རྣལ་འབྱོར་རལ་པའི་ཅོད་པན་ལ་དབང་བའི་དབང་བསྐུར་བྱིན་གྱིས་བརླབ་པའི་ཆོ་ག་བྱིན་རླབས་ཡེ་ཤེས་ཀྱི་ཀློང་མཛོད་ཟབ་མོ་བཞུགས་སོ༔

༄༅། །ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔

རྣལ་འབྱོར་རལ་པའི་ཅོད་པན་ལ་དབང་བའི་དབང་བསྐུར་བྱིན་གྱིས་བརླབ་པའི་ཆོ་ག་བྱིན་རླབས་ཡེ་ཤེས་ཀྱི་ཀློང་མཛོད་ཟབ་མོ་བཞུགས་སོ༔

༄༅། །ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཐེག་དགུའི་ཡང་རྩེ་སྔགས་ཀྱི་གསང་ལམ་ལ༔ འཇུག་པའི་ཐེག་ཆེན་རྣལ་འབྱོར་དམ་པ་རྣམས༔ རྒྱན་གྱི་མཆོག་གྱུར་རལ་པ་ལྕང་ལོ་མཆོག༔ འབྲལ་མེད་ས་བོན་ལྷན་ཅིག་སྐྱེས་པ་སྟེ༔ བྱིན་གྱིས་བརླབས་དང་མ་བརླབ་བྱེ་བྲག་གིས༔ ཐ་མལ་མགོ་རེག་ཕོ་མོའི་སྐྲ་འཆང་བ༔ དེ་དག་འཇིག་རྟེན་ཐ་མལ་ལུགས་ཡིན་ཏེ༔ དེ་ལས་ཁྱད་འཕགས་རལ་པའི་ཅོད་པན་ནི༔ རལ་པ་མ་བཅོས་ལྕང་ལོར་བཞག་པ་དང༔ སྤྱོད་ལམ་མ་བཅོས་བརྟུལ་ཞུགས་སྤྱོད་པ་ཆེ༔ སེམས་ཉིད་མ་བཅོས་གཉུག་མའི་ངང་དུ་བཞག༔ མ་བཅོས་རྣམ་གསུམ་རང་གར་སོར་བཞག་པ༔ འདི་དག་རྡོ་རྗེ་འཆང་དང་ལོངས་སྐུའི་ལུགས༔ དབང་དང་བྱིན་རླབས་གནད་ཀྱིས་ཐེབས་པ་ཡི༔ སྐྲ་ལོ་རྡོ་རྗེ་འཆང་གི་བཀའ་ལུགས་བཞིན༔ བཞག་ནས་དབང་ཐོབ་བྱིན་རླབས་དབང་བསྐུར་ན༔ གསང་སྔགས་རྡོ་རྗེ་ཐེག་པའི་གྲུབ་མཐར་ངེས༔ དེ་ཕྱིར་སྔགས་པའི་སྐྲ་ལོར་བྱིན་བརླབ་དང༔ དབང་བསྐུར་བྱེད་པའི་ཚུལ་ནི་འདི་ལྟ་སྟེ༔ དང་པོ་སྐྲ་དྲེག་བུལ་ཏོག་ཆུས་བཀྲུས་ཏེ༔ ཤིན་ཏུ་སྐྲ་དྲེག་དྲི་མ་དང་བྲལ་མཐར༔ རིགས་འདུས་བླ་མ་རྡོ་རྗེ་སློབ་དཔོན་གྱིས༔ ཁྲུས་བྱ་བགེགས་བསྐྲད་སྲུང་བའི་འཁོར་ལོར་བསྒོམ༔ དེ་ནས་སློབ་མའི་ཐལ་སྦྱར་གུས་བཏུད་དེ༔ དངོས་ཡིད་མཎྜལ་མཉེས་བྱེད་ལེགས་འབུལ་ཞིང་༔ རྡོ་རྗེ་བླ་མར་གསོལ་བ་འདི་ལྟར་གདབ༔ ཀྱེེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ངོ་བོ་བླ་མ་རྡོ་རྗེ་འཆང་༔ བདག་ནི་བྱང་ཆུབ་མ་ཐོབ་བར༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེ༔ ཁྱེད་ཀྱི་བཀའ་བཞིན་གསང་སྔགས་ཀྱི༔ ལྟ་སྤྱོད་ཇི་ལྟར་ཉམས་ལེན་བྱ༔ ཕཿལས་ཕོ་ནི་ཐབས་ཀྱི་ཆ༔ མཿལས་མོ་ནི་བྱང་ཆུབ་སེམས༔ ཐབས་ཤེས་ཟུང་འཇུག་སྤྱོད་པ་ལ༔ སྤྱོད་ནས་རྣམ་གྲོལ་སངས་རྒྱས་ལས༔ དེ་རིང་ཉིད་ནས་མི་བགྲོད་རེ༔ དེ་ཕྱིར་ལོངས་སྐུའི་ཆས་ཀྱི་མཆོག༔ རལ་པ་དང་ནི་ཤེས་རབ་མར༔ བདེ་སྟོང་ཟུང་དུ་འཇུག་པ་ཡི༔ གནང་བ་སྩོལ་ཅིག་བཀའ་དྲིན་ཅན༔ ཞེས་ལན་གསུམ༔ དེ་ནས་བླ་མས༔ ཀྱེེ༔ ང་ནི་སངས་རྒྱས་ང་ནི་ཆོས༔ ང་ནི་དགེ་འདུན་དཀོན་མཆོག་གསུམ༔ ང་ནི་བླ་མ་ཡི་དམ་དང་༔ ང་ནི་མཁའ་འགྲོ་ཆོས་སྐྱོང་ཀུན༔ ཡོངས་འདུས་བླ་མར་གྲགས་པ་ཡིན༔ ང་ཡིས་ཇི་ལྟར་བསྒོ་བ་བཞིན༔ ཁྱོད་ཀྱིས་དེ་ལྟར་བསྒྲུབ་དགོས་སོ༔ དེ་ནས་སློབ་མས༔ ཀྱེེ༔ ལེགས་སོ་བླ་མ་རྡོ་རྗེ་འཆང༔ བདག་ནི་ཇི་སྲིད་འཚོ་ཡི་བར༔ རྡོ་རྗེའི་དམ་ཚིག་མི་འདའ་སྲུང༔ ཉམས་ན་དོང་སྤྲུགས་བཤགས་པས་སྦྱོང༔ ཞེས་ཁས་བླང་མཐར༔ བླ་མས་ཕྱག་ན་རྡོ་རྗེ་དང༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གཉིས་སྤྱན་དྲངས་ཏེ༔ དམ་ཆུར་བསྟིམ་ལ་སྦྱིན་པ་ནི༔ ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ སློབ་མ་ཁྱེད་ཀྱི་ལྕེ་ལ་བཞག༔ བསྲུངས་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་བཤགས་སྡོམ་གྱིས་སྦྱང་མཛོད༔ ཅེས་དམ་ཆུ་དེ་སློབ་མའི་ལྕེ་ལ་བཞག༔ སློབ་མ་རྣམས་འདི་ལྟར་བརྗོད༔ ས་མ་ཡ་ན་ར་ཀན༔ ཅེས་བརྗོད་དེ་བཏུང་ངོ་༔ དེ་ནས་སློབ་མ་ལྷར་གསལ་བ་ལ༔ ཨོཾ་མ་ཧཱ་ཤུ་ཉ་སོགས། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ སྐད་ཅིག་སློབ་མའི་རིག་པ་ནི༔ ཧཱུྃ་ཡིག་མཐིང་ནག་འོད་འབར་ལས༔ མ་ཅིག་ཁྲོས་མ་ནག་མོ་ནི༔ དབུ་རེག་ཕྱག་གཉིས་གྲི་ཐོད་ཅན༔ གཅེར་བུ་རུས་པའི་རྒྱན་དྲུག་སྤྲས༔ གུས་པའི་ཚུལ་གྱིས་འདུད་པར་བསྒོམ༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཁ་བ་དང་ནི་ཉི་རྡུལ་བཞིན༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ ཨོཾ་བཛྲ་ས་མ་ཡ་ཛ༔ དེ་ནས་སྤྱན་འདྲེན་པ་ལ། ཧཱུྃ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་ཕག་ཁྲོས་སེངྒེའི་གདོང་༔ རྡོ་རྗེ་རྣལ་འབྱོར་མཁའ་སྤྱོད་མ༔ སྤྲུལ་སྐུ་རིགས་ལྔའི་མཁའ་འགྲོ་རྣམས༔ དམ་ཚིག་ཐུགས་དམ་རྒྱུད་བསྐུལ་གྱིས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་སྐུ་གསུམ་ཞིང་བཞུགས་པའི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ མ་ལུས་ལུས་པ་མེད་པ་རུ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་ཕོབས༔ སྐལ་ལྡན་སྐྱེས་བུ་དམ་པ་འདིའི༔ ལུས་ངག་ཡིད་གསུམ་བྱིན་བརླབས་ཤིང༔ འབྲལ་མེད་རྗེས་སུ་བཟུང་བའི་ཕྱིར༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ ཨོཾ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ༔ བཛྲ་ཨ་བེ་ཤ་ཡ་ཨ་ཨཱཿབཛྲ་ས་མ་ཡ་ཛ་ཛ་སྟྭཾ༔ ཏིཥྛ་བཛྲ༔གྱིས་བརྟན་པར་བྱ༔ དེ་ནས་བུམ་དབང་བསྐུར་བ་ལ༔ རང་གི་སྙིང་ག་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིག་འཛིན་དཔའ་བོ་རྒྱ་མཚོའི་རྣམ་པར་བཞེངས་ཏེ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར༔ སློབ་མ་ལྷར་གསལ་བའི་མགོ་སྐྲའི་བ་སྤུའི་བུ་ག་ནས་ཐིམ་པས༔ སྐྲ་ཐམས་ཅད་དཔའ་བོའི་རང་བཞིན་དུ་གྱུར་ཏེ་རབ་ཏུ་སྨིན་ཏེ་རྒྱས་པར་གྱུར༔ དེ་ནས་བུམ་པ་ཐོགས་ལ༔ ཧོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བུམ་པ་སྐུ་ཡི་དབང་རྫོགས་པའི༔ སྐྲ་རྣམས་དཔའ་བོ་རྒྱ་མཚོ་ཡི༔ དབང་དང་བྱིན་རླབས་ཡོངས་ཐོབ་ཤོག༔ བཛྲ་གུ་རུ་སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ལ༔ ཡང་རང་གི་སྙིང་ག་ནས་འོད་དང་འོད་ཟེར་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསུང་གསང་ཨཱ་ལི་ཀཱ་ལིའི་རྣམ་པར་བཞེངས་ཏེ་དཔའ་བོ་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གྲགས་སྟོང་སྔགས་ཀྱི་རང་སྒྲ་རྒྱུན་མི་འཆད་པར་བསྒོམ་ལ༔ དེ་ནས་བྷནྔྷ་བདུད་རྩི་ཐོགས་ལ༔ ཧོ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསུང་གསང་འདུས་པའི་འོད་དམར་པོ༔ དཔའ་བོ་རྣམས་ཀྱི་མགྲིན་པར་ཞུགས༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ བཛྲ་གུ་རུ་བོ་དྷི་ཙིཏྟ་རུ་ལུ་རུ་ལུ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཤེར་དབང་བསྐུར་བ་ནི༔ སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་གསང་ཆོས་ཉིད་ཀྱི་རོལ་པ་ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་རྣམས༔ རྡོ་རྗེ་རྣལ་འབྱོར་མ་ཤ་སྟག་གི་རྣམ་པར་བྱུང་ནས་དཔའ་བོ་རྣམས་ཀྱི་སྐུ་ལ་གཉིས་མེད་དུ་སྦྱོར་བས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས༔ ཐབས་ཤེས་ཟུང་དུ་འཇུག་པའི་དབང་རྫོགས་པར་བསམ་ལ༔ དེ་ནས་རིག་ཙཀ་ཐོགས་ལ༔ ཧོ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་གསང་མཁའ་འགྲོ་རྣལ་འབྱོར་མ༔ བདེ་ཆེན་སྦྱོར་བའི་མཛའ་ན་མོར༔ ཟུང་འཇུག་སྦྱོར་བའི་དབང་ཐོབ་ཤོག༔ བཛྲ་གུ་རུ་པྲ་ཛྙཱ་ཛྙཱ་ན་སུ་ཁ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ༔ དེ་མཐར་སྐྱེམས་དྲང༔ དེ་ནས་ཚིག་དབང་བསྐུར་བ་ལ་སློབ་དཔོན་གྱིས༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར༔ སྐྲ་དཔའ་བོ་དང་དཔའ་མོར་གཉིས་མེད་དུ་སྦྱོར་བའི་གནས་ལྔར་ཐིམ་པས་ཚིག་དབང་རིན་པོ་ཆེ་ཐོབ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་དུ་བྱིན་གྱིས་བརླབས་པར་གྱུར༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧོ༔ དུས་གསུམ་རྒྱལ་བ་ཞི་ཁྲོ་ཡི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཡེ་ཤེས་འོད་ལྔའི་རྣམ་པ་རུ༔ དཔའ་བོ་དཔའ་མོ་ཁྱོད་ལ་བསྟིམ༔ མཚན་མ་ཚིག་བྲལ་དབང་ཐོབ་ཤོག༔ བཛྲ་གུ་རུ་སརྦ་ཛྙཱ་ན་རསྨི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྲོ་ན་སྒྲུབ་རྫས་གཏོར་མ་ཐོགས་ལ༔ ཧོ༔ དཔའ་བོ་དཔའ་མོ་ཁྱེད་རྣམས་ལ༔ འགྲོ་བའི་དོན་ལས་གཞན་མ་མཆིས༔ སྔགས་ཀྱི་རྣལ་འབྱོར་འདི་དག་གི༔ འདོད་པའི་དོན་རྣམས་བསྒྲུབ་པའི་ཕྱིར༔ ནོར་ལྷ་གཏེར་བདག་ལྷ་སྲུང་མ༔ དངོས་གྲུབ་འཛད་མེད་ཆུ་རྒྱུན་བཞིན༔ བསམ་དོན་འབད་མེད་ལྷུན་གྲུབ་མཛོད༔ བཛྲ་ས་མ་ཡ་བ་ལིངྟ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་སྤྲོ་ན་བུམ་དབང་ལ་བུམ་པ༔ གསང་དབང་ལ་བྷནྡྷ༔ ཤེར་དབང་ལ་རིག་ཙཀ༔ ཚིག་དབང་ལ་ཐིག་ལེའམ་ཤེལ་རྡོ༔ དེ་མཐར་མཐའ་རྟེན་རྣམས་ལག་ལེན་དང༔ སྤྲོས་པ་མེད་ན་སློབ་དཔོན་གྱིས་བསྐྱེད་བསྒོམ་ཁོ་ནས་ཆོག་པ་ཡིན༔ མཐར་ས་ལས་མྱུ་གུ་སྨིན་པ་བཞིན་དུ་སྐྲ་རྣམས་སྨོན་རིང་བཀྲག་མདངས་འོད་དང་ལྡན་པར་བསམ་སྟེ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ༔ ཞེས་ལན་གསུམ་གྱིས་བརྟན་པར་བྱས་ཏེ་ཤིས་པ་བརྗོད་པས་རྫོགས་པའོ༔ འདི་ལྟར་སྐྲ་དབང་ཟབ་མོ་དེ༔ ཐོབ་ནས་སྐྲ་འབྲེག་བྱེད་མི་རུང་༔ བྱས་ན་དཔའ་བོ་དཔའ་མོ་འབུམ༔ བསད་པའི་ཉེས་པ་འབྱུང་བ་དང་༔ སྐྲ་སྲུང་མ་བཅོས་རང་བབས་སུ༔ བཞག་ཅིང་དཔའ་བོ་དཔའ་མོ་དང༔ དངོས་གྲུབ་ཀུན་གྱི་འབྱུང་གནས་སུ༔ བསྒྲུབ་པས་གང་བསམ་འདོད་དོན་འགྲུབ༔ ལྷ་དང་སྲུང་མའི་བླ་རྡོ་ཡིན༔ ཐ་མལ་སྡིག་སྤྱོད་ཕོ་མོ་ཡི༔ རལ་ཁུར་དག་དང་འདི་མི་འདྲ༔ རྡོ་རྗེ་འཆང་ནས་རིམ་བཞིན་དུ༔ སྔགས་ཀྱི་རྣལ་འབྱོར་རྒྱན་དུ་ཆས༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་སྲུངས༔ སྔགས་མིན་སྔགས་བརྫུ་རལ་འཆང་པའི༔ རིགས་ལ་ས་ཐ་གསང་རྒྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ སྔགས་སྤྱོད་སྔགས་པའི་རིགས་རྣམས་ལ༔ ཕ་མ་བུ་ཚ་བཞིན་དུ་སྐྱོངས༔ གཤེ་སྐུར་སྨྲ་དབང་བྱེད་པ་དང་༔ རྒོལ་ཞིང་གནོད་པའི་བདུད་རོགས་ཀྱི༔ དོན་སྙིང་ཕྱུངས་ལ་སྙིང་ཁྲག་རོལ༔ རེམས་ཤིག་སྔགས་ཀྱི་སྲུང་མ་རྣམས༔ དམ་ལས་མ་འདའ་ས་མ་ཡ༔ གུ་ཧྱ༔

   ཞེས་པ་འདི་ཉིད་རེབ་ཀོང་གྲུབ་པའི་འདུས་སྡེ་སྟོང་གི་གཙུག་རྒྱན་ཁྱུང་དགོན་སྤྲུལ་སྐུ་གསང་བའི་བདག་པོས་ནན་དུ་བསྐུལ་ངོར། གང་དགར་ཉལ་བའི་མི་རྒན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ཨ་སྤོ་ལྡོང་གི་རིགས་ལས་སྐྱེས་པའི་རང་སློབ་དམ་པ་ངག་དབང་འཕྲིན་ལས་ཀྱིས་བགྱིས་པའི་དགེ་བས་སྔ་འགྱུར་སྔགས་ཀྱི་རིང་ལུགས་རྒྱལ་དབང་མཚོ་སྐྱེས་བླ་མའི་དགོངས་པ་ཇི་བཞིན་རྙེད་པའི་གྲུབ་བརྙེས་རལ་ཁུར་འཆང་པས་ས་སྟེང་ཁྱབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

47.2K