༄༅། །རླུང་རོ་བསལ་ཚུལ་གྱི་ཟིན་བྲིས་དམ་པའི་ཞལ་ལུང་བཞུགས་སོ། །

རླུང་རོ་དགུ་སྤྲུགས་འབུད་ཚུལ་ལ། གསང་སྔགས་བཀའ་གཏེར་དང་། བླ་མ་རྣམས་ཀྱི་ཕྱག་བཞེས་སུ་མཐུན་མི་མཐུན་མང་དག་མཆིས་ནའང་། འདིར་ཟབ་ཆོས་འཁོར་བ་དབྱིངས་སྒྲོལ་གྱི་བསྐྱེད་རྫོགས་རྫོགས་ཆེན་གྱི་ཁྲིད་ཡིག་ལྟར། སྤྱང་ལུང་བྱ་བྲལ་བ་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་ཞལ་ཁྲིད་དུ་གནང་བ་ཟིན་བྲིས་སུ་བཀོད་པ་ལ། ལུས་རྣམ་སྣང་ཆོས་བདུན་བྱ་དགོས་པས། རྐང་པ་རྡོ་རྗེ་དཀྱིལ་ཀྲུང་། ལག་པ་གཉིས་མཉམ་བཞག  །རྐེད་པ་དྲང་པོར་བསྲང་བ། མགྲིན་པ་ཅུང་ཟད་གུག །སོ་དང་མཆུ་རང་ལུགས་སུ་བཞག །ལྕེ་རྩེ་རྐན་ལ་ཅུང་ཟད་སྦྱར། མིག་སྣ་རྩེར་ཕབ་སྟེ་རླུང་རང་བབས་སུ་བཞག །དམིགས་པ་ནི་རང་ལུས་དབུས་སུ་རྩ་དབུ་མ་ཁྱད་ཆོས་བཞི་ལྡན་སྔོན་པོ་སྦ་སྨྱུག་འབྲིང་བོ་ཙམ། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ་གཉིས་མདའ་སྨྱུག་ཙམ་རེ་རྩ་བ་ལྟེ་འོག་སོར་བཞིའི་ཐད་ནས་ཡི་གེ་ཆའི་འགབ་ལྟར་འདྲེས་པ་རྩེ་མོ་གསུམ་ཀླད་རྒྱའི་ཐད་ནས་ཐུར་དུ་བཀུག་སྟེ་དབུ་མའི་ཁ་སྣ་རྩེ་དང་རོ་རྐྱང་གཉིས་སྣ་བུག་གཉིས་སུ་ཧ་རེ་ཡོད་པ་གསལ་བཏབ། ལག་པ་གཡས་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པ་རླུང་མར་ཆུད་པའི་ཕྱག་རྒྱ་བཅས་མཛུབ་མོ་སྒྲེང་ནས་སྣ་བུག་གཡོན་གྱི་སྒོར་དལ་བུས་ཁྱེར་བ་དང་དུས་མཉམ་དུ་ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་སྣ་བུག་གཡོན་ནས་ཞུགས་རྐྱང་མའི་ནང་བརྒྱུད་ནས་རོ་མའི་ནང་ནས་ཚེ་རབས་འཁོར་བ་ཐོག་མེད་ནས་ཉོན་མོངས་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་རླུང་དཀར་མོག་གི་རྣམ་པར་སྣ་བུག་གཡས་ནས་དལ་བུས་ཕུད། ཡང་ལག་པ་གཡོན་སྔར་ལྟར་སྣ་བུག་གཡས་ཀྱི་སྒོར་ཁྱེར་བ་དང་མཉམ་དུ་ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་སྣ་བུག་གཡས་ནས་ཞུགས་རོ་མ་བརྒྱུད་རྐྱང་མ་ནས་ཚེ་རབས་ཐོག་མེད་ནས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུང་དམར་མོག་གི་རྣམ་པར་སྣ་བུག་གཡོན་པ་ནས་དལ་བུས་ཕུད། ཡང་ལག་པ་གཉིས་སྣ་བུག་གཉིས་སྒོར་ཁྱེར་བ་དང་དུས་མཉམ་དུ་ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་སྣ་བུག་ནས་རོ་རྐྱང་གི་ལམ་བརྒྱུད་དབུ་མར་ཞུགས་ཏེ་ཚེ་རབས་ཐོག་མེད་ནས་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུང་སྔོ་མོག་གི་རྣམ་པར་སྣ་རྩེ་ནས་དལ་བུས་ཕུད། སླར་ཡང་གཡས་གཡོན་དབུས་གསུམ་འབྲིང་བོ་ཙམ་ཕུད། དེ་རྗེས་གཡས་གཡོན་དབུས་གསུམ་དྲག་ཏུ་འཕུད་ཅིང་ལྷག་མེད་དུ་སྦྱངས་པར་བསམ། དེ་ལ་དང་པོ་གསུམ་གྱི་ཚེ་སྣོད་བཀྲུས་པ་ལྟ་བུ། གཉིས་པ་གསུམ་གྱིས་བཤལ་བ་ལྟ་བུ། གསུམ་པ་གསུམ་གྱིས་ལྷག་མ་མ་ལུས་པར་བྱང་བ་ལྟ་བུའོ། །འདི་ལྟར་རླུང་རོ་དགུ་སྤྲུགས་འབུལ་བ་ནི་ཤུན་ཏུ་གལ་ཆེ་སྟེ། སྔོན་བྱོན་སྐྱེས་ཆེན་རྣམས་ཀྱི་གསུང་འགྲོས་ལ་རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་སྨན། རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་དུག་ཡིན་གསུངས་པ་ལྟར། རང་རེ་རྣམས་རྒྱུད་དུག་གསུམ་གང་རུང་གིས་ཉིན་རེ་བཞིན་མི་གོས་མི་སྲིད་པའི་དཔེ་རྐྱེན་གྱིས་དགེ་སྦྱོར་གང་བྱས་དུག་དང་འདྲེས་པའི་ཁ་ཟས་དང་འདྲ་མཚུངས་འབྱུང་ཉེ་བས། ཐོག་མར་རླུང་རོ་བསལ། དེ་རྗེས་དགེ་སེམས་ཁྱད་པར་ཅན་བཏང་ནས། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཐམས་ཅད་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་དགོས་སྙམ་པའི་སེམས་བསྐྱེད་དང་བཅས་བསྐྱེད་རྫོགས་ཀྱི་ལམ་གང་ལ་ཆུན་ཆེ་ཞིང་བོགས་ཐོན་པར་འགྱུར་རོ། །ཞེས་རླུང་རོ་བསལ་ཚུལ་གྱི་ཟིན་བྲིས་དམ་པའི་ཞལ་ལུང་འདི་ནི། རང་སློབ་བྱམས་པས་བསྐུལ་ངོར་ཁྱབ་གདལ་ཀློང་ཡངས་ཀྱིས་སུག་བྲིས་སུ་བགྱིས་པ་དགེའོ། །

47.2K