད་དེ། མདོ་དགོངས་འདུས་ལས། ལངྐའི་བདག་པོ་གཟུགས་བརྙན་གྱི་སྤྲུལ་པ་ནི་ཐ་དད་དེ། གསུང་གི་གཟུགས་བརྙན་ནི་ཡི་གེར་སྣང་བ་ཡིན་ལ། ཡི་གེའི་སྤྲུལ་པ་ནི་འདི་ལྟ་སྟེ། མིང་དང་། བྱུང་ཚུལ་དང་། གཟུགས་དང་། རང་བཞིན་དང་། སྒྲ་དང་། ལས་དང་། སྒོ་དང་། རྣམ་གྲངས་དང་། ཡི་གེའི་གཞི་རྣམས་ཀྱི་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་དག་མཐོང་ཞིང་ཤེས་པར་འགྱུར་རོ། །དེས་ཆོས་ཐམས་ཅད་ལ་མཁས་ཤིང་གྲོལ་བར་འགྱུར་རོ་ཞེས་གསུངས་ལ། དེའི་གཟུགས་བརྙན་དང་རྣམ་པའི་ཆ་ལ་མཚན་ཉིད་གདོན་པ་བཅུ། གཅེས་སོ་བརྒྱད། མགོ་དང་། དཔུང་པ་དང་། ཟགས་མཆུ་དང་། ཡར་འཐེན་དང་། མར་འཐེན་དང་། མིག་བུ་སྟེ། རེ་རེ་ལའང་གསུམ་ཚན་གསུམ་གྱི་བྱེ་བྲག་ཅན་གྱི་ཆོས་ཉི་ཤུ་རྩ་གཅིག་དང་། རྣ་རུ་ལ་གསུམ། གི་གུ་ལ་གསུམ། ར་བཏགས་ལ་གཉིས། ཡ་བཏགས་ལ་གསུམ་སྟེ་བུ་ཆོས་བཅུ་དྲུག །སྤྱིའི་ཆོས་གསུམ་པོ་དང་བཅས་པ་རགས་པར་ཆོས་བཞི་བཅུའི་མཚན་ཉིད་ལ་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་རྒྱུན་ལས་ཁྱུང་པོ་གཡུ་ཁྲིས་ཐིག་གི་ཆ་ཕྲ་མོས་ཞིབ་མོར་ཕྱེ་བ་ལ་མཁས་པར་རོང་པོས་ལྷན་ཐབས་དག་སྦྱོར་མཛད་པའི་གནས་རྣམས་ལ་བྱང་བར་བྱ་ཞིང་དེ་ཙམ་བློར་མ་ཆུད་ཀྱང་གཟུགས་བརྙན་རང་གི་ངོ་བོའི་སྒོ་ནས་མགོ་རི་དྭགས་ལྟར་མ་དཔྱངས་པ། དཔུང་པ་གྲུ་ཟུར་འཚམ་པ། ཟགས་མཆུ་མ་ལྷུང་བ། ཡར་འཐེན་གཞུང་འདྲོངས་པ། མར་འཐེན་ཕྲ་རྒྱས་ཕྱེད་པ། མིག་བུ་ཟུར་མ་དོད་པ། འདོགས་མགོ་ལུས་མཚུངས་པ་རྣམས་ལ་རིག་པ་གཞུར་བས་ཡི་གེ་ནི་བཟོ་གནས་སྤྲུལ་པའི་སྐུ་ཡིན་ཕྱིར་དེའི་བྱིན་རླབས་ཞུགས་ནས་མཁས་པའི་ཕུལ་དུ་ཕྱིན་པའི་གཏམ་རྒྱུད་ཀྱང་ཡོད་དེ་སྔོན་རིག་འབྱུང་གི་ཡུལ་གྲུར་གསུང་རབ་བཞེངས་པའི་སློབ་དཔོན་ཞིག་ཡི་གེའི་འདུ་བྱེད་སྦྱོང་ཞིང་ཐོག་སྟེང་ན་ཉལ་བའི་ཚེ། ཟླ་བ་ཉ་གང་བའི་དབུས་ནས་དབྱངས་གསལ་གྱི་ཡིག་འབྲུ་རྣམས་ཏ་ལ་ལ་ཐོན་ནས་རང་ལ་ཐིམ་པར་མཐོང་བས་ཡི་གེའི་ཆོས་ལ་ཤིན་ཏུ་མཁས་པར་གྱུར་པ་བཞིན་ནོ། །འདི་ལྟར་གཟབ་ཆེན་ལ་མཁས་པར་གྱུར་ན་སྨྱི་གུའི་བདེ་བླག་ཀྱང་བྱང་བར་འགྱུར་བས། ལཉྪ་ན་དང་། ཝརྟུ་ལ་དང་། ཟངས་གླིང་དང་། མརྐོ་ལ་དང་། ཀསྨི་ར་ལ་སོགས་པའི་ཡིག་གཟུགས་རྣམ་པ་ཐ་དད་པ་ལའང་བློ་གྲོས་གསལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་གྱུར་ནས་ཆོས་བཞིན་སྤྱོད་པའི་ཡན་ལག་ནངས་མ་རེ་བཞིན་མ་མཐའང་བཀའ་བསྟན་བཅོས་ཀྱི་གཞུང་ཤོག་ལྡེབ་དང་ཤླཽ་ཀ་གྲངས་ཡན་ཆད་འབྲི་བར་དམ་བཅའ་བྱས་པས་དེའི་ལུས་རྟེན་ལ་ཉིང་ལག་ཡོད་པ་དོན་ལྡན་དུ་འགྱུར་ཏེ་འདི་ལྟར་གླེགས་བམ་ཆུང་ངུ་ཞིག་བྲིས་ཀྱང་གནས་སྐབས་སུ་རང་ཉིད་ལ་ཕན་ཞིང་། བརྒྱུད་ནས་དེ་དཀར་ཕྱོགས་པ་རྣམས་ཀྱིས་བསྲུང་བས་ལས་འཕྲོ་ཅན་གྱི་ལག་ཏུ་དོང་ནས་དོན་ཆེན་པོར་འགྱུར་བའང་མཐོང་ཆོས་སུ་གྱུར་པའི་ཕྱིར་རོ། །སྤྱིར་དགེ་བའི་བྱ་བ་ཐམས་ཅད་ལ་སྦྱོར་བ་སེམས་བསྐྱེད། དངོས་གཞི་ལ་བདེན་ཞེན་མེད་པ། རྗེས་བསྔོ་བ་སྨོན་ལམ་གྱིས་ཟིན་ན་ཐར་པ་ཆ་མཐུན་ཞེས་བྱ་བའི་ངེས་ལེགས་ཀྱི་རྒྱུར་འགྱུར་ལ། དེས་མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ་མངོན་མཐོའི་འབྲས་བུ་ལན་ཅིག་ཙམ་ཡིན་པས་དམ་པ་གསུམ་གྱིས་ཟིན་པ་ནི་འོག་མ་རྣམས་ལའང་འགྲེའོ། །

གཉིས་པ་མཆོད་པ་ནི། ཕལ་པོ་ཆེ་ལས། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་འགྱུར། །ཅེས་པས། ཐུགས་ཟབ་ཞི་སྤྲོས་བྲལ་ཞི་བ་ཆེན་པོའི་དབྱིངས་སུ་མྱ་ངན་ལས་འདས་ཏེ་སྤྲོས་པ་དབྱིངས་སུ་ནུབ་པ་སངས་རྒྱས་ཆོས་ཀྱི་སྐུ་དང་། དེའི་ས་བཅུ་དང་། ལམ་ལྔ་འཕགས་པའི་སྤང་རྟོགས་ཁྱད་པར་ཅན་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི་གཟུགས་བརྙན་དུ་འཕོས་པ་རྣམ་པ་ཐམས་ཅད་རྫོགས་པའི་མཆོད་སྡོང་དང་མཚན་དཔེའི་སྣང་བརྙན། འགོག་ལམ་གྱི་བདེན་པའི་སྣོད་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་གླེགས་བམ། འཇིག་རྟེན་གྱི་ཁམས་མཐའ་ཀླས་མུ་མེད་པ་ན་ད་ལྟར་འཚོ་ཞིང་གཞེས་པའི་སངས་རྒྱས་རྣམས་དང་། དེའི་སྲས་རིག་གྲོལ་གྱི་སྤོབས་པ་ཉིས་ལྡན་འཕགས་པའི་དགེ་འདུན་རྣམས་ནི་མཆོད་པའི་ཡུལ་རྨད་དུ་བྱུང་བ་ཉིད་དོ། །ཇི་ལྟར་མཆོད་ན། ཞི་བ་ལྷས། མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབེབ་པར་ཤོག །ཅེས་སྨོན་པའི་ཡུལ་དུ་བྱས་པའང་ཕན་ཡོན་ཚད་མེད་ན་དངོས་སུ་གྲུབ་ན་ལྟ་ཅི་སྨོས། སྔོན་རྒྱལ་པོ་མྱ་ངན་མེད་ཀྱིས་དེད་དཔོན་རྒྱ་མཚོར་བགྲོད་པའི་དོན་དུ་ཀླུ་རྣམས་ལ་ཐུབ་ཆོད་ཀྱི་སྤྲིང་ཡིག་བྱས་པས་དེ་རྣམས་ཁྲོམ་ཏེ་དེད་དཔོན་རྣམས་ཤིན་ཏུ་ཉམ་ཐག་པར་བཅོས། སླར་དགེ་བའི་བཤེས་གཉེན་གྱི་ངག་ལ་མཉན་ཏེ་བསོད་ནམས་འཕེལ་བའི་ཕྱིར་དཀོན་མཆོག་ལ་མཆོད་པ་ཆེན་པོ་ཡང་ཡང་བྱས། རྒྱུ་དེ་ལས་བསོད་ནམས་བརྟག་པའི་ཕྱིར་རང་གཟུགས་ནི་ཁྲི་ཁར་འགྱིང་ཞིང་སྐུ་གཟུགས་ཐལ་མོ་སྦྱར་བ་བཟོས་ནས་ས་འོག་ཏུ་བཞག་པ་ན་གོ་ལྡོག་པ་ཁོ་ནར་གྱུར་ཅིང་མཐར་དཀོན་མཆོག་མཆོད་པའི་ལས་སྔར་བས་ཀྱང་རྒྱ་ཆེན་པོ་ལ་འབད་པས་འདོད་པ་བཞིན་གྱུར་པའི་ཚེ། ཀླུ་ལ་སྤྲིང་ཡིག་བྱས་པས་བསོད་ནམས་ལ་ལྷག་པར་ཡིད་ཆེས་པས། བསོད་ནམས་མེ་ཡིས་མི་འཚིག་ལ། །བསོད་ནམས་ཆུ་ཡིས་འཁྱེར་མི་འགྱུར། །ཅེས་པ་ལ་སོགས་པའི་ཚིགས་བཅད་བརྗོད་པས་མཚོན་ལ། དེ་བཞིན་དུ་བདག་ཅག་གིས་འབྱོར་པ་ཉུང་ངུའི་ཚེ་བཟའ་བཏུང་ལས་ཕྲི་སྟེ་བསམ་ཡས་ལ་སྟོང་མཆོད་བཤམས་པ་ནས་བཟུང་སླར་ཁྲི་མཆེད་ཐལ་བའི་ཚེ་མི་འདོད་བཞིན་དུ་འདུ་བ་རྒྱ་ཆེར་འཕེལ་བས་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་བསྟན་པའི་བྱ་བ་རླབས་ཆེན་པོ་འགྲུབ་པ་ཡིན་ནོ། །ཇི་ལྟར་མཆོད་ཚུལ་ནི། ཐེག་པ་འོག་མའི་མཎྜལ་དང་། ཡན་ལག་བདུན་པ་དང་། རྣམ་ལྔའི་པཱུཛ་དང་། ཙཱ་རུའི་ཞལ་ཟས་དང་། རོལ་མོའི་བྱེ་བྲག་དང་། གོས་ཟུང་དང་། རྒྱན་དང་། ཉེར་སྤྱོད་དང་། ལུས་སྟན་དུ་དབུལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པའོ། །ཐེག་པ་གོང་མའི་ལུགས་མཆོད་པ་ཆེན་པོའི་ཡང་ཆེན་པོར་དབང་བསྐུར་བ་དང་། སྦྱིན་སྲེག་དང་། ཀུ་སུ་ལུ་དང་བཅས་པའི་ཕྱི་ནང་གི་ཚོགས་འཁོར་རྣམ་པ་གཉིས་དང་། འོད་ཟེར་སྤྲོ་བསྡུ་དང་། བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད་པ་དང་། མཆོད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པས་བསྐལ་པ་མང་པོའི་ཚོགས་སྐད་ཅིག་ལ་བཟླུམས་པར་བྱེད་པའོ། །

གསུམ་པ་སྦྱིན་པ་ལ་གཉིས་ཏེ་གཟུགས་ཅན་ལ་དམིགས་པ་དང་། གཟུགས་ཅན་མ་ཡིན་པ་ལ་དམིགས་པའོ། །དང་པོ་ལ་གསུམ་སྟེ། ཆོས་དང་། མི་འཇིགས་པ་དང་། ཟང་ཟིང་གི་སྦྱིན་པའོ། །དང་པོ་ནི། སྐལ་པ་རབ་ཏུ་གྱུར་པ་རྣམས་ཀྱི་བགོ་སྐལ་ཏེ། གནས་སྐབས་ཀྱི་ཕན་བདེ་བསྒྲུབ་པ་ཙམ་མ་ཡིན་པར་མཐར་ཐུག་བྱང་གྲོལ་གྱི་གོ་འཕང་ལ་སྦྱོར་བའི་ཕྱིར་གདུལ་བྱའི་སྐལ་པ་དང་འཚམ་པའི་ཆོས་ཀྱི་སྦྱིན་པས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་བཀྲི་བ་སྟེ། རིགས་ལྔའི་དམ་ཚིག་ལས་ཀྱང་། པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ཅེས་པ་ལྟར་རོ། །གཉིས་པ་ནི། སྲོག་ལ་བབས་པས་མཚོན་འཇིགས་པ་རྣམ་པ་དུ་མས་སྐྲག་པ་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། གཏོང་ཕོད་གསུམ་གྱིས་མི་འཇིགས་པའི་སྐྱབས་སྦྱིན་པའོ། །གསུམ་པ་ཟང་ཟིང་གི་སྦྱིན་པ་ལ་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དང་པོ་ནི། དབུལ་ཕོངས་ཀྱིས་གདུང་པས་ཉེན་པ་རྣམས་ལ་སྦྱིན་པའི་ཚོགས་ཇེ་ཆེར་སྤེལ་བ་ལ་བརྩོན་པར་བྱ་སྟེ། སྔོན་རྒྱལ་པོ་གསེར་མདོག་ཅན་གྱི་ཡུལ་ཁམས་སུ་མུ་གེ་བྱུང་བའི་ཆེ་བང་མཛོད་ན་འབྲུ་བྲེ་གང་ལས་མེད་པ་རང་སངས་རྒྱས་ལ་ཕུལ་བས་དེའི་ཕན་ཡོན་གྱིས་ཡུལ་ལྗོངས་ཀྱི་མུ་གེ་ཞི་བ་དང་། གཞན་ཡང་སྟོན་པའི་ཞལ་ནས། གང་དག་གཞན་ལ་བྱིན་པ་ནི་རང་གིའོ། །རང་ཉིད་ཀྱིས་བཟུང་བ་ནི་གཞན་གྱིའོ། །ཞེས་གསུངས་སོ། །གཉིས་པ་ནི། འདོད་པས་གདུང་པ་དག་ལ་བུ་དང་། ཆུང་མ་དང་། ཡུལ་ཁམས་གཏོང་བ་ལ་བསླབ་བོ། །གསུམ་པ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ་མགོ་དང་། མིག་དང་། ཡན་ལག་གཏོང་བ་སྟེ་དངོས་སུ་མ་ནུས་ཀྱང་དམིགས་པས་ལུས་སྦྱིན་བྱ་བ་ལྟར་སྨོན་པའི་ཡུལ་དུ་བྱེད་པ་ནི་སྨོན་པ་སེམས་བསྐྱེད་དང་ཚུལ་མཐུན་ནོ། །གཉིས་པ་ནི། གདོན་དང་འབྱུང་པོ་ལ་ཆ་གསུམ་དང་གླུད་རྫོངས། ཡི་དྭགས་ལ་ཆབ་གཏོར་ཏེ། དེ་ལའང་གཟུགས་ལེགས་ཞེས་བྱ་བའི་གཟུངས་དང་། ཡེ་ཤེས་སྐར་མདའི་སྙིང་པོ་དང་། ཡི་དྭགས་མོ་ཁ་འབར་མ་དབུགས་ཕྱུང་བའི་གཏོར་ཆོག་དང་། ཁ་ལས་མེ་འབར་མ་ལ་སྐྱབས་སྦྱིན་པའི་གཟུངས་དང་། འཇུར་གེགས་ཞེས་བྱ་བའི་གཟུངས་རྣམས་ལས། ཁ་ལས་མེ་འབར་མའི་གཟུངས་ལས་མཚན་བཞི་བཤད་ཅིང་། འགའ་ཞིག་སྤྱི་བོ་ལ་སོགས་པར་དེ་བཞིན་གཤེགས་པ་བཞི་པོ་སྒོམ་ཟེར་ཡང་བཀའ་དངོས་བསྟན་ལ་ནི་མཚན་བརྗོད་པའི་བྱིན་རླབས་དང་ཕན་ཡོན་ཙམ་ལས་མངོན་རྟོགས་དང་སྒོམ་ཡུལ་ཡང་མ་བཤད། དེ་བཞིན་དུ་མགྲོན་བཞིའི་ཐ་སྙད་ཀྱང་མ་གསུངས་པས་འདི་སྦྱིན་པ་རྐྱང་པ་ཡིན་ལ། དེའི་ཕྱིར་སོ་སོའི་འདོད་པས་སྦྱར་བའི་རིགས་ལུགས་ཀྱི་གཏོར་མའི་ཆོ་ག་མི་ཤེས་བདག་གིས་ཀྱང་། ས་མ་བྷ་ར་རྐྱང་པའམ། སུ་རུ་པ། རྒྱ་ཆེན་ཤུགས་ལྡན་དང་། འཇུར་གེགས་ལ་སོགས་པའི་གཟུངས་དང་མཚན་བཞི་བཏོན་པའི་ཆུ་སྦྱིན་ཀྱང་བྱེད་རུང་། དེ་བཞིན་དུ་ཟག་པ་ལུས་སྦྱིན་དང་། འཕྲོག་མ་མ་བུ་ལ་ཆངས་བུ། དྲི་ཟ་ལ་གསུར་བསྔོ་སོགས་དང་། བསྟན་བཅོས་ལ་གྲགས་པའི་ལྷ་བསངས། རྒྱགས་བརྔན། ཆབ་གཏོར། བརྒྱ་བཞི་ལ་སོགས་པ་མཆོད་སྦྱིན་གཉིས་ཀའི་མགྲོན་བསྡུས་པ་རྣམས་ལའང་འབད་པས་བསོད་ནམས་དང་དགེ་བའི་ཆོས་སྡུད་ཅིང་། སྐྱེ་བ་འདི་མ་བླངས་བྱ་བ་དང་། ཕ་མར་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་པས། དེ་དག་གི་ཚེ་མཐོ་བས་བསྐྱབས་པ་དང་། བར་པས་མཛའ་བ་དང་། དམའ་བས་བཀུར་བ་དང་། བཀོལ་བདེ་བྱས་པ་དང་། བུ་ལོན་འབྲེལ་ཆགས་པ་དང་། ཤ་འཁོན་ལ་སོགས་ཡོད་པ་བྱང་ནས་ནད་དང་གནོད་པ་ལ་སོགས་པ་ཞི་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པས་ཕྱོགས་འདི་དག་ལ་སྒོ་ཀུན་ནས་འབད་པར་བྱ་ཞིང་། དེ་བཞིན་དུ་ཆོས་ཀྱི་སྦྱིན་པ་སོ་སོ་ཐར་པའི་དངོས་བསྟན་སྡིག་པ་ཅི་ཡང་མི་བྱ་ཞིང་སོགས་སྦྱར་ལ། མི་འཇིགས་པའི་སྦྱིན་པའང་མི་རུང་བ་མ་ཡིན་ཏེ། ཞི་བ་ལྷས། མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་སྙམ་པ་དང་། །སེམས་དམྱལ་རྣམས་ཀྱིས་ཕྱག་ན་པདྨོ་མཐོང་བར་ཤོག །ཅེས་པ་ལྟར། བྱང་ཆུབ་སེམས་དཔའ་བློ་ཆེན་རྣམས་ནི་དགེ་བའི་ཆོས་སྡུད་པ་ལ་མཁས་པས་འདུན་པའི་ཁྱད་པར་གྱིས་དེ་དེ་བཞིན་དུ་འགྲུབ་པའི་ཕྱིར་རོ། །དེ་སྐད་དུ། རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་དུས་ནི་རྟག་ཏུ་གཏང་། །ཞེས་སོ། །དེ་ལྟར་མཆོད་པའི་རང་བཞིན་ཡང་ཕྱིན་དྲུག་གི་ལམ་དུ་བསྡུ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ཏེ། དཀོན་མཆོག་རྗེས་དྲན་ལས་ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ་ཞེས་པས་གསལ་ལོ། །ཡང་བར་སྲིད་ལ་ཟས་གསུར་མི་ཐོབ་ཟེར་བའང་རང་གཞན་གྱི་དགེ་བའི་གེགས་ཡིན་ཏེ། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་པས་གསལ་ལ་མི་འདོད་ན་དྲི་ཟ་ཉེ་བར་འཁོར་ཞེས་པའི་མིང་དོན་ཡང་བརྫུན་པར་འགྱུར་ལ། ལར་དཀོན་བརྩེགས་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལ་དྲན་པ་ཉེ་བར་མ་གཞག་ན་ཡི་དྭགས་མ་གཏོགས་རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོ་བ་རང་ངོ་མཚར་གྱི་གནས་སོ། །

བཞི་པ་ཉན་པ་ནི། རང་སངས་རྒྱས་ལྟར་ལམ་ལ་རང་དགར་འཇུག་ཅིང་དེའི་རྟེན་འབྲེལ་ལས་གཞན་ལ་ཕན་པ་དང་བྲལ་བ་མ་ཡིན་པར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཆོས་ཉན་ཞིང་རང་གིས་ཐོས་པ་གཞན་ལ་སྒྲོགས་པས་འཁོར་ལོ་དང་པོའི་གདུལ་བྱ་ལ་ཐོས་སྒྲོག་གམ་ཉན་ཐོས་ཞེས་གྲགས་པ་ལྷར། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉན་དགོས་པ་ཡིན་ཏེ་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་སོ། །དེ་ལ་ཇི་ལྟར་ཉན་ན། སྣོད་ཀྱི་སྐྱོན། ཁ་བུབ། ཞབས་རྡོལ། དུག་ཅན་ལྟ་བུ་གསུམ་དང་། དེ་བཞིན་དུ། དྲི་མ་དྲུག་བསལ་བར་བྱ་སྟེ། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་རིགས་གཟུགས་དང་དཔལ་འབྱོར་གྱིས་ཁེངས་པའི་ང་རྒྱལ་དང་། བླ་མ་ལ་མཉམ་འགྲོགས་ཀྱིས་མ་དད་པ། ཆོས་ཀྱི་ཚིག་དོན་ལ་དོན་གཉེར་མེད་པ། དབང་ཤེས་ཕྱི་རོལ་དུ་གཡེང་བ། ལམ་བདེན་ལ་ཁྱད་གསོད་ཀྱི་ཡིད་ནང་དུ་སྡུད་པ་རྣམས་ཀྱི་གཉེན་པོར་སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་གཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་ངེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔལ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །ཞེས་པ་ལ་དྲན་པ་ཉེ་བར་གཞག་ཅིང་། སྡོང་པོ་བཀོད་པ་ལས་གསུངས་པ་ལྟར་བླ་མ་ལ་སྨན་པ། ཆོས་ལ་སྨན། རང་ཉིད་ལ་ནད་པ། ནན་ཏན་ལ་ནད་ཉེ་བར་འཚོ་བ་སྟེ་འདུ་ཤེས་བཞི་བསྐྱེད་ནས་ཉན་པར་བྱ་སྟེ། དེ་ཡང་སློབ་དཔོན་གྱིས་གསུངས་པའི་ཆོས་རྣམས་ཨཱ་ལི་ཀཱ་ལིའི་རྣམ་པས་རང་ཉིད་འཕགས་པ་འཇམ་དཔལ་དང་རྡོ་རྗེ་རྣོན་པོ་སྒྲོལ་མ་ལ་སོགས་པར་གསལ་བའི་སྙིང་ནང་དུ་ཐིམ་པར་བསམ་པ་གནད་ཡིན་ལ། དེ་ལྟར་ཉན་པས་ཆོས་ཐོས་པའི་ཕན་ཡོན་ནི་ཚད་དང་མུ་མེད་དེ། རྒྱལ་བ་ཀློང་གིས། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་རང་གི་ཤེས་རྒྱུད་ཀྱི་སྒྲིབ་པ་བསྲབས་པ་དང་། བླང་དོར་ནོར་བ་ལ་འགྱོད་པ་སྐྱེ་བ་དང་། སྐྱོ་ཤས་དང་ངེས་འབྱུང་འདུ་བྱེད་པ་དང་། བདེན་པ་གཉིས་ཀྱི་ལམ་ཤེས་པ་དང་། རང་རྒྱུད་ལ་ཐར་པ་དང་རྣམ་མཁྱེན་གྱི་ས་བོན་ཐེབས་པ་དང་། བར་དོར་ཡང་དེ་དག་བློ་ལ་འཆར་བ་སྟེ། འདི་ལྟར་གནོད་སྦྱིན་འབྲོག་གནས་དང་། བ་སྤུ་ཁབ་དུག་ལ་སོགས་པའི་གདོན་གྱི་སྡེ་ཚན་དང་། རྒྱལ་པོ་མྱ་ངན་མེད་དང་། མ་སྐྱེས་དགྲ་དང་། སོར་མོའི་ཕྲེང་བ་ཅན་ལྟ་བུ་གཏུམ་པོ་གཟུ་ལུམ་ཅན་ཡང་དམ་པའི་ཆོས་ཐོས་པ་ལ་བརྟེན་ནས་ཉེས་སྤྱོད་རླབས་པོ་ཆེ་ལས་ལྡོག་ཅིང་། ཐར་པའི་ལམ་སྲོལ་ལ་ཕྱོགས་པ་ཡིན་ལ། ཡང་ལ་ལ་ནི་ཕུན་སུམ་ཚོགས་པ་ལྔའི་གནས་སྐབས་རང་གི་མདུན་སར་ཚོགས་བཞིན་དུ། ངས་ནི་ཆོས་དེ་སྔར་ལན་ཅིག་ཐོས་ཀྱི་ད་ནི་མི་དགོས་སོ་ཞེས་སྨྲ་བ་གཞན་ལ་བཙོང་སྒོ་དྲིན་ན་ནི་སྔོན་ཆད་ཐོས་པ་དེས་ཆོག་གོ་སྙམ་པའི་ལྟ་བ་ཡིད་ལ་བཞག་པ་ཙམ་ལས་ཆོས་དེའི་ཚིག་དོན་གྱི་ཆ་རང་གི་བློ་ལ་ཆུབ་མ་ཆུབ་ཀྱི་བསམ་ཤེས་མེད་ཅིང་ཐོས་པའི་ཕན་ཡོན་ལའང་རྒྱུ་འབྲས་ཆད་པར་བལྟ་བའི་མངོན་རྟོགས་ཅན་ནོ། །འདི་ལྟར་སྒྲ་དང་། ཚད་མ་དང་། བཟོ་གནས་ལ་སོགས་པ་ཕྱི་ནང་ཐུན་མོང་གི་བསླབ་པའི་ཡོན་ཏན་གྱི་རྣམ་པ་རྒྱ་ཆེན་པོ་ཤེས་པ་ལས་ཆོས་ཐོས་པ་དགའ་ཞིང་ཁེ་ཆེ་བ་ཡིན་ཏེ་སྐྱེས་རབས་ལས། རྒྱལ་བུ་གཞོན་ནུ་ཆོས་འཚོལ་ཆོས་ཉན་པ་འབའ་ཞིག་ཡིད་ལ་དུང་བས་ཆོས་ཀྱི་ཡོན་དུ་གོས་རྒྱན་རིན་ཐང་བྲལ་བ་ཉིད་སྟེར་བའི་གཏམ་ཐོས་པས་སོ་སོའི་སྐྱེ་བོ་འཆིང་བ་མཐའ་དག་གིས་བཅིངས་པ་ཞིག་རྙེད་པ་ལ་བརྐམ་ཆགས་ཆེན་པོ་སྐྱེས་ནས་ཅི་ཡང་མི་ཤེས་བཞིན་དུ་དཀོན་མཆོག་གི་མཚན་སྒྲ་ཡོད་པའི་ཚིགས་སུ་བཅད་པ་ཤླཽ་ཀ་གཅིག་གཞན་ལས་བསླབས་ཏེ་རྒྱལ་བུ་ལ་བདག་ཀྱང་ཆོས་སྟོན་པའི་སློབ་དཔོན་ནོ་ཞེས་བསྙད་པས། དེས་ཅི་ཡང་མི་ཤེས་པའི་མཚན་ཉིད་རིག་ཀྱང་། ཚིགས་སུ་བཅད་པ་དེའི་ཁོང་ན་དཀོན་མཆོག་གི་མཚན་སྒྲ་ཡོད་པ་ལ་དད་པ་བླ་ལྷག་ཏུ་སྐྱེས་ནས་བླུན་པོ་དེ་ལ་ཤླཽ་ཀ་གཅིག་ཉན་ཞིང་དེའི་ཆོས་ཡོན་དུ་རང་གི་ལུས་ཀྱང་གཡང་ས་ཆེན་པོར་བཏང་བ་ཡིན་ན་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ལ་བསྟེན་ནས་རྣམ་པ་ཐམས་ཅད་དུ་ཆོས་ཉན་ཞིང་། ཐ་ན་རང་ཉིད་ལས་བློ་གྲོས་ཅུང་ཟད་ལྷག་པ་ཡང་བཤེས་གཉེན་དུ་བཟུང་ནས་ཆོས་ཉན་པ་ལ་འབད་པར་བྱ་སྟེ་སྐྱེས་རབས་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་སོ། །

ལྔ་པ་ཀློག་པ་ནི། དམ་ཆོས་དཀོན་མཆོག་གི་རང་བཞིན་འགོག་ལམ་གྱི་བདེན་པའི་ངོ་བོ་ནི་ལུང་དང་རྟོགས་པའི་བསྟན་པ་རྣམ་གཉིས་ཡིན་ལ། དེའི་གཟུགས་བརྙན་ནི་ཡི་གེའི་རྣམ་པར་གནས་པས་དེ་འདུས་པའི་གླེགས་བམ་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཛོད་ཁང་ཡིན་པས་དེའི་སྒྲ་དང་ཚིག་གིས་བསླངས་པར་བྱས་པས་བདག་ཅག་གི་སྟོན་པ་འཚོ་ཞིང་མ་གཞེས་ཀྱང་གསུང་དངོས་བསྟན་ད་ལྟ་ཐོས་སུ་བྱར་ཡོད་ལ་དེའི་བདག་པོའི་རྐྱེན་ནི་སྐྱེས་བུའི་རྣམ་རིག་དང་དབང་ཤེས་ཚོགས་པ་ལས་བྱུང་བའི་ཚུལ། འཇམ་དཔལ་སྒྱུ་འཕྲུལ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པ་ལྟར་རླུང་སེམས་གཉིས་འདུས་ཀྱི་ཁོང་ནས་སྐྱེ་བའི་ཡི་གེའི་ཕྱི་མོ་ཨ་དེ་ཉིད་ལྕེ་རྩེ་སོ་རྐན་མཆུ་དང་བཅས་པའི་གནས་ཐ་དད་པར་ཚོགས་པ་ལས་དབྱངས་དང་གསལ་བྱེད་ཀྱི་སྒྲར་སྐྱེ་ཞིང་། དེ་ཡང་ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །ཚིག་འདུས་པ་ལས་དོན་འབྱུང་བས་ལམ་བདེན་འདུས་བྱས་པ་ཐམས་ཅད་ཀྱང་ཡི་གེའི་རྐྱེན་ལས་ཤེས་ཤིང་། དེའི་བྱིན་རླབས་ལས་གསུང་སྒྲ་ཚིག་རང་ཚན་པ་ལས་འདས་པའི་རྟོགས་པའི་དམ་ཆོས་སྐྱེས་བུའི་རྣམ་རིག་ལ་འཕོས་ནས་ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི་དྲི་མ་དག་པའི་སངས་རྒྱས་སུ་འགྲུབ་པའི་དགོས་པའི་ནང་ནས་ཀྱང་ཉིང་དགོས་ཡིན་ལ། དེ་ཙམ་གྱི་དོན་བློ་ལ་མ་ཆུད་ཀྱང་གླེགས་བམ་དེ་ཉིད་དམ་ཆོས་དཀོན་མཆོག་ཐམས་ཅད་འདུས་པའི་ངོ་བོར་མོས་པ་དང་། བསྟི་སྟང་བླ་ལྷག་ཏུ་བསྐྱེད་ནས་ཁྲིའུའི་ཁར་དང་རས་གཙང་མའི་སྟན་དང་བཅས་བཞུགས་སུ་གསོལ་བ་ལ་ཉེར་སྤྱོད་བཤམ། རང་ཉིད་ཁྲུས་དང་གཙང་སྒྲ་ལ་གནས་པས་སྐྱབས་སེམས་དང་དཀོན་མཆོག་རྗེས་དྲན། ཡན་ལག་བདུན་པ་སོགས་སྔོན་དུ་འགྲོ་བས། ན་མོ་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ཅེས་སོགས་པས་མཚམས་སྦྱར་ཞིང་དེ་དག་ཀྱང་ཆོས་ཉན་བར་བསམས་ལ། ཚིག་མ་ཟློས་ཤིང་མ་ཆད་པ། མགྱོགས་བུལ་འཚམས་པ། སྒྲ་དག་པ། ངག་སྙན་པར་བཀླགས་པའི་ཕན་ཡོན་ནི་ཚད་མེད་དེ་ཤེར་ཕྱིན་ལས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྤང་ན་དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་དཔག་ཏུ་མེད་པ་བསྐྱེད་ན། གང་གིས་ཡི་གེར་བྲིས་ནས་ལེན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཡང་རབ་འབྱོར་ཆོས་ཀྱི་རྣམ་གྲངས་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་དེ། འདིའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ། །ཞེས་དང་གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། འབྲིར་འཇུག་གམ། ཀློག་གམ། ཉན་ནམ། འཛིན་ནམ། ཞེས་པས་གཞན་རྣམས་ཀྱི་ཕན་ཡོན་ཀྱང་རིག་པར་འགྱུར་ལ། དེ་ལྟར་མོད་ཀྱི་ཀློག་པ་པོའི་ཀུན་སློང་བཟང་ངན་ལས་ཀྱང་གྲུབ་འབྲས་ཐ་དད་དུ་འཆར་ཏེ། སྔོན་ཡུལ་མཐའ་འཁོབ་པའི་ཁྱིམ་པ་ཅིག་གིས་ཐོག་སྟེངས་སུ་མཆོད་གནས་བཞག