༄༅། །བཛྲ་གུ་རུའི་ཕན་ཡོན་བཞུགས།

༄༅། །ན་མོ་གུ་རུ་པདྨ། སློབ་དཔོན་ཆེན་པོ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཛྲ་གུ་རུ་འདོན་མཁན་ལ། །བཛྲ་གུ་རུའི་ཕན་ཡོན་བརྗོད། །སྔོན་དུས་དཔལ་གྱི་བསམ་ཡས་སུ། །བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས། །ཕྱི་ནང་གསང་པའི་མཎྜལ་མཆོག །ཨོ་རྒྱན་རྗེ་ལ་ཕུལ་ནས་སུ། །གུས་པས་ཕྱག་འཚལ་འདི་སྐད་གསོལ། །མ་འོངས་སེམས་ཅན་བློ་སྣ་མང་། །དམུ་རྒོད་ཆོས་ལ་ལོག་ལྟ་ཆེ། །ཁྱད་པར་གསང་སྔགས་ཟབ་མོ་ལ། །ལོག་ལྟ་བྱེད་མཁན་མང་དུ་འབྱུང་། །དེ་དུས་ནད་མཚོན་མུག་གསུམ་གྱིས། །བོད་ཁམས་སྡུག་ལ་གཏད་པའི་དུས། །ཕན་པའི་རིམ་གྲོ་མང་ཡོད་ཀྱང་། །སྒྲུབ་ལོང་མེད་ཅིང་བར་ཆད་ཆེ། །རྫས་དང་ཡོ་བྱད་མི་ཚང་ཞིང་། །དུས་ངན་སེམས་ཅན་ཁ་མི་འཆམ། །དེ་དུས་གུ་རུ་ཉིད་སྒྲུབ་པའི། །ཕན་ཡོན་ཐམས་ཅད་གསུང་དུ་གསོལ། །སློབ་དཔོན་ཆེན་པོའི་ཞལ་ནས་ཀྱང་། །དད་ལྡན་བུ་མོ་ཁྱོད་བདེན་ནོ། །མ་འོངས་དེ་འདྲའི་དུས་ཚོད་ལ། །ཕན་པའི་གཏེར་ཁ་མང་སྦས་ཀྱང་། །སེམས་ཅན་བསོད་ནམས་ཟད་སྟབས་ཀྱིས། །རྟེན་འབྲེལ་འགྲིགས་པ་ཤིན་ཏུ་དཀའ། །འོན་ཀྱང་དེ་འདྲའི་དུས་ཚོད་ལ། །སྙིང་བོ་བཛྲ་གུ་རུ་འདི། །གནས་ཆེན་དང་ནི་དགོན་ཆེན་དང་། །རི་ཆེན་རྩེའམ་ཆུ་ཆེན་འགྲམ། །ལྷ་འདྲེའི་ཆོ་འཕྲུལ་ཆེ་ས་རུ། །སྔགས་པ་དམ་ཚིག་ལྡན་པ་དང་། །དགེ་འདུན་ཚུལ་ཁྲིམས་ལྡན་པ་དང་། །སྐྱེ་བོ་དད་པ་ལྡན་པ་དང་། །བུད་མེད་མཚན་ལྡན་ཐམས་ཅད་ཀྱིས། །སེམས་བསྐྱེད་བསམ་པ་བཟང་པོ་ཡིས། །བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས། །བཏོན་པའི་ཕན་ཡོན་བསམ་མི་ཁྱབ། །ནད་དང་གདོན་དང་མཚོན་འཁྲུག་དང་། །ལོ་ཉེས་མུ་གེ་ཆོ་འཕྲུལ་ཞི། །ཆར་ཆུ་དུས་འབེབ་ཡུལ་ཕྱོགས་སུ། །བཀྲ་ཤིས་དགེ་ལེགས་འབྱུང་བར་འགྱུར། །འདི་དང་ཕྱི་མ་བར་དོ་རུ། །རབ་དངོས་འབྲིང་ཉམས་རྨི་ལམ་དུ། །ཨོ་རྒྱན་ཆེན་པོའི་ཞལ་མཐོང་ནས། །གསུང་དབྱངས་ཟབ་མོ་ཐོས་པར་འགྱུར། །ཕྱི་མར་རྔ་ཡབ་དཔལ་རི་རུ། །རིག་འཛིན་ཕོ་མོའི་ཚོགས་གྲལ་དུ། །ཆུད་ནས་གསང་སྔགས་ཉམས་བླངས་ཏེ། །ས་ལམ་རིམ་རྫོགས་སངས་རྒྱས་འགྱུར