༄༅། །སྐྱབས་མགོན་བླ་མ་ཞབས་དཀར་པ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

འགྲོ་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་ཞབས།

ཨེ་མ་ཧོ། འཇིག་རྟེན་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །འཇམ་དཔལ་བཤེས་གཉེན་དྲན་པ་ནམ་མཁའ་དཔལ། །མི་ལ་རས་པ་རྒྱལ་སྲས་ཐོགས་མེད་ཞབས། །བློ་གྲོས་རྒྱལ་མཚན་ཐང་སྟོང་རྒྱལ་པོ་སོགས། །སྐུ་ཕྲེང་རིམ་བརྒྱུད་གདུལ་བྱ་སྨིན་གྲོལ་ལ། །འགོད་མཛད་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་། ། སྐྱབས་མགོན་དམ་པ་ཚོགས་དྲུག་རང་གྲོལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་བོད་ཡུལ་མདོ་སྨད་ཀྱི། །ས་ཆ་ཞོ་འོང་གཉན་རྒྱ་ཞེས་གྲགས་པར། །སྐུ་ཡི་སྐྱེ་བ་བཞེས་ལ་གསོལ་བ་འདེབས། །ཡབ་རྗེ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་དང་། །མ་ཡུམ་བཀྲ་ཤིས་བརྩེགས་ཞེས་རིགས་བཟང་མོར། །ལྕགས་གླང་ས་ག་ཟླ་བའི་བཅོ་ལྔའི་ཉིན། །ངོ་མཚར་ལྟས་བཅས་འཁྲུངས་ལ་གསོལ་བ་འདེབས། །འཁྲུངས་དུས་ཡུལ་ལ་ལོ་ལེགས་བཀྲ་ཤིས་པས། །ངག་དབང་བཀྲ་ཤིས་ཞེས་བྱར་མཚན་གསོལ་ཞིང་། །དགུང་ལོ་བདུན་ནས་ཡི་གེ་ཚེགས་མེད་མཁྱེན། །ཐམས་ཅད་ངོ་མཚར་སྐྱེས་ལ་གསོལ་བ་འདེབས། །ཞོ་འོང་སྔགས་མང་གྲལ་བཞུགས་ཕྱག་ལེན་སོགས། །ཐུགས་སུ་ཆུད་ནས་བསྟན་ལ་བྱ་བ་བྱས། །ཆུ་དམར་དགེ་འདུན་བཀྲ་ཤིས་རྒྱ་མཚོའི་དྲུང་། །བསྙེན་གནས་སྡོམ་པ་བཞེས་ལ་གསོལ་བ་འདེབས། །འཇམ་དཔལ་རྡོ་རྗེའི་དྲུང་ནས་རྫོགས་ཆེན་གསན། །ལོ་གྲངས་གཉིས་ལ་སྒྲུབ་པ་སྙིང་པོར་མཛད། །རིག་གནས་ལ་སྦྱངས་གླེགས་བམ་མང་པོ་བྲིས། །མཁས་པའི་ཕུལ་དུ་ཕྱིན་ལ་གསོལ་བ་འདེབས། ། ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ་ལ་སོགས་པ། །གསར་རྙིང་མཁས་གྲུབ་དུ་མའི་ཞབས་པད་བསྟེན། །རིས་མེད་དབང་ལུང་ཁྲིད་གསུམ་མང་དུ་གསན། །ཐུགས་རྒྱུད་ཆོས་ཀྱིས་གཏམས་ལ་གསོལ་བ་འདེབས། །སྒྱུ་མའི་ནོར་ལ་སྙིང་པོ་མེད་གཟིགས་ནས། །ཨོ་རྒྱན་ཆེན་པོའི་གསེར་སྐུའི་བླུ་ཡོན་དུ། །མཛོ་མོ་གཉིས་ལས་མེད་ཀྱང་གཅིག་ཕུལ་ནས། །རབ་གནས་བསྔོ་སྨོན་གནང་ལ་གསོལ་བ་འདེབས། །བླ་མ་འཇམ་དབྱངས་གཤེགས་པའི་དགོངས་རྫོགས་ལ། །མཛོ་མོ་གཅིག་པོ་ཕུལ་ཚེ་ཐམས་ཅད་ཀྱིས། །ངོ་མཚར་བསྟོད་བསྔགས་བརྗོད་ནས་ཡི་རངས་མཛད། །རྒྱུ་ནོར་ཞེན་པ་བྲལ་ལ་གསོལ་བ་འདེབས། །འཁོར་བར་ཐུགས་སྐྱོ་གནས་ཆེན་མང་པོར་མཇལ། །མཁན་ཆེན་དགེ་འདུན་རྒྱ་མཚོའི་གསུང་བཞིན་དུ། །ཡུམ་ལ་གནང་བ་ཞུས་པས་དགྱེས་བཞིན་གནང་། །ཐུགས་སྤྲོ་ཚད་འདས་འཁྲུངས་ལ་གསོལ་བ་འདེབས། །ཡོངས་འཛིན་ཨ་རིག་དགེ་བཤེས་མཆོག་གི་དྲུང་། །བསྙེན་པར་རྫོགས་ཚེ་བྱམས་པ་ཆོས་དར་ཞེས། །མཚན་གྱིས་ཡོངས་བསྔགས་ངུར་སྨྲིག་གོས་ཀྱིས་བཀླུབས། །རབ་བྱུང་བསྙེན་རྫོགས་མཛད་ལ་གསོལ་བ་འདེབས། །མ་སྲིང་སོགས་ལ་ཐབས་ཀྱིས་གསུང་བྱོན་ནས། །འཁོར་བའི་བྱ་བ་བཏང་ནས་སོག་ཕྱོགས་ཀྱི། །རྩེ་གཞུང་བཀྲ་ཤིས་ཉམས་དགའི་ས་ཕྱོགས་སུ། །ཆོས་རྒྱལ་ཞབས་པད་བསྙེགས་ལ་གསོལ་བ་འདེབས། །ཆོས་རྒྱལ་ངག་གི་དབང་པོས་དགྱེས་བཞིན་དུ། །རྗེས་བཟུང་དབང་ཁྲིད་ལུང་གསུམ་རྫོགས་པར་གནང་། །ཚོགས་དྲུག་རང་གྲོལ་ཞེས་བྱར་མཚན་གསོལ་ནས། ། སློབ་མའི་དྭངས་མར་གྱུར་ལ་གསོལ་བ་འདེབས། །བཀའ་བཞིན་ཐ་ཡན་ཆི་ནས་གཅིག་པུར་བཞུགས། །ལོ་གྲངས་གསུམ་ལ་སྔོན་འགྲོའི་བསགས་སྦྱང་གནད། །ཉིན་མཚན་བར་མེད་འབད་པས་ཉམས་སུ་བླངས། །སྔོན་འགྲོའི་རྟགས་མཚན་བརྙེས་ལ་གསོལ་བ་འདེབས། །དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ལ་གཞོལ་ཚེ། །བར་དོར་གྲོལ་བའི་གདེང་རྙེད་རང་དོན་རྫོགས། །མགྲིན་པའི་རྩ་མདུད་གྲོལ་ནས་མགུར་དབྱངས་སོགས། །བླངས་ནས་གཞན་དོན་མཛད་ལ་གསོལ་བ་འདེབས། །བུ་ཆེན་པདྨ་རང་གྲོལ་གཙོ་བྱས་པའི། །སློབ་མ་མང་འདུས་རྣམས་ལ་བཀའ་བཞིན་དུ། །བཀའ་ཆོས་གནང་ནས་སྨིན་གྲོལ་ལམ་ལ་བཀོད། །སློབ་ཚོགས་བུ་བཞིན་བསྐྱངས་ལ་གསོལ་བ་འདེབས། །སྟག་མོ་རྫོང་དང་རྒོད་རྩེ་ལ་སོགས་པའི། །དབེན་པར་ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །གནས་ལུགས་ངང་ལ་བཞག་ནས་མགུར་དབྱངས་བླངས། །མི་མཐུན་གཡུལ་ལས་རྒྱལ་ལ་གསོལ་བ་འདེབས། །དབེན་གནས་རྣམས་ནས་ཉམས་རྟོགས་ཐུགས་ལ་འཁྲུངས། །བླ་མའི་དྲུང་དུ་ཕྱིར་ཕེབས་རྟོགས་འབུལ་བྱས། །དགྱེས་པས་གསུང་གནང་ཐུགས་བཀོད་ཇི་བཞིན་དུ། །མཚོ་སྙིང་ཕྱོགས་སུ་ཆས་ལ་གསོལ་བ་འདེབས། །ལམ་བར་རྣམས་སུ་སྙིང་རྗེས་ཐུགས་རྒྱུད་གཡོས། །ན་བཟའ་ཡན་ཆད་ནོར་མེད་དབུལ་པོར་གནང་། །དཀའ་བ་སྤྱོད་བཞིན་ཕེབས་ནས་མགུར་དབྱངས་བླངས། །དམ་པའི་རྣམ་ཐར་མཛད་ལ་གསོལ་བ་འདེབས། །མཚོ་སྙིང་དབེན་པར་ལོ་གསུམ་བཞུགས་པའི་ཚེ། །ཕྱག་ན་པདྨོ་བློ་བཟང་གྲགས་པའི་དཔལ། ། ཆོས་རྒྱལ་ཝང་སོགས་ཞལ་གཟིགས་གདམས་པ་གནང་། །ངོ་མཚར་ལྟད་མོ་གཟིགས་ལ་གསོལ་བ་འདེབས། ། སྤྲུལ་བསྒྱུར་མང་གནང་མཁའ་ལ་འཕུར་བ་དང་། །མཚོ་ཡི་ཕྱི་རོལ་ཕེབས་སོགས་རྫུ་འཕྲུལ་བསྟན། །ལྐོག་གྱུར་ལུང་བསྟན་ལ་སོགས་གྲུབ་རྟགས་ཀྱིས། །ཡ་མཚན་མཛད་པ་བསྟན་ལ་གསོལ་བ་འདེབས། །གནས་དེར་བུ་སློབ་མང་འདུས་བཀའ་ཆོས་གནང་། །མགུར་དབྱངས་མང་གསུངས་སྨིན་གྲོལ་ལམ་ལ་བཀོད། །མཚོ་སྨན་ཞལ་གཟིགས་དངོས་སུ་མཐུན་རྐྱེན་ཕུལ། །གདུལ་བྱ་ཆར་ལྟར་བབས་ལ་གསོལ་བ་འདེབས། །འདུ་འཛིར་ཐུགས་སུན་རྨ་རྒྱལ་གངས་རི་ལ། །ཕེབས་པའི་ལམ་བར་རྒྱུ་ནོར་སྦྱིན་པར་བཏང་། །རྐྱང་བུ་བརྒྱད་ཅུར་ཆོས་གསུངས་མདུན་དུ་འདུས། །སྐྱེལ་མི་ངོ་མཚར་སྐྱེས་ལ་གསོལ་བ་འདེབས། །གངས་རིར་སླེབས་ཚེ་ངོ་མཚར་སྒྲ་ཡིས་བསུས། །རྨ་ཆེན་ཞལ་གཟིགས་གསེར་མདོག་དབུ་ཞྭ་ཕུལ། །གངས་ཅན་བོད་ཀྱི་གླུ་དབྱངས་མཁན་ཞེས་པའི། །མཚན་གྱི་མེ་ཏོག་ཕུལ་ལ་གསོལ་བ་འདེབས། །འདྲེ་ཞིག་འཚུབ་མར་བརྫུས་ནས་ཉམས་ཚད་ཚེ། ། ལྗགས་མཆིལ་བཏབ་པར་ཁྲོས་ནས་ཚུར་ཞུགས་དུས། །གཏུམ་མོའི་མེས་བསྲེག་དམ་བཞག་འོག་སྒོར་ཕུད། ། ནག་ཕྱོགས་དམ་ལ་བཏགས་དེར་གསོལ་བ་འདེབས། །ལྷ་མང་ཞལ་གཟིགས་བསྟན་པའི་རྒྱལ་མཚན་གཏད། །མགུར་དབྱངས་མང་བླངས་ཟླ་དགུར་ཉམས་ལེན་གནང་། །ཚུར་ལམ་འབྲོང་ལ་ཞོན་སོགས་རྫུ་འཕྲུལ་གྱིས། །གྲུབ་པའི་མཚན་མ་བརྙེས་ལ་གསོལ་བ་འདེབས། །བྲག་དཀར་སྤྲེལ་རྫོང་དབེན་པར་ཟླ་དྲུག་བཞུགས། །སློབ་མ་སྦྱིན་བདག་རྣམས་ལ་བཀའ་ཆོས་གནང་། །རྨ་འགྲམ་བྲག་ཏུ་མ་ཡུམ་གཤེགས་པ་གསན། ། ཐུགས་སྐྱོ་དབུས་སུ་ཆས་ལ་གསོལ་བ་འདེབས། །དབུས་གཙང་ཕྱོགས་སུ་ཕེབས་རྒྱུའི་གྲ་སྒྲིག་ཕྱིར། །ཆུ་བཟང་དབེན་པར་ཟླ་བ་གཅིག་ཙམ་བཞུགས། །སྦ་ནག་ཁ་གསུམ་ལ་སོགས་ཁྲོམ་འཚོགས་ལ། །རྒྱུ་འབྲས་ཆོས་བཤད་གནང་དེར་གསོལ་བ་འདེབས། །ཀུན་གྱིས་དགེ་སྒྲུབ་སྡིག་སྤོང་ཁས་ལེན་བྱས། །རྡོ་ལ་ཕྱག་རྗེས་བཞག་སོགས་རྫུ་འཕྲུལ་བསྟན། །རྒྱུ་ནོར་ཕུལ་བ་བསྣམས་ནས་དབུས་སུ་ཕེབས། །ལམ་བར་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ལྷ་སར་ཐོན་དུས་ཇོ་བོར་མཆོད་འབུལ་དང་། །རྒྱལ་བ་ཡབ་སྲས་དྲུང་དུ་འབུལ་ཆེན་བཏེགས། །དེར་བཞུགས་བླ་མ་རྣམས་ལ་འབུལ་བ་ཕུལ། །བཀའ་ཆོས་མང་པོ་ཞུས་ལ་གསོལ་བ་འདེབས། ། སེར་འབྲས་དགེ་གསུམ་ལ་སོགས་དགོན་པ་ལ། །ཞབས་ཏོག་ཕུལ་ཞིང་ཐུགས་སྨོན་རྒྱ་ཆེར་གནང་། །ཇོ་བོའི་མདུན་དུ་གསེར་སྲང་ལྔ་བཅུ་ཡི། །མཆོད་རྐོང་ཁྱད་འཕགས་ཕུལ་ལ་གསོལ་བ་འདེབས། །སྐོར་ལམ་བཤན་པས་ར་ལུག་གསོད་པ་ལ། །ཐུགས་སྐྱོ་ཇོ་བོའི་མདུན་ནས་སྡིག་ཟས་ཤ།།མི་བཞེས་དམ་བཅའ་ཕུལ་ཚེ་ཇོ་བོ་མཉེས། །གསུང་བྱོན་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །ཆོས་ལུང་ཕུ་ནས་ལོ་གཅིག་སྐུ་མཚམས་གནང་། །བུ་ཆེན་སྐལ་ལྡན་རང་གྲོལ་གྱིས་ཕུལ་བའི། །དངུལ་རྣམས་གསེར་དུ་བསྒྱུར་ནས་ཐུབ་སྐུ་བཞེངས། ། ཐུགས་སྨོན་རྒྱ་ཆེར་གནང་ལ་གསོལ་བ་འདེབས། །སྤྲེལ་ལོར་ཙ་རིར་ཕེབས་པའི་ལམ་བར་ནས། །དཔལ་གྱི་བསམ་ཡས་ལ་སོགས་དགོན་སྡེ་ཡི། །བླ་མ་རྣམས་ལ་མཇལ་ནས་བཀའ་ཆོས་ཞུས། །དགོན་སྡེར་ཞབས་ཏོག་ཕུལ་ལ་གསོལ་བ་འདེབས། །ཙ་རིའི་དཀྱིལ་འཁོར་ཐང་ནས་མགུར་དབྱངས་བླངས། །རོང་སྐོར་ལམ་ནས་ཐུགས་ལ་སྐྱོ་ཤས་འཁྲུངས། །མཇལ་མི་ཉམ་ཆུང་ནད་པ་ལ་སོགས་པ། །ལྟོ་གོས་ཆོས་ཀྱིས་བསྐྱངས་ལ་གསོལ་བ་འདེབས། །ཅིག་ཅར་ཡང་དགོན་ལོ་གཅིག་ཟླ་གཅིག་བཞུགས། །མགུར་དབྱངས་ལེགས་བཤད་གསུངས་ཚེ་ལྷ་ཞལ་མཇལ། །གྲུབ་ཆེན་བཅུ་གསུམ་ཆོས་བྲོ་རྒྱག་པ་སོགས། །ཞལ་གཟིགས་སྣ་ཚོགས་བྱུང་ལ་གསོལ་བ་འདེབས། །རྡོ་རྗེ་ཕག་མོས་ཞལ་གཟིགས་བྱིན་གྱིས་བརླབས། །དངུལ་ཊཾ་ལྟ་བུ་ཆེ་ཆུང་གྲངས་མང་གནང་། ། མཁའ་སྤྱོད་འགྲུབ་པའི་སློབ་མ་མང་འབྱུང་ཞེས། །མཁའ་འགྲོའི་