ཁོ་རང་རི་ལ་སོང་ཙ་ན་མཆོད་གནས་པའི་སྡུན་ན་ཉན་ཐོས་དགྲ་བཅོམ་པའི་ཆ་བྱད་ཅན་མང་པོ་འདུས་པར་མཐོང་། ཡིད་མ་ཆེས་ནས་ཁྱིམ་དུ་ལོག་ཙ་ན་དེ་དག་གཅིག་ཀྱང་མི་སྣང་། ཁོ་ཆོས་ལ་ཡིད་ཆེས་ཀྱི་དད་པ་ཐོབ་སྟེ་ཆོས་ཡོན་དུ་རྟ་གཅིག་བྱིན། སླར་མཆོད་གནས་པ་གཞན་ཅིག་བོས་པ་ཁོའི་བསམས་པ་ལང་ལ་ང་ཡང་རྟ་གཅིག་འོང་ཐང་སྙམ་པ་ཡིད་ལ་རྒྱུན་ཆགས་སུ་སྐྱེས་པས་ཡོན་བདག་གིས་རི་ནས་བལྟས་ཙ་ན་ཁོའི་སྡུན་ན་རྟ་ཆེན་པོ་གཅིག་འདུག་པ་མཐོང་བ་ཡིན་པས་བསམ་པ་རྣམ་པར་དག་པ་ནི་ཤིན་ཏུ་གལ་ཆེ་ལ། བསམ་པ་དག་པས་གསུང་རབ་བཀླགས་ན་རང་གཞན་གཉིས་ཀའི་རྒྱུད་ལ་ཕན། སྡིག་པ་འདག་སྟོབས་ཆེ། རྐྱེན་ངན་དང་བར་ཆད་ཞི། དཀའ་ཕྱོགས་ཀྱི་ལྷས་སྐྱོབ། མི་མ་ཡིན་རྣམས་ཀྱི་ཐོས་པས་དེའི་རྒྱུད་ཀྱང་གྲོལ། རང་གི་བློ་ལའང་ཐོས་པ་མང་པོ་འཛིན། འཁོར་བ་ལ་ངེས་འབྱུང་སྐྱེ། དཀོན་མཆོག་ལ་དད་པ་སྐྱེ། དགེ་བའི་བཤེས་གཉེན་བསྟེན་པ་དང་ཆོས་ལམ་ལ་འཇུག་པའི་རྒྱུ་བྱེད། ནད་གདོན་དང་མེ་ཆུ་གཅན་གཟན་གནོད་པ་ཞི་བ་ལ་སོགས་པའི་ཕན་ཡོན་ཟད་མི་ཤེས་པ་ཡོད་དོ། །

དྲུག་པ་འཛིན་པ་ནི་མི་བརྗེད་པའི་གཟུངས་ཀྱི་ངོ་བོ་ཉིད་ཡིན་ཏེ། གླེགས་བམ་བསྡུ་རྩོལ་དང་། དབང་པོའི་གཞན་དབང་། ཉིན་ནུབ་དང་། འགྲོ་འདུག་གཞིས་བྱེས་ཀྱི་ཁྱད་པར་ལ་མི་བལྟོས་པར། རིག་པའི་རྩལ་གྱིས་བརྗོད་བྱའི་རླུང་བསྐྱོད་པ་ལས་ཆགས་ཐོགས་མེད་པར་གདོན་ནུས་པས་གླེགས་བམ་དང་བྲལ་བའི་ཚེ་དགེ་རྩ་ཟད་པར་ཡང་མི་འགྱུར་ལ། ཁྱད་པར་རྗོད་བྱེད་ཀྱི་ཚིག་ནང་གི་རླུང་སེམས་ལ་འདྲེས་པས་བྱིན་རླབས་འཇུག་ཅིང་། བརྗོད་བྱ་དོན་གྱི་གོ་བ་ཡང་སྐྱེད་སླ་ལ། ཀུན་ཆུབ་པར་བྱས་པས་མི་བརྗེད་པའི་གཟུངས་ཐོབ་པའི་ཚུལ། བཀའ་བསྡུ་དང་པོའི་ཚེ་གསུང་རབ་རྣམས་ཡི་གེའི་ཕྱི་མོར་མ་འཁོད་ཀྱང་། དགྲ་བཅོམ་པ་རྣམས་ཀྱིས་སྡེ་སྣོད་གསུམ་བསྡུ་བ་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་ཤར་གྱིས་བཤད་ཆོག་པ་བྱུང་བ་ཡིན། དེ་ཡང་ཚིག་དོན་གཉིས་ཀའི་ཆ་བློ་ལ་འཛུལ་བ་ནི། འཕགས་པའི་སྤངས་རྟོགས་ཁྱད་པར་ཅན་བརྙེས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཡང་། ཚིག་གི་ཆ་རྣམས་བློ་ལ་ཞུགས་པས་ཀྱང་། དེའི་རྒྱུད་ལ་གོ་མྱོང་ཁྱད་པར་ཅན་འབྱོར་པས། ཉིན་མཚན་ཐུན་མཚམས་ཀུན་ཏུ་ཤར་གྱིས་བཏོན་ཆོག་པ་འཛིན་པའམ། བློ་ལ་ཆུབ་པར་བྱེད་པ་འདི་ཕན་ཡོན་དཔག་ཏུ་མེད་པ་ཡིན་ནོ། །

བདུན་པ་འཆད་པ་ནི། གཞན་རྒྱུད་ལ་དགེ་བའི་ལས་ལམ་དང་ཐར་པའི་ས་བོན་འདུ་བྱེད་ཅིང་། རང་ཉིད་ལའང་ཁ་ན་མ་ཐོ་བས་འཕོག་པའི་གསོ་སྦྱོང་དུ་འགྱུར་ལ། དེ་ཡང་སྡེ་སྣོད་ཤེས་པའི་བློ་མཆོག་རྣམས་ཀྱིས་ནི་རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་པ་ལྟར་བཤད་བྱའི་ཆོས་དེའི་གཞུང་ལུས་སུ་བཀྲམ། དགོས་པ་དོན་དུ་བསྡུ། བརྒལ་ལན་གྱིས་ལོག་རྟོག་བསལ། མཚམས་སྦྱོར་གྱིས་འབྲེལ་སྦྱར། ཚིག་དོན་དཔྱད་པ་གསུམ་གྱིས་བསྒྲུབ་ཅིང་། དེ་ཡང་དྲང་དོན་དང་ངེས་དོན། དགོངས་པ་ཅན་དང་དགོངས་མིན་ཏེ་མདོའི་ཚུལ་བཞི་དང་། སྔགས་ལ་དེའི་སྟེང་དུ་སྒྲ་ཇི་བཞིན་དང་། ཇི་བཞིན་མ་ཡིན་པ་བསྣན་པའི་མཐའ་དྲུག་གིས་ལེགས་པར་གཞལ་ནས་བཤད་ཅིང་། དེ་ལྟར་བཤད་པའང་ཐེག་པ་ཆེ་ཆུང་ངམ། མདོ་སྔགས་སོ་སོའི་ཕྱོགས་ཀྱི་ཁ་འཛིན་པ་དང་། རང་རང་གི་འདོད་ཞེན་གྱི་ལྟ་བ་དང་གྲུབ་མཐའ་ཡིད་ལ་བཞག་སྟེ་ཆོས་ཀྱི་ཚིག་དོན་རླབས་པོ་ཆེ་ལ་སྐྲག་པ་སྐྱེས་ནས་དགག་བསྒྲུབ་འདོད་རྒྱལ་དུ་སྨྲ་བ་ནི་ཆོས་ལ་སྡང་བའི་ཉེས་དམིགས་མི་བཟད་པ་ཡིན་ཏེ། ཕ་མ་དགྲ་བཅོམ་གསོད་གང་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་སེམས་པས་ཐར་འགྱུར་ཏེ། །གང་ཞིག་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་ལ་སོགས་པར་བསམ་ཞིང་། རྩ་ལྟུང་དྲུག་པའི་ཉེས་དམིགས་ཀྱང་དྲན་པར་བྱས་ལ། ཅིའི་ཕྱིར་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་སྲིད་ཞིའི་ཕ་རོལ་ཏུ་སོན་པས་དགུ་པ་ལེགས་པའི་བློ་གྲོས་ཀྱི་སྤྱོད་ཡུལ་ཡིན་ན། རྟོག་གེའི་དཔྱད་བཟོད་ནི་ཤེས་བྱ་ཤེས་བྱེད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་གཉིས་ནི་ཀུན་སློང་གྱི་ན་དང་རྫས་འགལ་བ་ཡིན་པས་དེ་ལྟ་བུ་དང་ལྡན་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ནི་དངོས་སུ་འདོམས་པའི་ཡི་གེའི་ཕྱི་མོར་སྤེལ་བའི་བསྟན་བཅོས་རྣམས་ནི་འདོད་ཞེན་གྱིས་མ་བསླད་ཅིང་འཆོས་སྐྱོབ་གཉིས་ཀྱི་ཡོན་ཏན་དང་ལྡན་པས། ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་པ་ལྟར་བསྟན་པའི་སྲོག་ཤིང་ཉིད་དུ་བཟུང་ངོ་། །གདམས་ཕྲན་འཆད་པ་དག་གིས་ཀྱང་། གང་ཞིག་བཤད་བྱའི་ཆོས་དེ་རང་ཉིད་ཀྱིས་ཐོས་ཤིང་བློ་ལ་ལེགས་པར་བྱང་བ་དང་། ཐ་ནའང་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པས་གཞན་ལ་ཚིག་དོན་མི་འཛོལ་ཙམ་འདོམས་པ་ཞིག་དགོས་པ་ནི་ངེས་པར་གཅེས་ལ་དེ་ལྟར་འདོམས་པའི་ནུས་པ་མེད་བཞིན་དུ། རྫིང་ན་མ་མཆིས་པ་ཝ་ནང་དུ་འདྲེན་པའི་རྣམ་ཐར་དང་། ཁྱད་པར་དུ་བཤད་བྱའི་ཆོས་དེ་གཞན་རྒྱུད་ལ་སྦྱར་བའི་དོན་གཉེར་བཏང་སྙོམས་སུ་བོར་ནས། རང་གི་གནས་ཁང་དང་གདན་ཁྲི་ལ་བྱི་དོར། རྒྱན་གོས་ལ་བསྟི་སྟང་གཟབ་ཅིང་ཆོས་དེ་ལུང་གློག་པ་ལྟ་བུའམ། གཞན་ལ་འཕྲིན་བརྒྱུད་དུ་བྱས་ནས་སློབ་མའི་རྒྱུད་ལ་ཚིག་དོན་གཉིས་ཀའི་ཆ་ནས་གོ་བ་ཅུང་ཟད་ཀྱང་མེད་པ་ནི་དམ་པའི་རྣམ་ཐར་མ་ཡིན་ཏེ། ཤེར་ཕྱིན་ལས། ཆོས་ཉན་པ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར། འབྲི་བར་འདོད། ཀློག་པར་འདོད། ལུང་དབོག་པར་འདོད། ཁ་ཏོན་བྱ་བར་འདོད། སྒོམ་པ་དང་ཉན་པར་འདོད། ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་དེ་ལྟར་མི་འདོད་པ་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་པས་རྙེད་པ་འབའ་ཞིག་ལ་བསམ་པ་ཡང་བཟང་པོ་མ་ཡིན་ནོ། །གང་ཟག་དང་པོའི་ལས་ཅན་དང་། །རྣམ་པར་ཤེས་པ་ལྐོག་གྱུར་ཅན། །གདུལ་བར་དཀའ་ཞིང་སྦྱོང་བར་དཀའ། །དེ་ལ་སྐྱོ་དང་སུན་མི་བྱ། །ཡང་ཡང་བཤད་ཅིང་ཡང་ཡང་དྲིས། །དཔེ་ལ་བརྟེན་ནས་དོན་ལ་སྦྱོར། །ཆོས་འབྱུང་དེབ་ཐེར་རྣམ་ཐར་དང། །ཐ་ན་སྒྱུང་རྒྱུད་ཡན་ཆད་ཀྱིས། །གོ་བ་བསྐྱེད་པའི་ཐབས་ལ་འབད། །དེ་ལྟར་བློ་གྲོས་མཆོག་དམན་ཇི་ལྟ་བུས་ཆོས་འཆད་པའི་ཚེ་ཡང་ཐོག་མར་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་བདུད་ཚར་གཅོད་པའི་རིག་སྔགས་ལན་བདུན་འདོན་ཞིང་། འཆང་བྱའི་ཆོས་མདོ་རྒྱུད་གང་ཡིན་ཡང་རང་ཉིད་དེ་དང་དེའི་སྟོན་པའམ། སྡུད་པ་པོར་གསལ་བཏབ་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་བཤད་ཅིང་། ཁྱད་པར་སྔགས་ཀྱི་དབང་བསྐུར་ལ་སོགས་པའི་ཚེ་བགེག་བསྐྲད་དང་བསྐྱེད་རིམ་ལ་ནན་ཏན་མ་བྱས་ན་སྔོན་སློབ་དཔོན་ཞིག་གིས་དབང་བསྐུར་བའི་སར་སྐྱེར་སྒང་བས་རྨི་ལམ་བཟུང་སྟེ་བྱོན་པས་གདོན་ཆེན་པོ་གཅིག་གིས་སློབ་དཔོན་ཁྲི་ཁ་ནས་ཕོག ཁོ་རང་ཤུལ་དུ་བསྡད་པ་མཐོང་བས་རིང་པོར་མ་ལོན་པར་དེ་ཉིད་ཚེའི་དུས་བྱས་པའི་ལོ་རྒྱུས་ལྟར་ན། དེང་སང་གཞན་དོན་བྱེད་པར་གྲགས་པ་རྣམས་ཡུན་དུ་མི་བརྟན་པའི་རྒྱུའང་ཤེས་པར་བྱས་ནས་སྔོན་ལ་རང་ཉིད་སྨིན་ནས་གདོད་གཞན་སྒྲོལ་བའི་ཐབས་ལ་མཁས་པར་བྱའོ། །

བརྒྱད་པ་ཁ་ཏོན་ནི། མི་བརྗེད་པའི་གཟུངས་ཀྱི་འབྲས་བུ་ཡིན་ཏེ། ཅིའི་ཕྱིར་ན་སྔོན་ཆད་བློ་ལ་བཟུང་ཡང་ཕྱི་ནས་བརྗོད་པ་རྣམས་ཀྱིས་གདོན་དུ་མི་བཏུབ་པས། བཟུང་ནས་མ་བརྗེད་པ་ནི་ཤིན་ཏུ་གཅེས་ཏེ། ཁ་ཏོན་བྱས་པའི་བསོད་ནམས་ཚད་མེད་པའི་ཚུལ་བཟང་སྤྱོད་ལས་ཀྱང་། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་ནི། །འཆད་པ་དང་ནི་བཏོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཅེས་པས་མཚོན་དམ་པའི་ཆོས་སྟོན་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པས་མདོ་དང་གཟུངས་ཕྲན་མཐའ་དག་ལ་ཟད་མི་ཤེས་པ་ཡོད་དོ། །དེ་ཡང་ཀློག་འདོན་གཉིས་བསོད་ནམས་ཀྱི་ཆ་ལ་མཉམ་ཡང་། མྱུར་བུལ་གྱི་ཁྱད་པར་ཤིང་རྟ་དང་ཉི་ཟླའི་བགྲོད་པ་ལྟ་བུར་ཡོང་བས་ཁ་ཏོན་ནི་ཤིན་ཏུ་མྱུར་བའི་ཕྱིར་བསོད་ནམས་གསོག་སྟོབས་ཆེ་བ་སྟེ་སློབ་དཔོན་དབྱིག་གཉེན་གྱིས་ལོ་རེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ལན་རེ་གདོན་པར་མཛད་པ་ཤེར་ཕྱིན་བརྒྱད་སྟོང་པ་ཆུ་ཚོད་གཅིག་གམ་གཉིས་ཀྱི་ཡུན་ལ་བཏོན་ཚར་བས་བུལ་མགྱོགས་ཀྱི་མཐའ་གཞལ་ཏེ། ཟངས་ཆེན་ཏིལ་མར་གྱིས་བཀང་བའི་ནང་དུ་བཞུགས་ནས་ཉིན་མཚན་སྦྲེལ་མ་བཅོ་ལྔས་བཏོན་ཚར་བས་ཕྱོགས་ཙམ་མཚོན་ལ། དེ་གདུང་ཕྲག་གི་ཕུག་རོན་གྱིས་ཐོས་པས་ལས་སྒྲིབ་བསྲབས་ཏེ་དེ་མ་ཐག་པའི་སྐྱེ་བ་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པས་སྒྲ་ཐོས་པའི་ཆའི་གཞན་ཕན་ཡང་དེས་མཚོན་ལ། འདི་གཞན་གྱིས་མི་ནུས་སྙམ་དུ་ཡང་དོགས་པར་མི་བྱ་སྟེ་རྨི་ལམ་ཟིན་པའི་གང་ཟག་རྣམས་ཀྱིས་ཆུ་ཚོད་གཅིག་གི་ཡུན་ལ་མཚན་བརྗོད་ལན་གྲངས་མང་པོ་བཏོན་ཟིན་པའི་འཐད་པ་ཡོད་དེ་རླུང་སེམས་རགས་པའི་རྐྱེན་གྱིས་ཁ་ཏོན་ལས་འདས་པའི་ཕྱིར་རོ། །རང་ངོ་ནས་རྟག་པར་ཁ་ཏོན་བགྱིད་པའི་སྐྱེས་བུ་དེ་ནི་ཇི་ཙམ་འཚོ་བ་དེ་སྲིད་དུ་བསོད་ནམས་ཀྱི་ཚོགས་འཕེལ་བ་ཡིན་ཏེ། སློབ་དཔོན་ངག་གི་དབང་ཕྱུག་གིས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །ཞེས་པ་ལྟར་རོ། །དེའི་ཕྱིར་ཆོས་ལམ་ལ་ཞུགས་པའི་གང་ཟག་འདྲ་མཉམ་ཡིན་ཡང་བསག་སྦྱང་ལ་བརྩོན་པ་དང་མི་བརྩོན་པའི་ཁྱད་པར་ནི་དེད་དཔོན་ནོར་བུ་ལོངས་པ་དང་རུས་སྦལ་གཉིད་ལ་གཡུར་བའི་ཁྱད་པར་ལྟ་བུ་སྟེ། ཕྱི་མ་ནི། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང་། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །ཞེས་པས་སྣང་བ་ནས་མུན་པར་འགྲོ་བའི་མཚན་ཉིད་ཅན་དུ་ཤེས་པར་བྱའོ། །

