༄༅། །ཨོ་རྒྱན་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །

༄༅།  །གསོལ་བ་བཏབ་ན་བསླུ་བ་མ་མཆིས་པའི། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་ནི་བློ་ཆུང་སྤྱོད་རྩིང་དུག་ཆེ་ཡང་། །ཁྱེད་ཐུགས་བརྩེ་བས་ནམ་ཡང་མི་འདོར་བས། །རླུང་མཁྲིས་བད་ཀན་ནད་ཀྱིས་བཏབ་པའི་ཚེ། །འཚོ་མཛད་སྨན་པ་མཛོད་ཅིག་པདྨ་འབྱུང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་གཙེས་པའི་ཚེ། །བསྲུང་བའི་རིམ་གྲོ་མཛོད་ཅིག་པདྨ་འབྱུང་། །སུམ་བརྒྱ་དྲུག་ཅུའི་གདོན་གྱིས་བཏབ་པའི་ཚེ། །དགྲོལ་བའི་ཆོ་ག་མཛོད་ཅིག་པདྨ་འབྱུང་། །བྱད་ཕུར་མཐུ་ཟོར་རྦོད་གཏོང་བྱུང་བའི་ཚེ། །དེ་ལ་བཟློག་པ་མཛོད་ཅིག་པདྨ་འབྱུང་། །མོ་ལྟས་རྨི་ལམ་རྩིས་ཟུར་ངན་པའི་ཚེ། །བཅོས་ཤིང་བསྒྱུར་བར་མཛོད་ཅིག་པདྨ་འབྱུང་། །གྲིབ་རིགས་ངན་པ་གང་གིས་ཕོག་པའི་ཚེ། །བཀྲུ་ཞིང་སྦྱང་བར་མཛོད་ཅིག་པདྨ་འབྱུང་། །འདྲེ་ངན་འགོང་པོས་གནོད་པ་བྱས་པའི་ཚེ། །བཀར་ཞིང་གཟིར་མནན་མཛོད་ཅིག་པདྨ་འབྱུང་། །དབང་ཅན་བཙན་པོས་མནར་ཞིང་སྡང་བའི་ཚེ། །རང་དཔུང་བཙན་པར་མཛོད་ཅིག་པདྨ་འབྱུང་། །ཇག་རྐུན་ངན་པས་རྐུ་འཕྲོག་གཤོམ་པའི་ཚེ། །དགྲ་ཉེས་འཆིང་བར་མཛོད་ཅིག་པདྨ་འབྱུང་། །དབུལ་ཞིང་ཟས་གོས་ལོངས་སྤྱོད་དཀའ་བའི་ཚེ། །དགོས་འདོད་ཆར་བ་ཕོབས་ཤིག་པདྨ་འབྱུང་། །ཅི་བྱ་གཏོལ་མེད་གྱུར་པའི་དུས་བྱུང་ཚེ། །ཅི་ལེགས་མྱུར་དུ་སྒྲུབས་ཤིག་པདྨ་འབྱུང་། །འདི་མེད་ཕྱི་མེད་ལས་ལ་གཡེང་བའི་ཚེ། །དོན་ཆེན་ལས་ལ་སྦྱོར་ཅིག་པདྨ་འབྱུང་། །ནམ་ཞིག་འཇིག་རྟེན་ཕ་རོལ་འགྲོ་བའི་ཚེ། །ལམ་སྟོན་བླ་མ་མཛོད་ཅིག་པདྨ་འབྱུང་། །འགྲོ་འཆགས་ཉལ་འདུག་སྤྱོད་ལམ་གང་གི་ཚེ། །རང་དང་འབྲལ་མེད་མཛོད་ཅིག་པདྨ་འབྱུང་། །མདོར་ན་སྐྱིད་སྡུག་ལེགས་ཉེས་གང་གི་ཚེ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག་པདྨ་འབྱུང་། །པདྨ་འབྱུང་གནས་མ་གཏོགས་རེ་ས་མེད། །པདྨ་འབྱུང་གནས་མ་གཏོགས་སྐྱབས་གནས་མེད། །པདྨ་འབྱུང་གནས་ཁོ་ནས་རྗེས་བཟུང་ནས། །པདྨ་འབྱུང་གནས་གོ་འཕང་མྱུར་འཐོབ་ཤོག །

ཅེས་པ་འདི་ནི་བསླུ་མེད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་དྲིན་སྙིང་ནས་དྲན་ཞིང་བཟོད་མེད་ཀྱི་མོས་གུས་འབར་དུས་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་པའོ། །

47.2K