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། ། དྭགས་ལ་སྒམ་པོར་ཟླ་གྲངས་བཞི་ཙམ་བཞུགས། །དེར་བཞུགས་བླ་མ་རྣམས་ལ་བཀའ་ཆོས་ཞུས། །ལམ་བར་དགོན་སྡེ་མང་པོར་ཞབས་ཏོག་ཕུལ། །འགྲོ་དོན་རྒྱ་ཆེར་མཛད་ལ་གསོལ་བ་འདེབས། །ལྷ་སར་ལྷ་ཀླུ་ཕུག་ཏུ་ཟླ་གཉིས་བཞུགས། །བསམ་ཡས་ལ་ཕེབས་བྱང་ཆུབ་ཆེན་མོའི་དྲུང་། །གསེར་སྲང་ལྔ་བཅུའི་མཆོད་རྐོང་ཕུལ་བའི་ཚེ། །ཆོས་སྐྱོང་སྐུ་ཕེབས་བསྟོད་ལ་གསོལ་བ་འདེབས། །ཧས་པོ་རི་ནས་ཚོགས་འཁོར་བཏང་བའི་ཚེ། །ལྷ་སྲིན་སྡེ་བརྒྱད་མངོན་སུམ་སྤྲིན་ལྟར་འདུས། །མཆིམས་ཕུ་གཡའ་མ་ལུང་སོགས་མཆོད་འབུལ་གནང་། །སྤྲང་སློང་བརྒྱ་ཕྲག་བསྐྱངས་ལ་གསོལ་བ་འདེབས། །དགའ་ལྡན་ལ་ཕེབས་བརྒྱ་མཆོད་མང་ཇ་བཏང་། །ཡེར་བར་ཨོ་རྒྱན་དྲུང་དུ་ཚོགས་འཁོར་ཕུལ། །ལྷ་སར་ཕེབས་ནས་གངས་དཀར་ཏི་སེ་རུ། །ཕེབས་པའི་ཐུགས་འདུན་གནང་ལ་གསོལ་བ་འདེབས། །ཡར་ལམ་བྱམས་ཆེན་སྙེ་ཐང་མཆོད་འབུལ་དང་། །བཀྲ་ཤིས་ལྷུན་པོར་སྐྱབས་མགོན་པཎ་ཆེན་མཇལ། །ཆོས་འབྲེལ་མང་ཞུས་ཡར་ཕེབས་ལམ་བར་ནས། །མཆོད་སྦྱིན་མང་པོ་བཏང་ལ་གསོལ་བ་འདེབས། །གྲོ་ཤོད་སྒྲོལ་མས་བསྟོད་འབྲས་ཡར་མར་གྱི། །ཕྱུག་པོ་རྣམས་ཀྱང་དད་ནས་འབུལ་ཆེན་ཕུལ། །ཁྲུས་སྒོ་ལྷོ་ནས་དགོན་པའི་སེར་ཕྲེང་གིས། །རྟེན་འབྲེལ་ལེགས་པར་འགྲིགས་ལ་གསོལ་བ་འདེབས། །གངས་དཀར་ཏི་སེའི་རྫུ་འཕྲུལ་ཕུག་པ་ཡི། །ཞབས་རྗེས་དཀར་མོར་ལོ་གསུམ་འདག་སྦྱར་བྱས། ། ཚེ་དང་སྒྲུབ་པ་སྙོམས་པའི་དམ་བཅའ་གནང་། །སྨྲ་བཅད་བཅད་རྒྱ་གནང་ལ་གསོལ་བ་འདེབས། །དེའི་ཚེ་མཁའ་འགྲོ་སེང་གདོང་ཞལ་གཟིགས་ནས། །རྒྱལ་སྲས་ཁྱེད་ཀྱིས་ཕྱོགས་ཕྱོགས་གདུལ་བྱ་ཡི། །སྒོ་ཕྱེ་འདུག་པས་འགྲོ་དོན་གྱིས་གསུངས་པའི། །ལུང་བསྟན་ཐོབ་པར་མཛད་ལ་གསོལ་བ་འདེབས། །ཕྱོགས་ཕྱོགས་སློབ་མ་མང་འདུས་ཐམས་ཅད་ལ། །བཀའ་ཆོས་གནང་ཞིང་ལེགས་བཤད་མགུར་དབྱངས་གསུངས། །བདེ་མཆོག་ལ་སོགས་ལྷ་ཞལ་མང་པོ་གཟིགས། །གངས་མཆོད་རྒྱ་ཆེར་ཕུལ་ལ་གསོལ་བ་འདེབས། །རོང་གི་ཤེལ་མོ་གངས་རྩེར་རྫུ་འཕྲུལ་གྱིས། །འཕུར་ནས་སྔར་མེད་དར་ལྕོག་བཙུགས་པ་དང་། །སྲ་མཁྲེགས་རྡོ་ལ་ཞབས་རྗེས་ཕབ་པ་སོགས། །ངོ་མཚར་རྫུ་འཕྲུལ་བསྟན་ལ་གསོལ་བ་འདེབས། །ལོ་གསུམ་གྲོལ་ནས་གཡས་སྐོར་རྒྱང་གྲགས་དང་། །གཉན་པོ་རི་རྫོང་འབྲི་ཐིམ་ཕུག་སོགས་སུ། །གངས་མཆོད་ཕུལ་ཚེ་ཞབས་དཀར་པ་ཞེས་པའི། ། མཚན་སྙན་ས་གསུམ་ཁྱབ་ལ་གསོལ་བ་འདེབས། །གངས་རི་ནས་ཐོན་ལམ་བར་འགྲོ་དོན་གནང་། །རྒྱུ་ནོར་མང་འབྱོར་དགེ་འདུན་སྡེ་རྣམས་མཆོད། །ཆོས་གསུངས་མགུར་བླངས་འབྲོག་པའི་སྡིག་རྒྱུན་བཅད། །གདུལ་བྱ་ཆར་ལྟར་བབས་ལ་གསོལ་བ་འདེབས། །བཤད་སྒྲུབ་གླིང་ལ་གསེར་ཞོ་བདུན་བརྒྱའི་རྩིས། །མཆོད་རྫས་དངུལ་སྲང་སྟོང་གི་སྤྱི་འཇོག་ཕུལ། །མཁོ་ཆག་ཇོ་བོར་གནོད་པའི་ཆུ་ཆེན་ལ། །རགས་བརྒྱབ་སྟོང་མཆོད་ཕུལ་ལ་གསོལ་བ་