དགུ་པ་སེམས་པ་ནི། བཤད་མ་ཐག་པ་ཉན་པ་ལ་སོགས་པའི་ཆོས་ལྔ་པོ་དེ་དག་ལ་བསམ་བྱུང་གི་ཤེས་རབ་རྣམ་པར་དག་པས་དཔྱད་དགོས་པ་ཡིན་ཏེ། ཚིག་དོན་ལ་རྟོག་དཔྱོད་གང་ཡང་མེད་པའི་ཉན་ཀློག་ལ་སོགས་པ་ནི་འདབ་ཆགས་སྨྲ་མཁན་གྱི་སྒྲ་ཚིག་བཞིན་ཏེ། དེ་ཡང་སེམས་གཞན་དུ་ཡེངས་ཤིང་དྲན་པ་ཉེ་བར་མ་གཞག་པའི་ཆོས་སྤྱོད་ལ་འབྲས་བུ་མེད་པའི་ཚུལ་སྤྱོད་འཇུག་ལས། ལུས་ངག་བཅས་པའི་འབྲས་བུ་ཡང་། །སྤྱོད་པ་གཞན་པས་དེ་ལྟ་མིན། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་ཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་མཚང་འདི་མ་ཞེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམ། །དེ་ལྟར་བདག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་རྟོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པས་གསལ་ལ་འདི་ལྟར་ཚིག་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཟབ་མོས་ནི་དགེ་བའི་ཆོས་རྒྱ་མཚོ་ལྟ་བུ་སྡུད་ཅིང་། བླང་དོར་གྱི་གནས་འཛོལ་བར་མི་འགྱུར་ལ། ཁྱད་པར་མདོ་དང་བསྟན་བཅོས་ལ་སོགས་པ་གང་དང་གང་ཞིག་ཉན་པའམ། ཀློག་པའམ། འཛིན་པའམ། འཆད་པའམ། ཁ་ཏོན་བྱེད་པའི་ཚིག་དོན་ལ་བསམ་བྱུང་གི་དཔྱད་པ་ཞུགས་པས་གོ་བ་ཁྱད་པར་ཅན་སྐྱེ་ཞིང་། གལ་ཏེ་རང་སྟོབས་ཀྱི་བློས་དཔྱད་མི་བཟོད་པ་རྣམས་དགེ་བའི་བཤེས་གཉེན་དང་། རང་ལས་བློ་གྲོས་ལྷག་པ་ལ་དྲིས་པས་རང་ཉིད་ཀྱི་བློ་གྲོས་ཀྱང་ཡར་ངོའི་གང་བ་བཞིན་འཕེལ་བར་འགྱུར་ལ། དཔེར་ན་འཁོར་ལོ་དང་པོའི་སྡེ་སྣོད་ལྟ་བུ་ཞིག་ལ་མཚོན་ན། དགེ་སློང་དག་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བརྟེན་པར་བྱའོ། །ཞེས་པའི་དོན་ལ་བསམས་པས། སྡུག་བསྔལ་དེ་འཁོར་བའི་ཉེས་དམིགས་ཡིན་པར་གོ་ལ། དེ་འབྱུང་བའི་རྒྱུ་ཀུན་འབྱུང་སྟེ་མ་རིག་པའི་རང་བཞིན་ཅན། རྐྱེན་སེམས་དང་སེམས་བྱུང་ལས་སྐྱེས་པའི་ཉོན་མོངས་པའི་ཚོགས་ཀྱིས་བསླུ་བ་བྱས་པའི་ལས་དེ་སྤང་བར་བྱས་ན་འབྲས་བུ་སྡུག་བསྔལ་འགོག་པར་འགྱུར་ཏེ། དེ་ལྟར་སྤོང་བ་ནི་ལམ་གྱི་བདེན་པ་ལ་ལྟོས་དགོས་པས་ལམ་རྒྱུད་ལ་བརྟེན་པར་བྱའོ་ཞེས་གསུངས་ལ་ཇི་ལྟར་བརྟེན་ན། སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེས་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤོངས། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །སོ་ཐར་བརྟུལ་ཞུགས་ཆུ་ལོན་ལྟ་བུ་ཡིས། །འཆི་བའི་འཚེ་བ་འཇོམས་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་པས་མཚོན་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་གནས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེ་བཞིན་འཁོར་ལོ་བར་མཐའ་གཉིས་ལ་ཡང་ཤེས་པར་བྱའོ། །དེ་སྐད་དུ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་ཇི་ལྟར་ཐོས་པའི་ཆོས་ཐམས་ཅད་ལ་བསམ་བྱུང་གི་ཤེས་རབ་བསྐྱེད་པ་ནི་སྒོམ་པའི་ཡང་སྔོན་དུ་ངེས་པར་འགྲོ་དགོས་པའི་ཆོས་ཡིན་ལ། ཁྱད་པར་ཀློག་པ་ཐོས་བསམ་པ་རྣམས་ཀྱི་རང་ལུགས་ནི་རྩོད་བཟློག་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཅེས་ཐ་སྙད་ལ་བརྟེན་ནས་ཞི་བ་ཉམས་སུ་མྱོང་བར་འདོད་པར་མཚན་མཚོན་དང་། མངོན་སུམ་དང་། རྗེས་དཔག་དང་། རྫས་ལྡོག་དང་། འགལ་གྲུབ་དང་། བརྒལ་བརྟག་ལ་སོགས་པའི་ཚད་མས་གཞལ་ཞིང་། རྣམ་གྲངས་དང་མདོ་ལ་བསླབ་པའི་བསམ་བྱུང་གི་ཤེས་རབ་ལ་བརྟེན་ནས་དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་དུ་ཞེན་པར་འདོད་པ་སློབ་དཔོན་ཕྱྭ་བ་བཞིན་ནོ། །འོན་ཀྱང་དེས་ནི་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་རྒྱུ་ཡིན་པས་ཀློག་པ་ཐོས་བསམ་གྱི་རང་ངོ་ནས་མི་འགོག་ཀྱང་འབྲས་བུ་ལམ་དུ་བྱེད་ཅིང་རྡོ་རྗེ་ཐེག་པའི་གནས་སྐབས་སུ་ནི། རླུང་སེམས་འགོག་པའི་ཐབས་ཁྱད་པར་ཅན་གྱི་གེགས་སུ་འགྱུར་ཅིང་དེའི་མི་མཐུན་ཕྱོགས་འབའ་ཞིག་ཡིན་པས་ཆོས་ལ་འཇུག་པའི་རྒྱུད་ལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་འབྲས་ཀྱི་རྣམ་གཞག །འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་བསམ་པ་དང་། དེ་ཡང་ས་གཞི་མེད་ན་ལོ་ཐོག་མི་འབྱུང་བ་བཞིན་དགེ་བའི་བཤེས་གཉེན་ལ་མ་བསྟེན་ན་ལམ་དང་ལམ་མིན་མི་ཤེས་པས་དེ་ཉིད་བསམ་སྦྱོར་སོ་སོའི་ཆ་ནས་བསྟེན་པའི་ཚུལ་གྱིས་མཚོན་ཆོས་ཀྱི་ཚིག་དོན་མཐའ་དག་ལ་བསམ་བྱུང་གི་བློས་དཔག་པར་བྱའོ། །

