༄༅། །ཨ་འཛོམ་མན་ངག་སྙན་བརྒྱུད་རིན་པོ་ཆེའི་ལོ་རྒྱུས་མདོར་བསྡུས་བཞུགས།

སྔགས་འཆང་ཚེ་རིང་ལྷུན་གྲུབ

 ༄༅། །ཆོས་དབྱིངས་སྤྲོས་པ་བྲལ་བའི་ཀ་དག་གི་དགོངས་ཀློང་། །ལྷུན་གྲུབ་འོད་གསལ་ཞིང་སྣང་ལོངས་སྐུ་ཡི་ཚོམ་བུ། །ཐུགས་རྗེ་ཀུན་ཁྱབ་རོལ་རྩལ་སྒྱུ་འཕྲུལ་གྱི་སྐུ་འཆང་། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོར་སྙིང་དབུས་ནས་འདུད་དོ། །ཆུ་སྐྱེས་འདབ་བརྒྱ་བཞད་པའི་གེ་སར་གྱི་སྟེང་དུ། །རྒྱལ་ཀུན་གསུང་གི་ངོ་བོ་སྣང་མཐའ་ཡི་ཐུགས་སྤྲུལ། །རང་བྱུང་ལྷུན་གྲུབ་སངས་རྒྱས་པདྨ་ཡི་ཀ་ར། །སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་ངང་འདུད་དོ། །ཐ་སྙད་རིག་གནས་ཀུན་མཁྱེན་རང་གཞན་གྱི་གྲུབ་མཐའ། །མཐར་སོན་ཐེག་དགུའི་རྩེ་རྒྱལ་འོད་གསལ་གྱི་རྫོགས་ཆེན། །བཤད་སྒྲུབ་བསྟན་པའི་ཉི་མ་ཆེས་ཆེར་དུ་གསལ་མཛད། །གདོད་མའི་མགོན་པོ་ཀློང་ཆེན་རབ་འབྱམས་ལ་འདུད་དོ། །མདོ་རྒྱུད་རྒྱ་མཚོར་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་མངའ། །ཟབ་གཏེར་དབང་བསྒྱུར་དགོངས་པའི་ཀློང་མཛོད་དེ་རྡོལ་ནས། །ལུང་རྟོགས་བསྟན་པའི་རྒྱལ་མཚན་མཁའ་དབྱིངས་སུ་བསྒྲེངས་མཛད། །འཇིགས་མེད་གླིང་པ་སྐྱེ་ཀུན་རིགས་བདག་ཏུ་བསྙེན་ནོ། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་འགྲོ་འདུལ་གྱི་གར་རོལ། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་སྙན་བརྒྱུད་ཀྱི་མངའ་བདག །ཚད་མེད་ཐུགས་རྗེའི་གཏེར་མཛོད་ཡིད་བཞིན་གྱི་ནོར་བུ། །ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་ལ་འདུད་དོ། །དགོངས་པའི་ཀློང་ཕྱུང་ཐུགས་ཀྱི་དཔལ་བེའུ་ལ་བསྟར་བའི། །སྙན་བརྒྱུད་བདུད་རྩིའི་ཟིལ་མངར་མགུལ་བུམ་ནས་འཇོ་ཞིང་། །རྡོ་རྗེ་ལྗགས་བཀྲམ་དུང་གི་ཚིམས་བར་ནས་བཤར་བས། །གང་ཟག་སྐལ་བ་རབ་གྱུར་སྙན་དབང་གི་བགོ་སྐལ། །ཐོབ་པའི་གདམས་ཟབ་སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུ། །ལོ་རྒྱུས་བཀོད་ལ་གནང་བའི་སྐབས་དབྱེ་ཞིག་སྩོལ་ཤིག ། 