འདེབས། །བཤད་འཕེལ་གླིང་གི་བཀའ་འགྱུར་ལྷ་ཁང་དུ། །མཚམས་ལ་བཞུགས་ནས་དཔེ་གཟིགས་ལེགས་བཤད་བརྩམས། །རྡོ་ལ་ཕྱག་རྗེས་ཕབ་སོགས་རྫུ་འཕྲུལ་བསྟན། །མགུར་དབྱངས་མང་པོ་བླངས་ལ་གསོལ་བ་འདེབས། །ཕེབས་ཁར་དགོན་པས་འབུལ་བ་མང་པོ་ཕུལ། །མ་ཕམ་གཡུ་མཚོར་གཏེར་ཕུལ་མགུར་དབྱངས་བླངས། །སྟོད་སྨད་སློབ་མ་མང་པོས་ཕུལ་བ་ཡི། །ནོར་རྫས་མཆོད་སྦྱིན་གནང་ལ་གསོལ་བ་འདེབས། །ལམ་བར་ཧོར་དང་གྲོ་ཤོད་ལ་སོགས་པའི། །ཕྱུག་པོ་མང་པོས་ཕུལ་བའི་དངུལ་སྲང་སྟོང་། །རི་དྭགས་གསོད་མཁན་ལ་བྱིན་རི་དྭགས་བླུས། །མི་འཇིགས་སྐྱབས་སྦྱིན་མཛད་ལ་གསོལ་བ་འདེབས། །དགའ་ཆོས་དགོན་ནས་སྡེ་བ་དབང་པོ་སོགས། །དཔོན་གཡོག་འགའ་ལ་ནོར་རྫས་མང་བསྐུར་ནས། །བཀྲ་ཤིས་ལྷུན་པོ་ས་སྐྱ་དབུས་གཙང་གི། །དགོན་སྡེ་མང་པོ་མཆོད་ལ་གསོལ་བ་འདེབས། །དགའ་ལྡན་གསེར་གདུང་མདུན་དུ་གསེར་ཞོ་སྟོང་། །རྒྱུ་ཡི་མཆོད་རྐོང་ཕུལ་ཞིང་མང་འགྱེད་དང་། །བསམ་ཡས་ཞིག་གསོའི་ཐེབས་སོགས་མང་བསྐུར་ནས། །ཚོགས་བསགས་རྒྱ་ཆེར་མཛད་ལ་གསོལ་བ་འདེབས། །ཀློ་ཡུལ་ལ་ཕེབས་ཆུ་མིག་བརྒྱ་རྩ་དང་། །རྡོ་ལ་མེ་འབར་ཆུ་ལ་མེ་འབར་གཟིགས། །འབ་ཆེན་མངའ་རིས་རྫོང་ཁ་ལ་སོགས་པར། །མགུར་གསུངས་འགྲོ་དོན་མཛད་ལ་གསོལ་བ་འདེབས། །རྗེ་བཙུན་མི་ལའི་སྒྲུབ་ཕུག་འོད་གསལ་ཕུག །རྐང་ཚུགས་ཕུག་དང་འཁྲུངས་ཡུལ་སྐྱ་རྔ་རྩེའི། །ཀ་བཞི་གདུང་བརྒྱད་མཆོད་རྟེན་ལ་སོགས་པར། །མཇལ་ཞིང་མཆོད་འབུལ་གནང་ལ་གསོལ་བ་འདེབས། །སྐྱིད་དྲུང་ཇོ་བོར་མཇལ་ཞིང་བལ་ཡུལ་ཕེབས། །མཆོད་རྟེན་གཉིས་ལ་ན་བཟའ་མཆོད་འབུལ་དང་། །ཐུགས་སྨོན་ཆེར་བཏབ་ཟླ་བ་གཅིག་བཞུགས་ནས། །རྒྱལ་སར་ལྟད་མོ་གཟིགས་ལ་གསོལ་བ་འདེབས། །སླར་ལོག་སྐྱིད་གྲོང་ཇོ་བོར་གསེར་རྐོང་ཕུལ། །མགོན་གནང་དབེན་པར་བཞུགས་ནས་མགུར་དབྱངས་བླངས། །ཚོང་བ་དམར་བཀྱེ་མང་པོའི་སྡིག་རྒྱུན་བཅད། །འགྲོ་དོན་རྒྱ་ཆེར་མཛད་ལ་གསོལ་བ་འདེབས། །རྗེ་བཙུན་སྒྲུབ་གནས་རི་བོ་དཔལ་འབར་དང་། །རག་མ་བྱང་ཆུབ་སྐྱང་ཕན་ནམ་མཁའ་རྫོང་། །བྲག་དཀར་རྟ་སོ་ར་ལ་ཟ་འོག་ཕུག ། རྣམས་ནས་གནས་འབྲེལ་བཞག་ལ་གསོལ་བ་འདེབས། །གནས་ཆེན་དེ་རྣམས་ཉམས་གསོ་མཆོད་འབུལ་བྱས། །བེ་རྩེ་འདོད་ཡོན་རྫོང་དུ་ཞག་གཅིག་བཞུགས། །གཉའ་ནམ་འཕེལ་རྒྱས་གླིང་དང་བཀྲ་ཤིས་སྒང་། །བརྒྱུད་ནས་ལ་ཕྱིར་ཕེབས་ལ་གསོལ་བ་འདེབས། །ལ་ཕྱི་གངས་ཀྱི་ར་བར་ལོ་གསུམ་བཞུགས། །བདུད་འདུལ་ཕུག་མོ་ཆེ་ཡི་གནས་སྒོ་ཕྱེ། །ཚེ་རིང་མཆེད་ལྔས་ཞལ་གཟིགས་སྡོངས་གྲོགས་མཛད། །རྗེ་བཙུན་མི་ལ་གཉིས་པར་གསོལ་བ་འདེབས། །རྒྱ་གར་རྡོ་རྗེ་གདན་དུ་ཕེབས་དགོངས་ཚེ། །མཁའ་འགྲོ་སྟག་གི་གདོང་ཅན་ཞལ་གཟིགས་ནས། །རྒྱ་གར་མ་ཕེབས་འདིར་བཞུགས་སློབ་ཚོགས་འདུ། །ཞེས་པའི་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །ལུང་བསྟན་བཞིན་དུ་གྲྭ་བཙུན་སྟོང་ཕྲག་འདུས། །ལྟོ་གོས་ཆོས་ཀྱིས་སྐྱོང་བཞིན་དགོན་པ་ལ། །ཞིག་གསོ་ཞབས་ཏོག་རྒྱ་ཆེན་ལེགས་འགྲུབ་ནས། །འཁོར་ཚོགས་དགའ་བ་བསྐྱེད་ལ་གསོལ་བ་འདེབས། །བུ་ཆེན་མང་པོ་བརྒྱུད་ནས་བལ་ཡུལ་གྱི། །མཆོད་རྟེན་བྱ་རུང་ཁ་ཤོར་གསེར་གྱིས་བཏུམས། །ལ་ཕྱིའི་ཕྱོགས་ནས་རབ་གནས་མེ་ཏོག་བབས། ། ཐམས་ཅད་དང་བ་འདྲེན་ལ་གསོལ་བ་འདེབས། །བྲག་དམར་མཆོང་ལུང་སྤོ་མཐོ་ནམ་མཁའ་རྫོང་། །སྐྱི་ཕུག་ཉི་མ་རྫོང་དང་ཆུ་ཤིང་རྫོང་། །ཆུ་དབར་ལ་སོགས་གནས་འབྲེལ་ཞབས་ཏོག་ཕུལ། །མཆོད་སྦྱིན་དཔག་མེད་མཛད་ལ་གསོལ་བ་འདེབས། །ལ་ཕྱི་ནས་ཐོན་གཉའ་ནམ་གྲོད་པ་ཕུག །དགོན་པར་མཆོད་འབུལ་དེ་ཕྱོགས་བཀའ་ཆོས་གནང་། །དིང་རི་གླིང་འཁོར་ཞི་བྱེད་ཆོས་ལ་གཟིགས། །ཕྱོགས་དེར་འགྲོ་དོན་གནང་ལ་གསོལ་བ་འདེབས། །རྒྱལ་གྱི་ཤྲིར་ལོ་གཅིག་མཚམས་ལ་བཞུགས། །ཕྱོགས་དེའི་དགོན་པ་རྣམས་ལ་མང་ཇ་ཕུལ། །ཤེལ་དཀར་ཆོས་སྡེར་གསེར་ཟངས་རྒྱལ་མཚན་བཙུགས། །དེ་ཕྱོགས་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ས་སྐྱར་ཕེབས་ནས་ཞབས་ཏོག་ཚད་མེད་ཕུལ། །བྱང་གི་ལྷ་རྩེར་འགྲོ་དོན་རྒྱ་ཆེན་མཛད། །རྒྱང་གི་ཡོན་མོ་ལུང་ནས་ཟླ་གསུམ་བཞུགས། །མཆོད་འབུལ་ཞབས་ཏོག་ཕུལ་ལ་གསོལ་བ་འདེབས། །རི་བོ་བཀྲ་བཟང་གུ་རུར་གསེར་རྐོང་ཕུལ། །འདུལ་མོ་ཆེ་སོགས་མཆོད་འབུལ་རྒྱ་ཆེར་གནང་། །ངོར་གྱི་དགོན་པར་དངུལ་རྐོང་ཆེན་མོ་ཕུལ། །ལམ་བར་འགྲོ་དོན་མཛད་ལ་གསོལ་བ་འདེབས། །བཀྲ་ཤིས་ལྷུན་པོར་སྐྱབས་མགོན་པཎ་ཆེན་དྲུང་། ། འབུལ་བ་མང་ཕུལ་གསུང་གིས་དབུགས་དབྱུང་ནས། །མཆོད་རྟེན་བཀྲ་ཤིས་སྒོ་མང་ཞིག་གསོ་གྱིས། ། གསུངས་པ་དང་དུ་བླངས་ལ་གསོལ་བ་འདེབས། །རི་བོ་ཆེར་ཕེབས་མཆོད་རྟེན་ཞིག་གསོ་སྐབས། །གྲྭ་བཙུན་ལྔ་བརྒྱས་ལེགས་བཞེངས་རྒྱུ་སོང་ལ། །རྡོ་ཚད་བདུན་བརྒྱའི་རྩིས་ཕུལ་ལེགས་པར་འགྲུབ། །ངོ་མཚར་རྫུ་འཕྲུལ་བསྟན་ལ་གསོལ་བ་འདེབས། །པཎ་ཆེན་མཆོག་གིས་གསུང་འབུམ་བྱིན་རྟེན་དང་། །གོས་ཆེན་ལ་བཀོད་བཀའ་ཤོག་ཆེན་མོ་གནང་། །མར་ཕེབས་འགྲོ་དོན་གནང་བཞིན་རི་སྣ་དགོན། །ལ་སོགས་དགོན་སྡེ་མཆོད་ལ་གསོལ་བ་འདེབས། །ལྷ་སར་ཕེབས་ནས་རྒྱལ་བའི་གསེར་ཞལ་མཇལ། །འབུལ་ཆེན་བཏེགས་ཤིང་བཀའ་ཆོས་མང་པོ་ཞུས། །དབུས་ཕྱོགས་བླ་མ་རྣམས་ལ་འབུལ་བ་ཕུལ། །ཆོས་ཞུས་མཆོད་འབུལ་མཛད་ལ་གསོལ་བ་འདེབས། །མཁར་རྡོའི་དགོན་པར་ཟླ་བ་དགུ་ཙམ་བཞུགས། །ལེགས་བཤད་མགུར་མ་མང་གསུངས་དབང་ལུང་གནང་། །མཁར་རྡོའི་སྤྲུལ་སྐུ་གདན་དྲངས་ཞབས་ཏོག་ཕུལ། །དགོན་པར་མཆོད་འབུལ་བྱས་ལ་གསོལ་བ་འདེབས། །ལྷ་སའི་སྨོན་ལམ་ཆེན་མོར་མང་ཇའི་ཐེབས། །གསེར་ཞོ་བདུན་བརྒྱའི་རྩིས་ཀྱི་མང་འགྱེད་ཕུལ། །སེ་རའི་འདུ་ཁང་ནང་དུ་དངུལ་རྐོང་བཞག །ཚོགས་བསགས་རྒྱ་ཆེན་བསྒྲུབས་ལ་གསོལ་བ་འདེབས། །བསོད་ནམས་ཞིང་གྱུར་སེར་འབྲས་དགེ་གསུམ་ལ། །སྔ་ཕྱི་བསྡོམས་པས་ཇ་ཐུག་བཅུ་གསུམ་ཕུལ། །དགེ་འདུན་སྡེ་ལ་དངུལ་ཊཾ་རེ་རེའི་འགྱེད། །ལ་སོགས་མང་འགྱེད་ཕུལ་ལ་གསོལ་བ་འདེབས། །སྤྲང་སློང་སྟོང་ལ་དངུལ་ཊཾ་ཆེ་བརྒྱད་རེ། །ཁྱོན་བསྡོམས་རྒྱ་དངུལ་རྡོ་ཚད་བརྒྱ་ལྷག་ཙམ། །སྐོར་ལམ་ཆེན་མོའི་མུ་ལྟོ་ཁྱི་སོགས་ལ། །སྦྱིན་པ་རྒྱ་ཆེར་གནང་ལ་གསོལ་བ་འདེབས། །དགའ་ལྡན་གསེར་གདུང་མདུན་དུ་བརྒྱ་མཆོད་ཕུལ། །བསམ་ཡས་ལ་ཕེབས་ཞག་གྲངས་བཅོ་ལྔ་བཞུགས། །ཧས་པོ་རི་དང་གཡའ་མ་ལུང་སོགས་ལ། ། མཆོད་འབུལ་རྒྱ་ཆེན་ཕུལ་ལ་གསོལ་བ་འདེབས། །གདན་ས་མཐིལ་བཞུགས་ལྷ་ཁང་ཆེན་མོ་ལ། །ཉམས་གསོ་བྱས་ཤིང་གྲྭ་བཙུན་ལྔ་བརྒྱ་བསྐྱངས། །དེ་དུས་མདོ་སྨད་ཕྱོགས་ནས་གདན་འདྲེན་པ། །སླེབས་ཚེ་ཕེབས་འདུན་མཛད་ལ་གསོལ་བ་འདེབས། །དེ་ནས་མདོ་སྨད་ཕྱོགས་སུ་ཆས་པའི་སྐབས། །ཟངས་རི་མཁར་དམར་གནས་རྟེན་རྣམས་ལ་མཇལ། །ཡོན་བདག་རྣམས་ནས་ཕེབས་རྫོངས་མང་པོ་ཕུལ། །ཀུན་ལ་བསླབ་སྟོན་གནང་དེར་གསོལ་བ་འདེབས། །ནེའུ་རིང་དིང་རི་ལབ་ཀྱི་གནས་རྣམས་ལ། །མཆོད་འབུལ་བྱས་དང་འགྲོ་དོན་རྒྱ་ཆེན་མཛད། །ལྷ་རྒྱ་རིར་ཕེབས་ཆོས་རྒྱལ་ཡབ་ཡུམ་མཇལ། །ཆོས་ཞུས་བརྩེ་བས་གནང་ལ་གསོལ་བ་འདེབས། །མཆད་དཀར་ཆོས་སྡེ་རྩི་ཐང་ཤེལ་བྲག་དང་། །བྲག་གཡང་འཛོམས་སོགས་མཆོད་འབུལ་ཞབས་ཏོག་བསྒྲུབས། །ཨོ་རྒྱན་སྨིན་གྲོལ་གླིང་དང་རྡོ་རྗེ་བྲག །མཇལ་ཞིང་མཆོད་འབུལ་བྱས་ལ་གསོལ་བ་འདེབས། །ལྷ་སར་ཕེབས་ནས་མར་འབྱོན་གྲ་སྒྲིག་དུས། །རྒྱལ་བ་ཡབ་སྲས་སོགས་ལ་ཐོན་ཆག་ཞུས། ། གསོལ་རས་སྐུ་གསུང་ཐུགས་རྟེན་མང་པོ་གནང་། །དབུགས་དབྱུང་གཟེངས་བསྟོད་མཛད་ལ་གསོལ་བ་འདེབས། །དགའ་ལྡན་གསེར་ཁྲི་མཆོག་ནས་ཐུབ་དབང་གི། །གསེར་སྐུ་ཞིག་གནང་བསྟན་པའི་བདག་པོ་རུ། །མངའ་གསོལ་སྡེ་བ་གཞུང་ནས་བཀའ་ཤོག་སོགས། །གནང་ནས་རྫོངས་པ་བྱས་ལ་གསོལ་བ་འདེབས། ། ཕེབས་ཁར་ཇོ་བོའི་མདུན་ནས་སྐྱབས་འཇུག་ཞུས། །སྐུ་གསུང་ཐུགས་རྟེན་མང་པོ་ཚགས་བྱས་ནས། །ལྷ་ས་ནས་ཐོན་སློབ་མ་མང་པོ་ཡིས། །བསྐྱལ་ནས་ཆིབས་ཁ་བསྒྱུར་ལ་གསོལ་བ་འདེབས། །ལམ་བར་འགྲོ་དོན་གནང་བཞིན་རྭ་སྒྲེང་མཇལ། །སློབ་མ་རྣམས་དང་གྱེས་ཁར་ཐང་དཀྱིལ་ཞིག །བསླབ་བྱའི་མགུར་གནང་ཕེབས་དུས་ཐུགས་སྐྱོ་ནས། །ཕྱི་མིག་གཟིགས་བཞིན་ཕེབས་ལ་གསོལ་བ་འདེབས། །དཔོན་སློབ་འཁོར་བཅས་འབྲི་ཆུའི་ཁར་ཐོན་ཚེ། །ཇག་པས་འགྲུལ་མང་བླངས་ཚེ་ཆུ་ཆེར་དཀྲིགས། །ཤོར་མ་ཉམ་ཐག་མང་པོ་འཆི་ལ་ཐུག །ལྟོ་གོས་ཆོས་ཀྱིས་བསྐྱངས་ལ་གསོལ་བ་འདེབས། །བུ་ཆེན་སྐལ་ལྡན་རང་གྲོལ་ཐུགས་བསྐྱེད་ནས། །ཆུ་ལ་ཕེབས་ཚེ་དེ་ཡིས་རྐྱེན་བྱས་གཤེགས། །ཐུགས་སྐྱོ་གནང་འཕྲལ་ཐམས་ཅད་ཆུ་ལས་བསྒྲལ། ། བདེ་བར་རང་ཡུལ་བསྐྱལ་ལ་གསོལ་བ་འདེབས། །མཚོ་སྔོན་ཁར་ཐོན་སློབ་མ་མང་པོས་བསུས། །སྟོང་སྐོར་བརྒྱུད་ནས་རྒྱ་ཡུལ་ཟི་ལིང་ཕེབས། །ཨ་འབན་ནས་ཀྱང་ཤོར་མ་བསྐྱངས་པ་ཡི། །དྲིན་གཟོ་