༄༅། །བསྟན་རྩིས་ཀྱི་རྣམ་གཞག་གནད་དོན་ཀུན་འདུས་རབ་སྙན་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས།

༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ།  རྣམ་ཐར་གསུམ་ལྡན་སྤྲོས་བྲལ་བློ་འདས་ཨེ། །རྣམ་ཀུན་མཆོག་ལྡན་དཔལ་ཡོན་ལྷུན་འགྲུབ་ཝཾ། །རྣམ་དབྱེར་མི་ཕྱེད་ཁྱབ་བདག་ཧེ་རུ་ཀའི། །རྣམ་པར་སྣང་བ་དུས་ཀྱི་འཁོར་ལོས་སྐྱོངས། །རབ་དཀར་གྲུབ་མཐའི་རྩེ་རྒྱལ་གངས་རིའི་སྤོར། །རབ་འཇིགས་ཆོས་ཉིད་རང་སྒྲའི་ང་རོ་ཡིས། །རབ་རྨོངས་ཕས་རྒོལ་ཝ་ཚོགས་སྤ་བཀོང་བའི། །རབ་འབྱམས་ཞིང་མགོན་ཤཱཀྱ་སེངྒེར་འདུད། །ཡང་དག་ལམ་གྱི་ཡང་རྩེ་ཨ་ཏིའི་ཐེག །སྐལ་བཟང་གདུལ་བྱའི་སྐལ་བར་ལེགས་འདོམས་པའི། །རྒྱལ་བ་གཉིས་པ་རྒྱལ་དབང་པད་འབྱུང་དང་། །ཀུན་མཁྱེན་བརྒྱུད་པ་ཀུན་ལ་ལན་བརྒྱར་འདུད། །རྨད་བྱུང་སྨིན་གྲོལ་གདམས་པའི་དྲི་བཞོན་གྱིས། །འཕྲལ་བྱུང་མཚན་མའི་ཆུ་འཛིན་རབ་གཏོར་ནས། །གཉུག་མའི་རང་གཤིས་ཀུན་གསལ་རྗེན་སྟོན་པ། །གསུམ་ལྡན་བླ་མའི་ཞབས་ལ་གུས་བཏུད་དེ། །བསྐལ་པ་གང་ཞིག་སྒྲོན་མེ་རུ། །འགྱུར་བའི་ཁྱད་པར་སྟོན་པ་དང་། །བསྟན་པ་བྱོན་ལ་རག་ལས་ཕྱིར། །བསྟན་རྩིས་རྣམ་གཞག་མདོ་ཙམ་བྲི། །དེ་ལའང་བཞེད་པ་མང་སྣང་ཡང་། །ཀུན་མཁྱེན་འཇིགས་མེད་གླིང་པ་དང་། །མི་དབང་བུདྡྷ་ས་ར་ཡི། །འཁྲུལ་བྲལ་དགོངས་པའི་ཚུལ་འདི་ལྟར། །ཉིས་སྟོང་དགུ་བརྒྱ་བཅོ་ལྔ་ཡི། །ལོ་ཚོགས་འདྲེན་མཆོག་ཤཱཀྱའི་ཏོག །དོན་འགྲུབ་ཅེས་པ་ས་ལུག་ལོའི། །ཆུ་སྟོད་ཟླ་བའི་ཉའི་མཚན་མོར། །ལྷུམས་སུ་ཞུགས་པ་ནས་བཟུང་སྟེ། །ད་ལྟའི་རབ་བྱུང་བཅུ་དྲུག་པའི། །རྒྱལ་བ་ཤིང་རྟ་ཡན་གྱི་(༢༢༡༥)གྲངས། །དེ་སྟེང་ཤིང་ཕོ་(༢༢༡༧)རྟ་ལ་སོགས། །འདས་ལོ་བསྲེས་པའི་གྲངས་ངེས་ལས། །གཅིག་ཕྲི་དྲག་པོ་(༢༨༨༦)ལྕགས་སྤྲེལ་གྱི། །ས་གའི་ཚེས་བདུན་སྐུ་མཆོག་བལྟམས། །ཉེར་བརྒྱད་ཀྱིས་དམན་ས་བྱི་ལ། །སྲིད་སྤངས་ཐར་པའི་རྒྱལ་རྟགས་བསྣམས། །དྲུག་སྦྱངས་ཤིང་རྟ་ས་གའི་ཉའི། །ཐོ་རངས་བྱང་ཆུབ་མཆོག་བརྙེས་ཏེ། །རིགས་ཅན་གསུམ་གྱི་གདུལ་བྱ་ལ། །རིམ་བཞིན་ཐེག་པ་གསུམ་བསྟན་ནས། །དེ་ལ་ཞེ་དྲུག་གིས་ཕྲི་བ། །འཁྲུངས་ནས་གྱ་གཅིག་བཞེས་པ་ཡི། །དཔའ་བོ་ལྕགས་འབྲུག་ནག་པའི་ཉར། །དཔལ་ལྡན་འབྲས་སྤངས་མཆོད་རྟེན་ཆེར། །དཀྱིལ་འཁོར་གསུམ་གྱི་གཙོར་བཞེངས་ཏེ། །དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད། །སྟོང་ཕྲག་བཅུ་གཉིས་པ་ལ་སོགས། །གསང་སྔགས་རྒྱུད་སྡེ་དུ་མ་གསུངས། །ལོ་དེའི་ས་གའི་ཉའི་མཚན་གུང་། །གཟུགས་སྐུའི་ཟླ་བ་ཆུ་ལྷས་བསུས། །དགྲ་བཅོམ་རྒྱུ་སྐར་མང་པོའང་གཟིམས། །རྒྱལ་བསྟན་གནས་ཚད་ལྔ་བརྒྱ་ཕྲག །བཅུར་གསུངས་པ་ཡི་ཐོག་མའང་འདི(༢༨༣༧)། །བཞིས་སྦྱངས་ཉི་སྒྲོལ་ཤིང་སྤྲེལ་གྱི། །སྣྲོན་ཟླའི་ཚེས་བཅུར་ཐུབ་དབང་ཉིད། །སླར་ཡང་གདུལ་བྱ་མཆོག་གི་ངོར། །དྲི་མེད་མདངས་ལྡན་པད་སྡོང་རྩེར། །གསང་སྔགས་སྟོན་པའི་སྐུར་བཞེངས་པ། །ཨོ་རྒྱན་སངས་རྒྱས་གཉིས་པ་འཁྲུངས(༢༨༣༠)། །ཉེར་བཞིས་དམན་པའི་ས་སྤྲེལ་ལ། །དམ་པའི་རིགས་ཅན་དྲ་མ་ལྔར། །གསང་འཛིན་དཔའ་བོས་ཆོས་འཁོར་བསྐོར། །ཨིནྟྲ་བོ་ངྷི་བར་པ་ལའང་། །ཏནྟྲའི་གླེགས་བམ་བབས་པའི་ལོ(༢༨༠༦)། །བཅུ་དྲུག་གིས་ཕྲལ་ཤིང་བྱི་ལ། །རི་བོ་རྩེ་ལྔར་འཇམ་དཔལ་འཁྲུངས(༢༧༩༠)། །སུམ་བརྒྱ་དང་ནི་གཅིག་དོར་བའི། །ཤིང་གླིང་དགའ་རབ་རྡོ་རྗེ་འཁྲུངས(༢༧༨༩)། །ང་ལྔས་ཕྲི་བའི་ལྕགས་སྤྲེལ་ལ། །དབུ་མའི་སྲོལ་འབྱེད་ཀླུ་སྒྲུབ་བལྟམས(༢༤༣༦)། །ལྔ་བརྒྱས་སྦྱངས་པའི་ལྕགས་འབྲུག་ལ། །བི་མ་ལ་དང་ཐོགས་མེད་འཁྲུངས(༡༢༣༤)། །ཉིས་བརྒྱ་སོ་བཞིས་དམན་པ་ཡི། །ཤིང་བྱིར་ཐོ་རི་གཉན་བཙན་འཁྲུངས(༡༧༠༡)། །དོན་དགུས་ཕྲི་བའི་ཆུ་སྦྲུལ་ལ། །ཕོ་བྲང་ཡུམ་བུ་བླ་སྒང་དུ། །མདོ་སྡེ་ཟ་མ་ཏོག་ལ་སོགས། །བབས་ཏེ་དམ་ཆོས་དབུ་བརྙེས་སོ(༡༦༢༡)། །ཉིས་བརྒྱ་གྱ་བདུན་ཞུས་པ་ཡི། །ལྕགས་འབྲུག་འབྲས་བུའི་དུས་གསུམ་རྫོགས། །ལུང་གི་དུས་ཀྱི་ཐོག་མར་སླེབས(༡༣༣༤)། །དགུ་ཡིས་སྦྱངས་པའི་ས་གླང་ལ། །འཕགས་མཆོག་ཕྱག་ན་པདྨོའི་གར། །ཆོས་རྒྱལ་སྲོང་བཙན་སྒོམ་པོ་འཁྲུངས(༡༣༢༥)། །བརྒྱ་དང་གཅིག་ཕྲལ་ལྕགས་རྟ་ལ། །འཇམ་མགོན་མི་ཡི་རྫུར་ཞུགས་པ། །ཚངས་པ་ལྷ་ཡི་མེ་ཏོག་འཁྲུངས(༡༢༢༤)། །བཅུ་དགུས་ཞུས་པའི་ས་གླང་ལ། །སངས་རྒྱས་གཉིས་པ་པདྨ་འབྱུང་། །བསིལ་ལྗོངས་འགྲོ་བའི་མགོན་དུ་བྱོན(༡༢༠༥)། །གཉིས་དོར་ལྕགས་ཡོས་བསམ་ཡས་བཞེངས(༡༢༠༣)། །ང་གསུམ་ཕྲི་བའི་ཤིང་སྤྲེལ་ལ། །རཀྴ་འདུལ་ཆེད་མཚོ་སྐྱེས་རྗེ། །ལྷོ་ནུབ་ལངྐ་པུ་རིར་གཤེགས(༡༡༥༠)། །རེ་གཉིས་སྦྱངས་པའི་མེ་ཁྱི་ལ། །གསང་འཛིན་སྤྲུལ་པ་ཁྲི་རལ་འཁྲུངས(༡༠༨༨)། །བརྒྱ་དང་གཅིག་འཕྲོག་མེ་ཡོས་ལ། །ཙི་ལུ་པ་དང་དུས་ཞབས་པས། །ངེས་གསང་རྒྱུད་རྒྱལ་དུས་འཁོར་ལོ། །ཐུགས་འཛིན་མཛད་ནས་འཕགས་ཡུལ་བྱོན(༩༨༧)། །བཅུ་གཅིག་ཞུས་པ་ས་ཕོ་སྟག །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད(༩༧༦)། །བཞི་ཡིས་ཕྲི་བའི་ཆུ་རྟ་ལ། །མཉམ་མེད་དཱཾ་བཾ་ཀ་ར་འཁྲུངས(༩༧༢)། །ཞེ་ལྔས་དམན་པའི་མེ་མོ་ཡོས། །རབ་བྱུང་ཐོག་མར་བརྩིས་པ་དང་། །དུས་འཁོར་རྒྱུད་རྒྱལ་བོད་དུ་ཕེབས(༩༢༧)། །བཅུ་གསུམ་དོར་བའི་ལྕགས་འབྲུག་ལ། །མི་ལ་བཞད་པའི་རྡོ་རྗེ་འཁྲུངས(༩༡༤)། །ལྔ་བཅུ་ང་གཉིས་ཕྲི་བ་ཡི། །རབ་བྱུང་གཉིས་པའི་ཆུ་སྤྲེལ་ལ། །ས་ཆེན་ཀུན་དགའ་སྙིང་པོ་འཁྲུངས(༨༦༢)། །བཅུ་གཅིག་སྦྱངས་པའི་ཆུ་ལུག་ལ། །མ་ཅིག་ལབ་ཀྱི་སྒྲོལ་མ་བལྟམས(༨༥༡)། །སོ་གསུམ་གྱིས་ཕྲལ་མེ་འབྲུག་ལ། །ཉང་རལ་ཉི་མ་འོད་ཟེར་འཁྲུངས(༨༡༨)། །བཞི་བཅུ་ཞེ་དྲུག་གིས་འཕྲོག་པ། །རབ་བྱུང་གསུམ་པའི་ཆུ་སྟག་ལ། །འཇམ་མགོན་ས་སྐྱ་པཎ་ཆེན་འཁྲུངས(༧༧༢)། །དེ་ལ་སུམ་ཅུས་སྦྱངས་པ་ཡི། །རབ་བྱུང་བཞི་པའི་ཆུ་སྤྲེལ་ལ། །གཏེར་སྟོན་གུ་རུ་ཆོས་དབང་འཁྲུངས(༧༤༢)། །གོ་དྲུག་ཞུས་པ་རབ་ལྔ་ཡི། །ས་སྤྲེལ་དབོ་ཟླའི་ཚེས་བཅུ་ལ། །འཕགས་བོད་མཁས་གྲུབ་ཡོངས་ཀྱི་གཙོ། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བལྟམས(༦༤༦)། །ཞེ་དགུས་ཕྲི་བ་རབ་དྲུག་པའི། །མེ་བྱར་མ་ཧཱ་པཎྜི་ཏ། །འཇམ་མགོན་བློ་བཟང་གྲགགས་པ་འཁྲུངས(༥༩༧)། །དྲུག་སྦྱངས་ཆུ་ཡོས་རྒྱལ་ཟླ་བའི། །བཅོ་བརྒྱད་དྲི་མེད་འོད་ཟེར་གཤེགས(༥༩༡)། །ཉིས་བརྒྱ་དང་ནི་བརྒྱད་ཕྲི་བའི། །རབ་བྱུང་བཅུ་བའི་ལྕགས་ལུག་ལ། །ཨ་མགྲིན་མཁས་བཙུན་རྒྱ་མཚོ་འཁྲུངས(༣༨༣)། །སོ་དྲུག་གིས་ཕྲལ་མེ་ལུག་ལ། །གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་འཁྲུངས(༣༤༧)། །བཅུ་གཉིས་ཞུས་པའི་མེ་སྦྲུལ་ལ། །སྐྱབས་མཆོག་རྒྱལ་དབང་ལྔ་པ་འཁྲུངས(༣༣༧)། །བརྒྱད་ཀྱིས་སྦྱངས་པའི་ཤིང་གླང་ལ། །རྫོགས་ཆེན་པདྨ་རིག་འཛིན་འཁྲུངས(༣༢༩)། །ཉི་ཤུ་རྩ་གཅིག་གིས་དོར་བ། །རབ་བྱུང་བཅུ་གཅིག་པའི་མེ་ཁྱིར། །ཟབ་གཏེར་མངའ་བདག་ཆོས་ཀྱི་རྗེ། །རིག་འཛིན་འགྱུར་མེད་རྡོ་རྗེ་འཁྲུངས(༣༠༨)། །བརྒྱད་སྦྱངས་ཤིང་རྟར་གཏེར་ཆེན་གཅུང་། །ལོ་ཆེན་དྷརྨཱ་ཤྲཱི་འཁྲུངས(༣༠༠)། །སོ་བཞིས་ཕྲི་བ་རབ་བྱུང་ནི། །བཅུ་གཉིས་པ་ཡི་ས་འབྲུག་ལ། །རིག་འཛིན་དཔལ་ལྡན་བཀྲ་ཤིས་འཁྲུངས(༢༦༦)། །ཞེ་གཅིག་གིས་སྦྱངས་ས་བྱ་ལ། །གསང་ཆེན་བསྟན་པའི་སྲོག་ཤིང་མཆོག །ཀུན་མཁྱེན་འཇིགས་མེད་གླིང་པ་ཡི། །གཟུགས་སྐུའི་འོད་སྟོང་དཀྱིལ་འཁོར་བཞད(༢༢༥)། །བཅུ་དྲུག་གིས་འཕྲོག་ཤིང་གླང་ལ། །རྡོ་བླ་ཀུན་བཟང་གཞན་ཕན་འཁྲུངས(༢༠༩)། །བཅུ་གཉིས་སྦྱངས་པ་རབ་བྱུང་ནི། །བཅུ་གསུམ་པ་ཡི་མེ་གླང་ལ། །དཔལ་ཆེན་ནམ་མཁའ་འཇིགས་མེད་འཁྲུངས(༢༩༧)། །ཉེར་བཞི་དོར་བའི་ལྕགས་གླང་ལ། །འགྲོ་མགོན་ཚོགས་དྲུག་རང་གྲོལ་དང་། །ཀུན་བཟང་སྟོབས་ལྡན་དབང་པོ་འཁྲུངས(༡༧༣)། །གསུམ་གྱིས་ཞུས་པའི་ཤིང་འབྲུག་ལ། །སྡེ་དགེ་འཇིགས་མེད་སྐལ་བཟང་འཁྲུངས(༡༧༠)། །སླར་ཡང་གསུམ་ཕྲལ་མེ་ལུག་ལ། །ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་འཁྲུངས(༡༦༧)། །གཅིག་སྦྱངས་ཕུར་བུ་ས་སྤྲེལ་ལ། །ཕྱི་ནང་གཞན་གསུམ་རླུང་སེམས་ཁམས། །འོད་གསལ་དབུ་མའི་དབྱིངས་བསྡུམས་པའི། །གྲུབ་དབང་ནམ་མཁའ་རྒྱ་མཚོ་འཁྲུངས(༡༦༦)། །བརྒྱད་ཀྱིས་འཕྲོག་པའི་མེ་འབྲུག་ལ། །གཏེར་ཆེན་སྣ་ཚོགས་རང་གྲོལ་འཁྲུངས(༡༥༨)། །གཉིས་སྦྱངས་ས་རྟ་དབྱུག་ཟླ་བའི། །ཚེས་གསུམ་མཁྱེན་བརྩེ་འོད་ཟེར་གཤེགས(༡༥༦)། །གཉིས་ཀྱིས་ཞུས་པའི་ལྕགས་སྤྲེལ་ལ། །མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་འཁྲུངས(༡༥༤)། །བརྒྱད་སྦྱངས་རབ་བྱུང་བཅུ་བཞི་པའི། །རྣམ་འབྱུང་ཞེས་པ་ས་འབྲུག་ལ། །འཇིགས་མེད་ཆོས་ཀྱི་དབང་པོ་འཁྲུངས(༡༤༦)། །ལྔ་ཡིས་ཞུས་པའི་ཆུ་བྱ་ལ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་འཁྲུངས(༡༤༡)། །སླར་ཡང་ལྔས་སྦྱངས་ས་སྟག་ལ། །སྐྱབས་རྗེ་གཏེར་ཆེན་མཐའ་བྲལ་གླིང་། །དགུང་གྲངས་སོ་གཅིག་བཞེས་པའི་དུས། །ཕྱོགས་འདིར་གསེར་ཞལ་ལེགས་བསྒྱུར་ནས། །ཨོ་རྒྱན་རྣམ་གྲོལ་གླིང་བཏབ་སྟེ(༡༣༧)། །སྙིང་ཐིག་བསྟན་པའི་སྒྲོན་མེ་སྦར། །གཉིས་ཀྱིས་དོར་བའི་ལྕགས་འབྲུག་ལོར། །འཇམ་དབྱངས་མཁྱེན་བརྩེ་དབང་པོ་འཁྲུངས(༡༣༤)། །དགུ་ཡིས་འཕྲོག་པའི་ས་གླང་ལ། །མཆོག་གྱུར་བདེ་ཆེན་གླིང་པ་འཁྲུངས(༡༢༥)། །བཅུ་བདུན་གྱིས་ཕྲལ་ས་རྟ་ལ། །མི་ཕམ་འཇམ་དབྱངས་རྣམ་རྒྱལ་འཁྲུངས(༡༠༨)། །བཅུ་གསུམ་གྱིས་ཕྲི་ས་ལུག་ལ། །ཁམས་བླ་ནམ་མཁའ་རྒྱ་མཚོ་གཤེགས(༩༥)། །གཉིས་སྦྱངས་ལྕགས་བྱར་འཁོར་ལོའི་མགོན། །ནམ་སྤྲུལ་པདྨ་དབང་ཆེན་འཁྲུངས(༩༣)། །དེ་ལ་བཅོ་བརྒྱད་ཀྱིས་ཕྲི་བ། །རབ་བྱུང་བཅོ་ལྔའི་ས་ཡོས་ལ། །འཇིགས་མེད་རྡོ་རྗེ་དཔའ་བོ་འཁྲུངས