དེའང་འདིར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། མངོན་སུམ་རང་ཐོག་ཏུ་གཏན་ལ་འབེབས་པའི་གནད། ཟབ་པ་ལས་ཆེས་ཟབ་པ། མཁའ་འགྲོ་མ་ཐམས་ཅད་ཀྱི་སྙིང་ཁྲག་གཅིག་ཏུ་དྲིལ་བ་སྙིང་ཐིག་གོང་འོག་གི་གདམས་ངག་ཟབ་པ་མཐར་ཐུག་པ་དེ་དག་གི་སྙིང་པོ་བཅུད་དུ་དྲིལ་བ་གནད་ལས་གནད་དུ་བསྡུས་པས་མན་ངག་སྙན་བརྒྱུད་རིན་པོ་ཆེ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ནས་རང་སྣང་གི་འཁོར་རྒྱལ་བ་རིགས་ལྔ་དང་། རྒྱལ་སྲས་སེམས་དཔའ་སོགས་ཉིད་ལས་མི་གཞན་པའི་ཚོགས་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་ཀུན་མཉམ་པ་ཉིད་དུ་བརྗོད་མེད་དོན་གྱི་སྒོ་ནས་བསྟན། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དུར་ཁྲོད་མེ་རི་འབར་བའི་གནས་སུ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་དོན་གྱི་གནས་ལུགས་ཉིད་ཆོས་ཅན་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། སློབ་དཔོན་དགའ་རབ་རྡོ་རྗེས། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་གླེགས་བམ་དུ་བཀོད། དེས་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པ་གསུངས། ཁོང་གིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་ནས། དེ་དག་གི་སྙིང་པོ་ཐིག་ལེ་མཆོག་གི་ཆོས་ཉིད་ལ། རྒྱུད་ལུང་དཀྱུས་ལ་བརྟེན་ནས་བཤད་པའི་བཤད་བརྒྱུད་དང་། སྙན་ནས་སྙན་དུ་བརྒྱུད་པ་སྙན་བརྒྱུད་ཀྱི་སྐོར་དང་གཉིས་ལས། 

དང་པོ་བཤད་བརྒྱུད་ལ། རིག་འཛིན་ཤྲཱི་སེང་ཧས་ཕྱི་སྐོར་དང་། ནང་སྐོར་དང་། གསང་སྐོར་དང་། ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཕྱེ་བས་ནང་གི་ཡང་གསང་བླ་ན་མེད་པའི་འོད་གསལ་སྙིང་ཐིག་གི་སྙིང་པོ་བཅུད་དུ་དྲིལ་བའི་མན་ངག་གི་བརྒྱུད་པ་དང་།ཁྱད་པར་དུ་གྱུར་པ་སྙན་བརྒྱུད་དེ། སྙན་བརྒྱུད་ལ་དབྱེ་ན་མང་ཡང་ཡི་གེ་དང་བཅས་པ་དང་ཡི་གེ་མེད་པ་དང་གཉིས་ལས་འདི་ནི་ཡི་གེ་མེད་པའི་སྙན་བརྒྱུད་ཆོས་ཉིད་དོན་གྱི་མན་ངག་ཐུན་མོང་མ་ཡིན་པ་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ་བརྒྱུད་པའི་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་དགོངས་པའི་ཀློང་ནས་ཕྱུང་། ཐུགས་ཀྱི་དཔལ་བེའུ་ལ་བསྟར། མགུལ་གྱི་བུམ་པ་ནས་དྲངས། རྡོ་རྗེའི་ལྗགས་ལ་བཀྲམ། དུང་གི་ཚེམས་བར་ནས་བཤར་ཏེ་ཚིག་གི་ལྷག་པ་དང་ཆད་པ་མེད་པ། དོན་རང་གི་རྒྱུད་ལ་བརྟེན་ནས་ཐ་མ་ཚིག་གི་སྒྲོ་འདོགས་ཆོད་པ། བརྒྱུད་པའི་དགོངས་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས། ད་ལྟའི་བདག་ཅག་རྣམས་ཀྱི་སྐྱབས་མགོན་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གདོད་མའི་མགོན་པོ་དང་རྣམ་དབྱེར་མ་མཆིས་པའི་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་མཚན་བརྗོད་པ་དཀའ་ནའང་དོན་གྱིས་སླད་དུ་མཚན་དུ་གསོལ་ན་འདྲེན་མཆོག་དམ་པ་༸ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ་ཞེས་ལྷ་བཅས་འགྲོ་བའི་སྐྱབས་མགོན་དམ་པ་གང་ཉིད་ཀྱི་ཡན་ཆད་དུ། ཚིག་ལ་ལྷག་ཆད་མེད་ཅིང་བཤད་པའི་སྒྲོས་མ་ནོར་བ། གང་ཟག་མིའི་ཚིག་གིས་བསྣན་ཕྲི་མ་བྱས་པར་ཐོག་མ་ལས་མང་ཉུང་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི། དཔེར་ན། མི་མང་པོའི་ལག་ཏུ་གསེར་གྱི་པ་ཏྲ་ཤིན་ཏུ་ལེགས་པ་གཅིག་བརྒྱུས་ཀྱང་། དེ་ཉིད་བསྣན་ཕྲི་མེད་པར་ཐ་མ་གཅིག་གི་ལག་ཏུ་འབྱོར་བ་དང་འདྲ་བར་ཚིག་བརྒྱུད་ལ་ལྷད་མ་ཞུགས་པས། བུམ་པ་ཚད་ལྡན་ནས་ཚད་ལྡན་དུ་བྱོ་བ་ལྟར་ཆད་ལྷག་མེད་པར་ཁེངས་བ་དང་འདྲ་བར་སྙན་ནས་སྙན་དུ་བརྒྱུད་པས། བརྒྱུད་པ་རིན་པོ་ཆེ་འདི་ཉིད་ལ་རིང་བརྒྱུད་བཀའ་མའི་བརྒྱུད་པ་དང་། ཉེ་བརྒྱུད་གཏེར་གྱི་བརྒྱུད་པ་དང་། ཤིན་ཏུ་ཉེ་བརྒྱུད་བྱིན་རླབས་དོན་གྱི་བརྒྱུད་པ་སྟེ་གསུམ་བཞུགས་པ་ལས།  

དང་པོ་རིང་བརྒྱུད་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྒྱལ་བ་རིགས་ལྔ། དྲུག་པ་རྡོ་རྗེ་འཆང་ཆེན། དཔལ་ལྡན་རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་ན་རྡོ་རྗེ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཉང་བན་ཏིང་འཛིན་བཟང་པོ། སྦས་སྟོན་བློ་གྲོས་དབང་ཕྱུག །འབྲོམ་སྟོན་རིན་ཆེན་འབར་བ། གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །ཞང་སྟོན་བཀྲ་ཤིས་རྡོ་རྗེ། མཁས་པ་ཉི་མ་འབུམ། བརྒྱུད་འཛིན་གུ་རུ་ཇོ་འབེར། འཁྲུལ་ཞིག་སེང་གེ་རྒྱབ་པ། གྲུབ་ཆེན་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཡང་ན། ལྕེ་བཙུན་སེངྒེ་དབང་ཕྱུག །གུ་རུ་ཤངས་པ་རས་པ། བླ་མ་ཟབ་དོན་ཆོས་འབར། ཙ་རི་གྱེར་ཞིག །གཉགས་སྟོན་ཤེས་རབ་རྩེ་མོ། ཡོན་ཏན་སྒང་གི་སྤྲུལ་སྐུ་མཆེད་གཉིས། རྒྱ་སྨན་མིག་བཞི་པ་ནམ་མཁའ་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། མཁན་ཆེན་ཁྱབ་བརྡལ་ལྷུན་གྲུབ། སྤྲུལ་སྐུ་གྲགས་པ་འོད་ཟེར། འཁྲུལ་ཞིག་སངས་རྒྱས་དབོན་པོ། རྒྱལ་སྲས་ཟླ་བ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། སྤྲུལ་སྐུ་བསྟན་འཛིན་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། རིག་འཛིན་ཆེན་པོ་ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། གྲུབ་དབང་ཤྲཱི་ན་ཐའམ་སྔགས་ཀྱི་རབ་འབྱམས་པ་ཨོ་རྒྱན་དཔལ་མགོན། རིག་འཛིན་འཇིགས་མེད་གླིང་པ། འཇིགས་མེད་རྒྱལ་བའི་མྱུ་གུ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཨ་འཛོམ་འབྲུག་པ་རིག་འཛིན་སྣ་ཚོགས་རང་གྲོལ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། འབྲུག་སྤྲུལ་ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ་རྣམས་སོ། །དེ་ལྟ་བུའི་བརྒྱུད་པ་རིན་པོ་ཆེ་འདི་ལ། དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་དབང་ཁྲིད་གདམས་པ་དང་བཅས་པའི་བརྒྱུད་པ་ཟམ་མ་ཆད་པར་བརྒྱུད་པས་བྱིན་རླབས་ཀྱི་བཀའ་མ་ཆད། རྒྱུད་ལུང་མན་ངག་གི་དཔང་པོ་ཡོད་པས་གཟུ་ལུམ་རང་བཟོའི་དྲི་མའི་མ་གོས། དམ་ཚིག་གཙང་མའི་རྒྱུན་མ་ཆད་པས་དམ་ཉམས་འདྲེས་ཁྱེར་གྱི་སེལ་མ་ཞུགས། གྲུབ་པ་ཐོབ་པའི་རྒྱུན་མ་ཆད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཚེ་འདིར་ཐོབ་པའི་ཉེ་ལམ་ཟམ་མ་ཆད་པའོ། །

གཉིས་པ་ཉེ་བརྒྱུད་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་པ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ། རྫ་ཁྲ་མ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཨ་འཛོམ་འབྲུག་པ་རིག་འཛིན་སྣ་ཚོགས་རང་གྲོལ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། འབྲུག་སྤྲུལ་ཐུབ་བསྟན་པདྨ་ཕྲིན་ལས་དཔལ་བཟང་པོ་རྣམས་སོ། །

གསུམ་པ་ཤིན་ཏུ་ཉེ་བརྒྱུད་ནི།  ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔལ་བོ་རྡོ་རྗེ་དགུང་གྲངས་སོ་གཉིས་བཞེས་པའི་སྐབས་ཐོག་མར་ཨ་འཛོམ་ཕུན་ཚོགས་དགའ་ཚལ་དུ་བཞུགས་སྐབས་ཚེས་བཅོ་ལྔ་ཞིག་གི་དུས་མདུན་མཁར་ཀུན་མཁྱེན་འཇིགས་མེད་གླིང་པ་མངོན་སུམ་དུ་བཞུགས་ཡོད་པ་དང་འདྲ་བར་ཞལ་མཇལ། ཞལ་གྱི་ཕན་ཚུན་རི་མོ་ད་ལྟ་འདྲ་པར་འདི་ལྟ་བུ་ཞིག་ངེས་པར་འདུག །ཞལ་ནས་བཞད་གད་ཆེན་པོ་ཞིག་མཛད་པས་སྐབས་གཅིག་བརྒྱལ་སོང་བར་སྣང་། རྒྱལ་སངས་མ་ཐག་སྣང་བའི་བདེན་འཛིན་ཞིག་ནས། རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པ་ལྟར་ཐེག་པ་ལྟ་གྲུབ་གང་ལའང་འགྲམ་ཆུ་ལྡང་མི་དགོས་པར་གུ་ཡངས་བློ་བདེའི་རྣལ་འབྱོར་དུ་གྱུར་པ་ནི། ཀུན་མཁྱེན་གྱི་བཀའ་དྲིན་ཡིན་གསུངས་པ་དང་། ཉམས་སད་སུད་དང་རྨི་ལམ་ཟ་ཟི་ཙམ་མ་ཡིན་པར་རིག་འཛིན་འཇིགས་མེད་གླིང་པས་མངོན་སུམ་རྗེས་སུ་བཟུང་སྟེ་གཞི་ལམ་འབྲས་བུ་དབྱེར་མེད་དུ་ངེས་ཤེས་རྙེད་གསུངས་པ་དང་། ང་ལ་གང་ཟག་མི་ཡི་བླ་མ་རྣམས་ཀྱང་བཀའ་དྲིན་ཚད་བཟུང་མེད་པ་ཡིན་མོད། བཀའ་དྲིན་འགྲན་ཟླ་དང་བྲལ་བ་ནི་ཀུན་མཁྱེན་བླ་མ་དེ་ཉིད་ཡིན་ཞེས་སོགས་གསུངས་ཏེ། མདོར་ན་རིགས་བདག་རྩ་བའི་བླ་མ་ཐུན་མོང་མ་ཡིན་པ་ནི་ཀུན་མཁྱེན་རང་བྱུང་རྡོ་རྗེ་ཁོ་ན་ལ་མཛད་ཅིང་། འོད་གསལ་སྙིང་པོ་དྲི་མེད་ཀློང་ཡངས་ཞེས་པའི་མཚན་འདི་ཡང་རིག་འཛིན་དེ་ཉིད་ཀྱིས་མངོན་སུམ་དུ་སྩལ་བ་ཡིན་ཏེ། རང་ལ་རང་བསྟོད་མིན་ཀྱང་འོད་གསལ་སྙིང་ཐིག་གི་བརྒྱུད་པ་ལ་རིང་བརྒྱུད་ཉེ་བརྒྱུད་གཉིས་ཀ་ང་རང་བཟང་ཞེས་ཞལ་བཞེས་ཡང་ཡང་མཛད་ཅིང་། ཞེས་རྣམ་ཐར་སྐལ་བཟང་ཡིད་ཀྱི་གདུང་སེལ་ལས་གསུངས་པ་ལྟར་ཀུན་མཁྱེན་ཕྱི་མ་རིག་འཛིན་འཇིགས་མེད་གླིང་པའི་ཡེ་ཤེས་སྐུ་ཡིས་རྗེས་སུ་བཟུང་བས་ཐུན་མོང་མ་ཡིན་པ་ཤིན་ཏུ་ཉེ་བརྒྱུད་བྱིན་རླབས་དོན་གྱི་བརྒྱུད་པ་ཞེས་བརྒྱུད་པའི་བླ་མ་རྣམས་ཀྱི་བཞེད་པ་ཡིན་ནོ། །བརྒྱུད་པ་རིན་པོ་ཆེ་འདི་ཉིད་ལ་རིང་བརྒྱུད་བཀའ་མའི་བརྒྱུད་པ་དང་། ཉེ་བརྒྱུད་གཏེར་གྱི་བརྒྱུད་པ་དང་། ཤིན་ཏུ་ཉེ་བརྒྱུད་བྱིན་རླབས་དོན་གྱི་བརྒྱུད་པ་སྟེ་བརྒྱུད་པ་གསུམ་གྱི་བཀའ་སྲོལ་གྱི་ཆུ་བོ་གཅིག་ཏུ་འདུས་པའི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་དམ་པའོ། །

རྨད་བྱུང་བྱིན་རླབས་སྙན་བརྒྱུད་ཟབ་མོ་མཆོག །ཀ་དག་ལྷུན་གྲུབ་ཟུང་འཇུག་གསང་ལམ་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་གྱི། །སྙིགས་མའི་མཐའ་འདིར་གྲུབ་པའི་མངོན་རྟགས་ངོམ། །སྲིད་ན་རྙེད་པ་དཀའ་བའི་ཡིད་བཞིན་གྱི། །ནོར་གྱིས་དོ་ཟླ་མིན་པའི་སྙན་བརྒྱུད་ཀྱི། །གདམས་ཟབ་ལ་བརྟེན་ལོ་དང་ཟླ་བ་ཡི། །ལྷག་བཅས་ལྷག་མེད་འོད་སྐུར་གྲོལ་བ་ཡི། །ཟབ་ལམ་འོད་གསལ་རྫོགས་ཆེན་སྙིང་ཐིག་གི། །བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་འབངས་སུ། །འཇུག་པའི་སྐལ་བཟང་ཐོབ་པའི་རིག་པ་འཛིན། །ཚོགས་དྲུག་རང་གྲོལ་ཞེས་པའི་རྣལ་འབྱོར་དེས། །དཔལ་ལྡན་བླ་མའི་དགོངས་རྫོགས་མཆོད་སྤྲིན་དུ། །ཆེད་དུ་དམིགས་ཏེ་འབད་པས་བསྒྲུབས་པ་ལགས། ། 

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K