བཅུ་པ་སྒོམ་པ་ནི། ཆོས་ཀྱི་རྣམ་གྲངས་འབྲས་བུ་དང་། བྱ་བའི་རང་བཞིན་གང་དང་གང་ལ་ཐོས་བསམ་བྱས་པ་ཡིན་ཡང་། དེ་དང་དེའི་དོན་ཤེས་རྒྱུད་ལ་གོམས་འདྲིས་བརྟན་པར་བྱ་བའི་ཕྱིར། དབུ་ནས་ཞབས་སུ་བསྡུས་པའི་དོན་ཐམས་ཅད་བསྒོམ་པར་བྱ་བ་ནི་སྤྱི་དོན་ཡིན་ཏེ། སྤྱོད་འཇུག་ལས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་པས་མཚོན་ལ། དམིགས་བསལ་ནི། མངོན་མཐོའི་གོ་འཕང་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུའི་ལམ་ནི་ལས་དང་ལས་ཀྱི་འབྲས་བུ་བསླུ་བ་མེད་པ་ལ་ངེས་པ་བརྟན་ཞིང་དེ་དང་དེའི་བླང་དོར་གྱི་གནས་མི་འཆོལ་བར་ཡིད་ལ་བྱེད་པ་དང་། དེ་དང་རྗེས་སུ་འབྲེལ་བས་མངོན་པར་མཐོ་བའི་རྒྱུར་ཡང་རུང་ལ། ཁྱད་པར་ཐར་པའི་ལམ་སྟེགས་སྤོང་བའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། བླང་བྱ་འཇུག་པའི་ཁྲིམས་བཅུ་བདུན་ལས་སྔ་མ་ལ་ལྟུང་བ་ལས་ལྡང་བའི་ཐབས་དང་། ངེས་འབྱུང་གི་ཐབས་སོར་བཤགས་སོགས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཞི་རྟེན་དུ་བྱས་ནས་བདེན་པ་བཞིའི་ལམ་བསྒོམས་པས་ཐར་པའི་གོ་འཕང་ལ་བཀྲི་བའི་སྐྱེས་བུ་འབྲིང་གི་ལམ་དང་། བྱིང་རྒོད་ཀྱི་རྙོག་མ་དྭངས་པའི་སེམས་ལ་རྣམ་པར་ཐར་པའི་སྒོ་གསུམ། གཞི་ལམ་འབྲས་བུ་གསུམ་དུ་བཀོད་པ་ལྷག་པ་སེམས་ཀྱི་བསླབ་པ་མདོ་སྡེའི་སྡེ་སྣོད་དང་། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱི་རྣམ་འབྱེད་རྒྱ་ཆེ་ལ་གཏིང་ཟབ་པས་བདག་འཛིན་དང་མཐར་ལྟའི་གཡང་ས་ལས་ལྡོག་ཅིང་། བདེ་གཤེགས་སྙིང་པོའི་ཆོས་ཉིད་ལྐོག་ཏུ་མ་གྱུར་པར་སྟོན་པ་དམ་པའི་ཆོས་མངོན་པའི་སྡེ་སྣོད་དེ་སྐྱེས་བུ་ཆེན་པོའི་ལམ་གཉིས་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀྲི་བའི་དོན་སྒོམ་པ་སྟེ། དེ་ལྟར་ཐེག་པ་ཆེ་ཆུང་གཉིས་ཀྱིས་རྒྱུད་སྦྱངས་ནས་འབྲས་བུའི་ཐེག་ཆེན་རྡོ་རྗེ་ཐེག་པའི་ལམ་ལ་ལུས་དང་རྩ་དག་པར་བྱེད་པ་བུམ་དབང་། ངག་དང་རླུང་དག་པར་བྱེད་པ་གསང་དབང་། ཡིད་དང་ཐིག་ལེ་དག་པར་བྱེད་པ་ཤེར་དབང་། ཀུན་གཞི་དང་ཤེས་སྒྲིབ་དག་པར་བྱེད་པ་བཞི་པ་སྟེ་སྨིན་བྱེད་ཀྱི་དབང་དང་སོ་སོའི་དམ་ཚིག་ལ་བརྟེན་ནས་ས་ལམ་བགྲོད་པའི་རིམ་པ་སྒོམ་པ་དང་། དེ་བཞིན་དུ་བུམ་དབང་གིས་ལམ་ཕྱི་ནང་སྣོད་བཅུད་ཀྱི་ཞེན་རྟོག་སྦྱོང་བའི་བསྐྱེད་རིམ། དེ་བཞིན་དུ་དབང་གོང་མ་གསུམ་ལས་དང་པོ་གཉིས་ལ་དམིགས་བཅས་ཀྱི་རྫོགས་རིམ་དང་། ཕྱི་མ་ལ་དམིགས་པ་མེད་པའི་རྫོགས་རིམ་ལ་བརྟེན་ནས་རང་རང་གི་ངག་བྱ་དག་པར་བྱེད་པའི་ཟབ་ལམ་བསྒོམས་པས་རྡོ་རྗེ་འཆང་གི་སར་སྐད་ཅིག་གིས་བགྲོད་པར་བྱེད་པ་ཡིན་ཏེ། དེ་ཙམ་གྱི་སྤྱི་དོན་དང་སྦས་དོན་ལ་རྣམ་རིག་ལྐོག་ཏུ་གྱུར་བདག་གིས་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པར་བྱས་ནས་ཚོགས་ཞིང་བསྒོམས་ཏེ་སྐྱབས་སུ་འགྲོ་བ་དང་། ཐེག་པ་ཆེན་པོའི་ལམ་གྱི་གཙོ་བོ་ཚད་མེད་བཞི་དང་། སྨོན་འཇུག་གཉིས་དང་། བདེ་སྡུག་གཏོང་ལེན་དང་། བདག་གཞན་བརྗེ་བ་དང་། ཕར་ཕྱིན་དྲུག་དང་། ཞི་ལྷག་གཉིས་དང་། བྱང་ཕྱོགས་སོ་བདུན་ལ་སོགས་པ་དང་། མདོར་ན་ཐོས་བསམ་མཐའ་དག་གི་སྙིང་པོར་བསྡུ་བ་སྒོམ་པའི་ཤེས་རབ་ཀྱི་ངོ་བོ་ནི་སྔོན་འགྲོར་རྟོག་དཔྱོད་དང་བཅས་ཤིང་། དངོས་གཞིར་རྟོག་མེད་ལ་འཇུག་པས་བསམ་གཏན་བཞི་དང་གཟུགས་མེད་བཞིའི་སེམས་ནི་ལམ་ལ་མ་ཞུགས་པའི་རྒྱུད་ལའང་ཡོད་པས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ་ལ། དེ་ཉིད་ལམ་སྟེགས་སུ་བྱས་ནས་ཚོགས་སྦྱོར་གྱི་ལམ་ལ་དོན་རབ་འབྱེད་པའི་བསམ་གཏན་གྱིས་ཐར་ལམ་མངོན་དུ་བྱེད་ཅིང་འཕགས་པའི་ལམ་ས་དང་པོ་ནས་དེ་བཞིན་གཤེགས་དགེའི་བསམ་གཏན་ལ་འཇུག་པས་སྒོམ་པའི་ལམ་དུ་ས་བཅུ་བགྲོད་པ་ནི་སློབ་ལམ་བཞིའི་མཐར་ཐུག་ཡིན་ནོ། །དེ་བཞིན་དུ་སྔགས་ཀྱི་ལམ་ལ་རྡོ་རྗེ་གསུམ་དང་། མངོན་བྱང་ལྔ་དང་། ཕྱག་རྒྱ་བཞི་དང་། འོད་ཟེར་སྤྲོ་བསྡུ་དང་། རྫོགས་རིམ་སྒོམ་པ་ལ་སོགས་ཏེ་མདོར་ན་དམིགས་པ་དང་བཅས་པའམ། དམིགས་པ་ལས་འདས་ཀྱང་སྒོམ་པའི་ཐ་སྙད་བཞག་པའི་ཕྱོགས་ཏེ། དེ་ཐམས་ཅད་ཀྱང་བསྡུ་ན་བདེན་པ་གཉིས་སུ་འདུ་སྟེ། བདེན་གཉིས་ལས། ལམ་བདེན་ཐམས་ཅད་ནི་འདུས་བྱས། །འདུས་བྱས་ཐམས་ཅད་ཀུན་རྫོབ་སྟེ། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལས། །དོན་དམ་ཞེས་པའི་བརྡ་མཛད་དོ། །ཞེས་པ་ལྟར་རོ། །

ཆོས་སྤྱོད་བཅུ་ཞེས་གྲགས་པ་བརྟེན་པ་ལ། །སྔོན་ཆད་ཊཱི་ཀ་ཡོད་མེད་མཐའ་མི་འཚལ། །འདི་ནི་དལ་འགྲོའི་ཀློང་ལས་ཆུ་བུར་བཞིན། །གཞན་ཕན་སེམས་ཀྱི་འོད་དཀར་ཀློང་ནས་བརྡོལ། །བགྲང་བྱ་བརྩེགས་པས་རྣམ་རིག་དེངས་གྱུར་ལ། །དབང་པོ་ལྡོངས་པས་ཡི་གེའི་གཟུགས་ཀྱིས་སྤངས། །དེ་ཕྱིར་བློ་ཡི་རི་མོ་ཐོལ་བྱུང་དུ། །སྤེལ་འདིར་ནོངས་ན་ཐམས་ཅད་མཁྱེན་ལ་བཤགས། །མཁས་སམ་གྲགས་པའི་ཕྱོགས་ལ་བསྙེན་པ་ཡི། །ལྟ་བ་ཡིད་ལ་མ་བཞག་དེའི་དགེ་བས། །འགྲོ་ཀུན་ཀུན་མཁྱེན་གོ་འཕང་ལ་རེག་ཤོག །མ་ཧཱ་སནྡྷི་པ་ཨ་བྷ་ཡས་སོ། །གཏམ་ཚོགས་ལེའུ་ང་ལྔ་པའོ།། །།

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K