(༧༥)། །བཞིས་ཕྲལ་ཆུ་ལུག་མཚུངས་བྲལ་མགོན། །མཁན་ཆེན་ཚེ་དབང་རིག་འཛིན་འཁྲུངས(༧༡)། །བཅུ་དྲུག་གིས་སྦྱངས་ས་ཕག་ལ། །བཀའ་དྲིན་གསུམ་ལྡན་འདྲེན་པ་མཆོག།།པདྨ་མཐུ་སྟོབས་རྡོ་རྗེ་འཁྲུངས(༥༥)། །ཉེར་བརྒྱད་ཀྱིས་དམན་མེ་མོ་ཡོས། །ད་ལྟའི་རབ་རྒྱལ་འདིའི་ཐོག་མར། །རིགས་ལྡན་ཆེན་པོ་ཉེར་གཅིག་པ། །མ་འགགས་པ་ནི་ཁྲིར་འཁོད་ཅིང་། །སྐྱབས་མཆོག་ཟླ་བྲལ་འཁོར་ལོའི་མགོན། །རྡོ་སྤྲུལ་བཞི་པ་རྣམ་གཉིས་འཁྲུངས(༢༧)། །བཅུ་གསུམ་དོར་བའི་ལྕགས་འབྲུག་གི། །ནག་པ་ཟླ་བའི་ཉེར་བདུན་ལ། །འཇིགས་མེད་རྡོ་རྗེ་དཔའ་བོ་གཤེགས། །ལོ་དེའི་མགོ་ཟླའི་ཚེས་གསུམ་ལ། །པདྨ་དབང་ཆེན་ཞི་བར་གཟིམས(༡༤)། །དེ་ལ་གསུམ་གྱིས་སྦྱངས་པ་ཡི། །ཉི་མ་ཞེས་པ་ཆུ་ལུག་ལོའི(༡༡)། །ས་གའི་བཅུ་བདུན་ཉིན་གུང་ལ། །སྐྱབས་མཆོག་གྲུབ་དབང་ནམ་མཁའ་ཡི། །སྐུ་ཕྲེང་གསུམ་པ་རིན་པོ་ཆེ། །འོད་གསལ་རོལ་བའི་བློ་གྲོས་ཀྱི། །གཟུགས་སྐུའི་ཉི་མ་གཞོན་ནུ་ཤར(༡༡)། །བཞིས་འཕྲོག་ཐམས་ཅད་འདུལ་ཞེས་པ། །མེ་ཕག་གྲོ་བཞིན་ཟླ་བའི་ཉར། །ཨ་མགྲིན་བདེ་མཆོག་གླིང་ཉིད་དུ། །གཞིག་བྲལ་གདོང་ལྔས་བཏེགས་པའི་ཁྲིར། །མངའ་གསོལ་དགའ་སྟོན་མཆོག་ལ་རེག །དེ་ལ་བདུན་ཞུས་རང་ཅག་གི། །འདྲེན་མཆོག་མཉམ་མེད་ཤཱཀྱའི་ཏོག །རྫོགས་སངས་རྒྱས་པའི་དུས་ཆེན་པོ། །རྒྱལ་བ་ཤིང་རྟ་འདིའི་སྟེང་སླེབས། །དམ་པ་དེ་རྣམས་འཁྲུངས་ནས་བཟུང་། །ལོ་གྲངས་ཅི་ཙམ་འདས་པའི་གྲངས། །རང་རང་མཚན་གྱི་སྟེང་ཐད་དུ། །བཀོད་པ་དག་ལས་ཤེས་པར་གྱིས། །དེ་ལྟར་འཁོར་འདས་ཆོས་ཀུན་གྱི། །གནས་ལུགས་ཇི་བཞིན་འདོམས་མཛད་པའི། །སྟོན་དང་བསྟན་འཛིན་བྱོན་པ་ཡི། །རྣམ་གཞག་རགས་རིམ་དེ་ཙམ་མོ། །འགྲོ་བའི་ཕན་བདེ་གཞིར་གྱུར་པའི། །ཐུབ་བསྟན་ཅི་ཙམ་གནས་ཚད་ལ། །མདོ་རྒྱུད་གཉིས་ལས་དང་པོ་ལའང་། །བསྐལ་བཟང་འདུལ་ལུང་ཕྲན་ཚོགས་ལས། །བསྟན་པ་ལོ་སྟོང་གནས་པར་གསུངས། །སྙིང་རྗེ་པདྨ་དཀར་པོ་ལས། །ཟླ་སྙིང་ཞུས་མདོར་ཉིས་སྟོང་དང་། །རྡོ་རྗེ་གཅོད་པའི་འགྲེལ་ཆེན་ལས། །ལྔ་བརྒྱ་ཕྲག་ལྔར་བཤད་པ་དང་། །འབུམ་ཊིཀ་ལས་ནི་ལྔ་སྟོང་གསུངས། །དེ་ལ་སྟོང་དུ་གནས་གསུངས་པ། །གྲོལ་བ་ཐོབ་པ་ཤས་ཆེར་དགོངས། །ཉིས་སྟོང་པ་དང་ལྔ་བརྒྱ་ཕྲག །ལྔར་གསུངས་འབྲས་བུ་ལ་ཞུགས་དང་། །ལུང་ལ་སླེབས་པའི་དབང་དུ་མཛད། །ལྔ་སྟོང་ཕལ་ཆེར་ལྟ་བ་དང་། །བསྒྲུབ་པ་མཐུན་དགོངས་མཁས་རྣམས་བཞེད། །འདིར་ནི་འབུམ་ཊིཀ་དབྱིག་གཉེན་ཞབས། །མཐུན་པར་ལྔ་སྟོང་ཕྱིར་ཕྱེད་དུ། །བྱས་པའི་ལྔ་བརྒྱ་ཕྲག་བཅུ་ལས། །སྐྱེ་དགུའི་བདག་མོ་རབ་བྱུང་བས། །ཐ་མ་རྟགས་ཙམ་འཛིན་དུ་སོང་། །དང་པོའི་ལྔ་བརྒྱ་ཕྲག་གསུམ་ནི། །འབྲས་བུའི་དུས་ཞེས་དགྲ་བཅོམ་དང་། །ཕྱིར་མི་འོང་དང་རྒྱུན་ཞུགས་མང་། །བར་བའི་ལྔ་བརྒྱ་ཕྲག་གསུམ་ལས། །དང་པོར་མངོན་པ་གཉིས་པར་མདོ། །གསུམ་པར་འདུལ་བ་འཛིན་པ་མང་། །ཐ་མའི་ལྔ་བརྒྱ་ཕྲག་གསུམ་གྱི། །དང་པོར་ཚུལ་ཁྲིམས་གཉིས་པར་སེམས། །གསུམ་པར་ཤེས་རབ་གཙོ་བོར་སྒྲུབ། །གཞན་དུ་ལུང་དང་སྒྲུབ་པ་གཉིས། །སྔ་ཕྱི་བརྗེ་བ་གྲགས་ཆེ་ཡང་། །སྒྲུབ་དུས་སྐྱོ་ཤས་ཆེ་ལྡན་ཞིང་། །ཐར་པར་འདུན་པ་ཙམ་མང་བས། །ལུགས་འདི་འཐད་པར་ཀུན་མཁྱེན་བཞེད། །དེ་ལས་རབ་རྒྱལ་ཤིང་རྟ་འདིའི། །བར་ལ་འབྲས་བུའི་དུས་གསུམ་དང་། །ལུང་ལས་མངོན་པ་མདོ་སྡེ་ཡི། །དུས་རྫོགས་འདུལ་བའི་རང་ཆ་ནས། །སུམ་བརྒྱ་སོ་བཞིའི་གྲངས་འདས་ཤིང་། །དེ་ཡི་ལྷག་མ་བརྒྱ་རེ་དྲུག །རབ་བྱུང་བཅུ་དགུའི་ལྕགས་འབྲུག་ལ། །རྫོགས་རྗེས་སྒྲུབ་པའི་དུས་གསུམ་པོ། །རབ་བྱུང་ཞེ་བཞི་པའི་ནང་གི། །རྣམ་གནོན་ལྕགས་འབྲུག་ཤར་བའི་ཚེ། །རྫོགས་ནས་རྟགས་ཙམ་འཛིན་ལ་སླེབས། །དེ་ལ་ལྟ་སྤྱོད་ཡང་དག་གིས། །དབེན་ཕྱིར་བསྟན་པར་མི་ཐེའོ། །མདོར་ན་བསྟན་པའི་གནས་ཚད་ལས། །རབ་རྒྱལ་ཤིང་རྟ་འདི་ཡི་བར། །ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་དང་། །སུམ་ཅུ་སོ་བཞི་འདས་ཟིན་ཀྱང་། །ད་དུང་བསྟན་པ་རྣལ་མའི་ལྷག །ཆིག་སྟོང་དྲུག་བརྒྱ་རེ་དྲུག་གྲངས། །ཡོད་པས་དགའ་སྤྲོ་ཚད་མེད་བཅས། །སྲི་ཞུ་གྱིས་ཤིག་ཤེས་ལྡན་རྣམས། །༧གཉིས་པ་ངེས་གསང་རྒྱུད་རྒྱལ་ཆེ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །རྒྱལ་བའི་བསྟན་པ་སྔ་དར་དང་། །ཕྱི་དར་ཟུང་སྟེ་རིམ་པ་བཞིན། །དུས་བཞི་ཆེ་ཆུང་གཉིས་གསུངས་པས། །དང་པོ་འདྲེན་མཆོག་ཐུབ་དབང་གིས། །དཔའ་བོ་ལྕགས་འབྲུག་ནག་ཟླའི་ཉར། །རྩ་རྒྱུད་བསྟན་པས་ཤམྦྷ་ལར། །འཁོར་གྱི་གཙོ་བོ་བཀའི་སྡུད་པོ། །ཆོས་རྒྱལ་དང་པོ་ཟླ་བཟང་གིས། །ཟབ་གསང་ལོ་བཞིར་སྤེལ་བ་དང་། །དེ་རྗེས་ཆོས་རྒྱལ་ལྷ་དབང་སོགས། །གཞན་དྲུག་དང་ནི་རིགས་ལྡན་གྱི། །ཐོག་མ་འཇམ་དཔལ་གྲགས་ནས་བཟུང་། །རིམ་པར་བྱོན་ཟིན་འབྱོན་འགྱུར་བའི། །ཐ་མ་རིགས་ལྡན་ཉེར་ལྔ་བའི། །དགུང་གྲངས་གོ་བདུན་ལོན་པའི་བར། །རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའི། །ཁྲི་ལོར་མེ་མཁའ་རྒྱ་མཚོ་སྟེ། །བརྒྱ་ཕྲག་བཞི་དང་ཉག་མ་གསུམ། །གཞན་རྣམས་ཀྱིས་ཀྱང་ལོ་བརྒྱ་རེར། །གསང་སྔགས་སྟོན་པ་གཅིག་བསྡོམས་པའི། །སུམ་སྟོང་སུམ་བརྒྱ་བཞི་འབྱུང་བ། །སྔ་མའི་ཚད་དེ་ཆ་བཞི་རུ། །བགོས་པའི་བརྒྱད་བརྒྱ་ཉེར་དྲུག་རེའི། །ཡུན་ལ་རྫོགས་ལྡན་གསུམ་ལྡན་དང་། །གཉིས་ལྡན་རྩོད་ལྡན་ཞེས་སུ་གྲགས། །དེ་ལས་སྔ་མ་གསུམ་པོ་དང་། །ཕྱི་མའི་དུས་ནས་སུམ་བརྒྱ་དང་། །ང་དྲུག་འདས་ཤིང་དེ་ཡི་ལྷག །བཞི་བརྒྱ་དང་ནི་བདུན་ཅུ་ཡོད། །ད་ལྟའི་རིགས་ལྡན་མ་འགགས་པའི། །ལོ་གྲངས་ཉེར་བདུན་སྔར་འདས་ཤིང་། །ལྷག་མ་དོན་གསུམ་སོང་བའི་མཐར། །རིགས་ལྡན་མི་ཡི་སེངྒེ་དང་། །དབང་ཕྱུག་མཐའ་ཡས་རྣམ་རྒྱལ་གསུམ། །རིམ་བྱོན་ཆོས་སྟོན་ལོ་ཡི་གྲངས། །སུམ་བརྒྱ་རྫོགས་རྗེས་རབ་བྱུང་ནི། །ཉེར་གཉིས་པ་ཡི་མེ་ལུག་ལ། །རིགས་ལྡན་ཆེན་པོ་ཉེར་ལྔ་པ། །དྲག་པོ་འཁོར་ལོ་ཅན་དེ་ཡི། །ཞབས་པད་སེངྒེའི་ཁྲིར་འཁོད་ནས། །དགུང་གྲངས་གོ་བདུན་བཞེས་པ་ཡི། །རབ་བྱུང་ཉེར་བཞིའི་ཆུ་ལུག་ལོར། །ཡན་ལག་བཞི་ཡི་དཔུང་བསྐྱེད་ནས། །གླིང་ནི་བཅུ་གཉིས་ལ་གནས་པའི། །ཀླ་ཀློའི་ཚོགས་བཅོམ་དེར་ཞུགས་རྣམས། །གསང་ཆེན་བསྟན་པའི་ཆོས་སྒོར་འཛུད། །སྔ་ཕྱིའི་གྲངས་སུ་མ་བཀོད་པའི། །ཀླ་ཀློའི་གཡུལ་གྱིས་གཞོམ་པ་ཡི། །བགྲང་བྱ་གསུམ་རྫོགས་དྲག་པོ་ཡི། །ལོ་བརྒྱ་ལོངས་ཚེ་རིགས་སྲས་མཆོག །ཚངས་པ་དང་ནི་ལྷ་དབང་གཉིས། །གསང་སྔགས་སྟོན་པར་བསྒོས་ཏེ་གཤེགས། །དེ་ཟུང་གིས་ནི་བཅུ་གཉིས་གཞིར། །ལོ་སྟོང་བར་དུ་དམ་ཆོས་སྟོན། །དེ་རྗེས་འོད་སྲུང་ལ་སོགས་པའི། །རིགས་ལྡན་བརྒྱད་ཀྱིས་ལོ་བརྒྱ་རེར། །ཆོས་སྟོན་དུས་བཞི་ཕྱི་མ་ཞེས། །ཆ་རེར་བཞི་བརྒྱ་ལྔ་བཅུ་པ། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་། །རྩོད་ལྡན་བཞི་སྟེ་སྟོང་བརྒྱད་བརྒྱར། །དུས་མཉམ་དུམ་བུ་བཅུ་གཉིས་གཞིར། །གནས་པའི་ཚད་བསྡོམས་ཉི་ཁྲི་དང་། །ཆིག་སྟོང་དྲུག་བརྒྱར་ལོངས་པ་ནི། །རྩ་བའི་རྒྱུད་ལས་དྲག་པོ་ཡི། །བསྟན་པའི་གནས་ཚད་འོག་མིན་པའི། །ཉིན་ཞག་གཅིག་དང་མཉམ་གསུངས་པ། །དེ་ཡི་དབུགས་དང་མི་ཡི་ལོ། །མཉམ་པས་རྒྱུད་ཀྱི་དགོངས་པར་འབྱོར། །མདོར་ན་བསྟན་པ་སྔ་དར་གྱི། །གནས་ཚད་སུམ་སྟོང་སུམ་བརྒྱ་བཞིའི། །སྟེང་དུ་བསྟན་པ་ཕྱི་དར་གྱི། །སྟོང་དང་བརྒྱད་བརྒྱ་བསྣན་པ་ན། །ལྔ་སྟོང་ཆིག་བརྒྱ་བཞི་འབྱུང་བ། །ཐུབ་བསྟན་ལྷོ་གླིང་དབུས་མ་འདིར། །གནས་པའི་ཚད་དུ་ངེས་གསལ་བ། །དང་པོའི་སངས་རྒྱས་རིང་ལུགས་ཡིན། །དེ་ལས་སྔ་མའི་ལྷག་ཞབས་དང་། །ཕྱི་དར་དང་བཅས་ད་དུང་ཡང་། །ཉིས་སྟོང་ཉིས་བརྒྱ་བདུན་ཅུ་རུ། །ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན། །གནས་པ་དགའ་སྤྲོ་བྱ་བར་རིགས། །མདོ་ལས་བསྟན་པ་ཡང་དག་པ། །ལྔ་བརྒྱ་ཕྲག་དགུར་གསུངས་པ་ལས། །ལོ་གྲངས་དྲུག་བརྒྱ་བཞི་ཡིས་ནི། །མང་བར་རྒྱུད་འདིའི་ཁྱད་ཆོས་སོ། །

སྨྲས་པ། འགྲོ་བའི་ཁམས་བཞིན་ཕྱི་ནང་གཞན་གསུམ་གྱི། །དངོས་ཀུན་གསལ་བར་བྱས་པའི་གནད་ཟབ་མོར། །རིང་ནས་གོམས་པ་མ་བརྟས་ནོངས་གྱུར་གང་། །མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་སྙིང་ནས་འཆགས། །འོན་ཀྱང་སྙན་འཇེབས་རྒྱན་གྱིས་དབེན་ན་ཡང་། །ཡང་དག་ལེགས་བཤད་དག་གི་དགོངས་གནད་ཀུན། །ཀུན་རྟོག་རང་བཟོའི་སྐྱོན་སྤངས་ཉུང་འདུས་ཚིག །ཚིག་ཙམ་མིན་པར་ཀུན་གྱིས་དང་ལེན་རིགས། །དེ་ལྟར་བཀོད་ལེགས་ལེགས་བྱས་མཐུ་བྱིན་གྱིས། །ནམ་མཁའི་གར་ཁྱབ་ཁྱབ་པའི་ལུས་ཅན་རྣམས། །བདེ་སྐྱིད་ཀུན་རྫོགས་རྫོགས་ལྡན་ལ་འགྲན་བཞིན། །སྒྲིབ་གཉིས་ཡོངས་བྱང་བྱང་ཆེན་མྱུར་ཐོབ་ཤོག །རྨད་བྱུང་ལུང་རྟོགས་བསྟན་པའི་འོད་སྣང་ཆེ། །བཤད་དང་སྒྲུབ་པའི་ལྷ་ལམ་ལ་བརྟེན་པས། །མཁའ་ཁྱབ་ཞིང་གི་སྨག་རུམ་ཡོངས་བསལ་ཏེ། །སྲིད་མཐའི་བར་དུ་མི་ཉམས་དར་རྒྱས་ཤོག །རྣམ་དག་བསླབ་པའི་བ་གམ་མངོན་མཐོ་བའི། །འཛིན་སྐྱོང་སྤེལ་བའི་བྱེད་པོ་རི་དབང་ཚོགས། །མཛད་ཕྲིན་རང་འོད་ཕྱོགས་ཀྱི་མཐར་ཁྱབ་ནས། །ནམ་ཡང་གཡོ་མེད་རྡོ་རྗེའི་སྲོག་འགྲུབ་ཤོག །བདག་ཀྱང་དེང་ནས་རང་སྣང་ཀཱ་ལ་བར། །རང་རིག་རིགས་ལྡན་སྲིད་ལ་དབང་འབྱོར་ནས། །ཟབ་གསང་རིམ་གཉིས་ཟུང་འཇུག་འཕྲུལ་ཐབས་ཀྱིས། །མི་བསྲུན་རྟོགས་ཚོགས་ཕྲུ་མ་གཞོམ་པར་ཤོག །ཅེས་པ་འདི་ནི་དམ་པ་འགས། །བཀའ་གནང་བཞིན་དུ་ལུགས་འདི་ལ། །མོས་པའི་སྔགས་ཀྱི་གཟུགས་བརྙན་པ། །འཇིགས་མེད་ཕྲིན་ལས་རབ་རྒྱས་ཀྱིས། །གྲོང་ཚིག་དང་བསྟུན་ལེགས་སྦྱར་བས། །ཀུན་གྱི་ཐོས་འཛིན་དགའ་སྟོན་དུ། །ལྷ་ཡི་རྔ་སྒྲ་ལྟར་གྱུར་ནས། །ཐོག་མཐར་བར་དུ་དགེ་བར་ཤོག །བཀྲ་ཤིས། དགེའོ། །དགེ་ལེགས་འཕེལ། སརྦ་མངྒ་ལཾ། །

47.2K