། །སྙིང་པོ་བཛྲ་གུ་རུ་འདི། །བརྒྱ་རེ་བཟླས་པ་མ་ཆག་ན། །གཞན་གྱི་ཡིད་དུ་འོང་བ་དང་། །ཟས་ནོར་ལོངས་སྤྱོད་འབད་མེད་འབྱུང་། །སྟོང་དང་ཁྲི་སོགས་བཟླས་བྱས་ན། །གཞན་སྣང་ཟིལ་གྱིས་གནོན་པ་དང་། །བྱིན་རླབས་ནུས་པ་ཐོགས་པ་མེད། །འབུམ་དང་བྱེ་བ་སོགས་བཟླས་ན། །ཁམས་གསུམ་དབང་དུ་བསྡུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །ལྷ་འདྲེ་མ་ལུས་བྲན་དུ་འཁོལ། །འཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ། །རང་གི་ཡིད་ལ་གང་བསམ་བཞིན། །སེམས་ཅན་འགྲོ་དོན་དཔག་མེད་འབྱུང་། །བྱེ་བ་གསུམ་མམ་བདུན་བཟླས་ན། །སངས་རྒྱས་རྣམས་དང་འབྲལ་མེད་ཅིང་། །ཨོ་རྒྱན་རྗེ་དང་དབྱེར་མེད་པར། །ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ། །ཅི་བཅོལ་ལས་རྣམས་ཐམས་ཅད་གྲུབ། །རབ་རྣམས་ཚེ་འདིར་འཇའ་ལུས་འགྲུབ། །འབྲིང་གིས་འཆི་བ་འོད་གསལ་ཟིན། །ཐ་མ་སྲིད་པ་བར་དོར་གྲོལ། །གཞན་ཡང་བཛྲ་གུ་རུ་ལ། །ཐེག་པ་རིམ་དགུ་རྒྱུད་སྡེ་བཞི། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་གཏེར་བདག་བཅས། །སྲོག་སྙིང་མ་ལུས་འདི་ལ་ཚང་། །ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས། །བཛྲ་རྡོ་རྗེ་རིགས་ཀྱི་སྲོག །གུ་རུ་རིན་ཆེན་རིགས་ཀྱི་སྲོག །པདྨ་པདྨ་རིགས་ཀྱི་སྲོག །སིདྡྷི་ལས་ཀྱི་རིགས་ཀྱི་སྲོག །ཧཱུྃ་ནི་བདེ་གཤེགས་རིགས་ཀྱི་སྲོག །ཨོཾ་ནི་རིགས་ལྔ་ལོངས་སྤྱོད་རྫོགས། །ཨཱཿནི་ཆོས་སྐུ་མི་འགྱུར་བ། །ཧཱུྃ་ནི་སྤྲུལ་སྐུ་གུ་རུ་དྲུག །བཛྲ་ཁྲག་འཐུང་ལྷ་ཚོགས་རྫོགས། །གུ་རུ་རིག་འཛིན་ལྷ་ཚོགས་རྫོགས། །པདྨ་མཁའ་འགྲོ་ཤུགས་འགྲོ་རྫོགས། །སིདྡྷི་ནོར་ལྷ་གཏེར་བདག་རྫོགས། །ཧཱུྃ་ལ་ཆོས་སྐྱོང་ཐམས་ཅད་རྫོགས། །ཨོཾ་ཨཱཿཧཱུྃ་ནི་རྒྱུད་སྡེ་གསུམ། །བཛྲ་འདུལ་བ་མདོ་སྡེ་གཉིས། །གུ་རུ་མངོན་པ་ཀྲི་ཡ་གཉིས། །པདྨ་ཨུ་པ་ཡོ་ག་གཉིས། །སིདྡྷི་ཨ་ནུ་ཨ་ཏི་གཉིས། །ཧཱུྃ་ནི་རྫོགས་པ་ཆེན་པོའོ། །ཨོཾ་ཨཱཿཧཱུྃ་གིས་དུག་གསུམ་ལས། །གྱུར་པའི་སྡིག་སྒྲིབ་མ་ལུས་འདག །བཛྲ་ཞེ་སྡང་སྒྲིབ་པ་འདག །གུ་རུས་ང་རྒྱལ་ལས་གྱུར་འདག །པདྨས་འདོད་ཆགས་ལས་གྱུར་འདག །སིདྡྷིས་ཕྲག་དོག་ལས་གྱུར་འདག །ཧཱུྃ་གིས་ཤེས་བྱའི་སྒྲིབ་པ་འདག །ཨོཾ་ཨཱ་ཧཱུྃ་གིས་སྐུ་གསུམ་འཐོབ། །བཛྲས་མེ་ལོང་ཡེ་ཤེས་ཐོབ། །གུ་རུས་མཉམ་ཉིད་ཡེ་ཤེས་ཐོབ། །པདྨས་སོར་རྟོག་ཡེ་ཤེས་ཐོབ། །སིདྡྷིས་བྱ་གྲུབ་ཡེ་ཤེས་ཐོབ། །ཧཱུྃ་གིས་ཡེ་ཤེས་ལྔ་པོ་ཐོབ། །ཨོཾ་ཨཱཿཧཱུྃ་གིས་ལྷ་དང་འདྲེ། །མི་རྣམས་མ་ལུས་འདུལ་བར་འགྱུར། །བཛྲས་དྲི་ཟ་མེ་ལྷ་འདུལ། །གུ་རུས་གཤིན་རྗེ་སྲིན་པོ་འདུལ། །པདྨས་ཆུ་ལྷ་རླུང་ལྷ་འདུལ། །སིདྡྷིས་གནོད་སྦྱིན་དབང་ལྡན་འདུལ། །ཧཱུྃ་གིས་གཟའ་དང་ས་བདག་འདུལ། །ཨོཾ་ཨཱཿཧཱུྃ་གིས་ཕྱིན་དྲུག་འགྲུབ། །བཛྲས་ཞི་བའི་ལས་རྣམས་འགྲུབ། །གུ་རུས་རྒྱས་པའི་ལས་རྣམས་འགྲུབ། །པདྨས་དབང་གི་ལས་རྣམས་འགྲུབ། །སིདྡྷིས་འཕྲིན་ལས་མ་ལུས་འགྲུབ། །ཧཱུྃ་གིས་དྲག་པོའི་ལས་རྣམས་འགྲུབ། །ཨོཾ་ཨཱཿཧཱུྃ་གིས་བན་བོན་གྱི། །བྱད་ཁ་ཕུར་ཁ་བཟློག་པར་འགྱུར། །བཛྲས་ཡེ་ཤེས་བྱད་ཁ་བཟློག །གུ་རུས་སྡེ་བརྒྱད་བྱད་ཁ་བཟློག །པདྨས་འཇིག་རྟེན་ལྷ་འདྲེ་བཟློག །སིདྡྷིས་ཀླུ་དང་ས་བདག་བཟློག །ཧཱུྃ་གིས་བྱད་ཁ་མ་ལུས་བཟློག །ཨོཾ་ཨཱཿཧཱུྃ་གིས་དུག་གསུམ་འཇོམས། །བཛྲ་ཞེ་སྡང་ལས་གྱུར་འཇོམས། །གུ་རུས་ང་རྒྱལ་ལས་གྱུར་འཇོམས། །པདྨས་འདོད་ཆགས་ལས་གྱུར་འཇོམས། །སིདྡྷིས་ཕྲག་དོག་ལས་གྱུར་འཇོམས། །ཧཱུྃ་གིས་ཉོན་མོངས་བརྒྱད་ཁྲི་འཇོམས། །ཨོཾ་ཨཱཿཧཱུྃ་གིས་སྐུ་དང་གསུང་། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །བཛྲས་ཞི་ཁྲོའི་དངོས་གྲུབ་ཐོབ། །གུ་རུས་རིག་འཛིན་བླ་མེད་ཐོབ། །པདྨས་མཁའ་འགྲོ་མཁའ་སྤྱོད་ཐོབ། །སིདྡྷིས་མཆོག་ཐུན་དངོས་གྲུབ་ཐོབ། །ཧཱུྃ་གིས་ཅི་བསམ་དངོས་གྲུབ་ཐོབ། །ཨོཾ་ཨཱཿཧཱུྃ་གིས་གདོད་མ་ཡི། །ཞིང་ཁམས་མཆོག་ཏུ་འཕོ་བར་འགྱུར། །བཛྲས་མངོན་དགའི་ཞིང་དུ་འཕོ། །གུ་རུས་དཔལ་ལྡན་ཞིང་དུ་འཕོ། །པདྨས་བདེ་ཆེན་ཞིང་དུ་འཕོ། །སིདྡྷིས་ལས་རབ་རྫོགས་ཞིང་འཕོ། །ཧཱུྃ་གིས་འོག་མིན་ཞིང་དུ་འཕོ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུམ་གྱི། །རིག་འཛིན་མཆོག་ནི་ཐོབ་པར་འགྱུར། །བཛྲས་སར་གནས་རིག་འཛིན་ཐོབ། །གུ་རུས་ཚེ་དབང་རིག་འཛིན་ཐོབ། །པདྨས་ཕྱག་རྒྱའི་རིག་འཛིན་ཐོབ། །སིདྡྷིས་ལྷུན་གྲུབ་རིག་འཛིན་ཐོབ། །ཧཱུྃ་གིས་རྣམ་སྨིན་རིག་འཛིན་ཐོབ། །དེ་ཕྱིར་བཛྲ་གུ་རུ་ལ། །མ་འདུས་པ་ནི་གཅིག་ཀྱང་མེད། །བཛྲ་གུ་རུ་གཅིག་བརྗོད་པའི། །ཕན་ཡོན་དེ་ལ་གཟུགས་ཡོད་ན། །འཛམ་གླིང་འདི་ཡང་སྣོད་དུ་ཆུང་། །བཛྲ་གུ་རུ་དབྱངས་བྱས་ཏེ། །བཏོན་པའི་སྒྲ་ཐོས་སེམས་ཅན་ནི། །བྱ་བྱིའུ་འབུ་སྲིན་ཡན་ཆད་ཀྱང་། །རིག་འཛིན་ཞིང་དུ་སྐྱེ་བར་འགྱུར། །གལ་ཏེ་འདོན་པར་མ་ནུས་ན། །དར་ལྕོག་བྱས་ཏེ་རླུང་ལ་ཕྱོར། །རླུང་གིས་ཕོག་ཚད་གྲོལ་བར་འགྱུར། །ཡང་ན་ཤིང་དང་རྡོ་ལེབ་ལ། །བྲིས་ཏེ་སྒོ་ཡི་སྟེང་རྣམས་དང་། །ཀུན་གྱིས་མཐོང་བར་བཞག་གྱུར་ན། །ནད་གདོན་སྡིག་སྒྲིབ་འདག་པ་དང་། །ལྷ་སྲིན་འདྲེ་རྒོད་འབྱུང་པོ་ཡི། །རྒྱུ་ལམ་ཆད་ཅིང་གནོད་འཚེ་ཞི། །མཐིང་ཤོག་དག་ལ་གསེར་གྱིས་བྲིས། །རབ་གནས་བྱས་ཏེ་སྐེ་ལ་འདོགས། །ནད་དང་བགེགས་ཀྱིས་མི་ཚུགས་ཤིང་། །འཆི་དུས་རོ་དང་ལྷན་དུ་ནི། །བསྲེགས་ན་རབ་ལ་འཇའ་འོད་འཁྱུག །ཐ་མའང་བདེ་ཆེན་ཞིང་དུ་འཕོ། །བསླུ་མེད་བཛྲ་གུ་རུ་ཡི། །ཕན་ཡོན་ཇི་ལྟར་གསུངས་པ་བཞིན། །མྱུར་དུ་འགྲུབ་པར་མ་གྱུར་ན། །པདྨ་ང་ཡིས་སེམས་ཅན་རྣམས། །བསླུས་པ་ཡིན་ཞེས་ཞལ་བཞེས་མཛད། །དེས་ན་བསླུ་མེད་པད་འབྱུང་གི། །སྙིང་པོ་འབྲི་འདོན་ཀློག་གསུམ་མཛོད། །ཡོན་ཏན་ཚད་འདས་བསྒྲང་མི་ནུས། །འདི་ནི་ཞོ་འོང་ལ་དཔྱིས་དང་། །གླིང་རྒྱ་བྱང་ཆུབ་སེང་གེ་གཤོང་། །ཨ་བར་སོགས་ཀྱི་དད་ལྡན་གྱི། །ཕོ་མོ་ཕན་སེམས་ཅན་རྣམས་ལ། །ཀརྨ་གླིང་པའི་གཏེར་བྱོན་ལྟར། །ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར། །དགེ་འདིས་སློབ་དཔོན་ཆེན་པོ་ལ། །གསོལ་བ་འདེབས་ཤིང་སྐྱབས་འཚོལ་མཁན། །ཕོ་མོ་ཆེ་ཆུང་སུ་ཡིན་ཀྱང་། །བདག་དང་ལྷན་ཅིག་མཁའ་སྤྱོད་ཀྱི། །ཞིང་དུ་སྐྱེས་ནས་པད་འབྱུང་གི། །སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །

ཞེས་པའི་འདི་ནི་ཆོས་དབྱིངས་རང་གྲོལ་དང་རིན་ཆེན་ལས་གྲུབ་གཉིས་ཀྱིས་བསྐུལ་ངོར་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་པའོ། །

47.2K