བདག་རྐྱེན་གནང་ལ་གསོལ་བ་འདེབས། །སྐུ་འབུམ་དགོན་པར་སྐལ་ལྡན་དགོངས་རྫོགས་ཕུལ། །རྡིས་ཚར་བླ་མ་པདྨ་རང་གྲོལ་དང་། །དཔོན་ཚང་སྐུ་ཚབ་སོགས་ཀྱི་བསུ་བ་འབྱོར། །དེ་ཕྱོགས་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཁྲི་ཀར་ཕེབས་ནས་ཇོ་བོར་ཞབས་ཏོག་ཕུལ། །དེ་ལ་རེབ་ཀོང་ཕྱོགས་ཀྱི་བསུ་བ་འབྱོར། །རོང་བོར་གདན་དྲངས་ཕེབས་ཉིན་འཇའ་ཚོན་ཤར། །ཀུན་གྱི་སྣང་བ་འགྱུར་ལ་གསོལ་བ་འདེབས། །རོང་བོའི་བླ་མ་རྣམས་ལ་འབུལ་བ་དང་། །དགོན་པར་མང་ཇ་ངན་སློང་སྦྱིན་གཏོང་སོགས། །དཔག་མེད་གནང་ནས་རྒྱུ་ཆས་རྩལ་སྤྲུགས་གནང་། །ཆགས་མེད་འགྲོ་དོན་མཛད་ལ་གསོལ་བ་འདེབས། །དེ་དུས་རེབ་ཀོང་སྟོད་སྨད་ཐམས་ཅད་ཀུན། ། མཇལ་དུ་འོངས་ཚེ་ཀུན་ལ་བྱིན་རྟེན་གནང་། །དབུས་གཙང་ཕྱོགས་ཀྱི་གཏམ་སྙན་མང་པོ་གསུངས། །ཐམས་ཅད་ངོ་མཚར་གྱུར་ལ་གསོལ་བ་འདེབས། །འཇམ་གླིང་སྨད་པ་འཁྲུགས་ནས་མི་མང་པོ། །གསོད་པའི་བར་ཕེབས་གསུང་བྱོན་བྱིན་རླབས་གནང་། །ཕན་ཚུན་འཁྲུག་པ་ཞི་ནས་མཐུན་པར་བསྒྲིགས། །སྙིང་རྗེའི་མངའ་བདག་མཆོག་ལ་གསོལ་བ་འདེབས། །འཁྲུངས་ཡུལ་ཞོ་འོང་གཉན་རྒྱར་གདན་དྲངས་ཕེབས། །སྲིང་མོ་གཉིས་སོགས་མཛའ་བཤེས་མང་པོ་ལ། །བཀའ་ཆོས་བསླབ་བྱ་གནང་ཚེ་ཐམས་ཅད་ཀུན། །དགའ་སྤྲོ་ཚད་འདས་ཐོབ་ལ་གསོལ་བ་འདེབས། །ཀུན་གྱིས་གསར་སྟོན་བྱས་ཤིང་གང་འབྱོར་ཕུལ། །སྔོན་གྱི་གཞིས་ཤུལ་ནད་མ་ཞིག་འདུག་པ། །གཟིགས་ནས་ཐུགས་སྐྱོ་ལྷ་ཁང་མཆོད་རྟེན་བཞེངས། །ཡུལ་གྱི་ཁོ་ཐག་ཆོད་ལ་གསོལ་བ་འདེབས། །དེ་ནས་དབེན་གནས་བཀྲ་ཤིས་འཁྱིལ་བར་ཕེབས། །ཞོ་འོང་དཔྱིས་སོགས་སྐྱེ་བོ་ཕོ་མོ་ལ། །བཀའ་ཆོས་གནང་དུས་མཁའ་ལ་འཇའ་ཚོན་ཤར། །རྟེན་འབྲེལ་ལེགས་པར་འགྲིགས་ལ་གསོལ་བ་འདེབས། །དགོན་པ་ཞིག་གསོའི་ཕྱིར་དུ་རེབ་ཀོང་གི། །སློབ་མ་ཡོན་བདག་མང་པོས་མཐུན་རྐྱེན་ཕུལ། །བཀའ་ཆོས་མང་པོ་གནང་བཞིན་ལོ་གཅིག་ནང་། །དགོན་པ་ལེགས་པར་གྲུབ་ལ་གསོལ་བ་འདེབས། །དགོན་དེར་གཞིས་ཕབ་སྐུ་གསུང་ཐུགས་རྟེན་བཞེངས། །དགེ་འདུན་སྡེ་ཚུགས་ཕྱོགས་ཕྱོགས་སློབ་མང་འདུས། །དབང་ཁྲིད་ལུང་གསུམ་ཆོས་ཀྱི་ཆར་བ་ཕབ། །ཉིན་མཚན་ཆོས་ཀྱིས་འདའ་ལ་གསོལ་བ་འདེབས། །མགར་རྩེ་ཨ་བར་ཐེའུ་རྐང་ཚ་དང་། །ལྷ་ཞིས་རྒན་རྒྱ་ཀླུ་ཆུ་ཐང་སོགས་ཀྱི། །འབྲོག་ཕྱོགས་འགྲོ་དོན་གནང་བའི་རྒྱུ་ནོར་ཀུན། །ཚོགས་བསགས་སྦྱིན་གཏོང་མཛད་ལ་གསོལ་བ་འདེབས། །ཞོ་འོང་བརླ་དཔྱི་གཉིས་ལ་འགྲོ་དོན་གནང་། །ཀུན་གྱིས་དགའ་སྟོན་གླུ་གར་མང་པོ་བླངས། །དགུན་གསུམ་བཀྲ་ཤིས་འཁྱིལ་ནས་སྐུ་མཚམས་གནང་། །དབྱར་ཐོག་ཆོས་འཁོར་བསྐོར་ལ་གསོལ་བ་འདེབས། །ཕྱོགས་ཕྱོགས་བླ་ཆེན་དཔོན་ཆེན་མང་པོ་དང་། །རེབ་ཀོང་སྐྱེ་བོ་ཕོ་མོ་སྟོང་ལྷག་ཙམ། །འདུས་པར་བཀའ་ཆོས་གནང་ཞིང་སྨྱུང་གནས་སོགས། །ཚོགས་བསགས་སྒྲིབ་སྦྱོང་བསྐུལ་ལ་གསོལ་བ་འདེབས། །རྡོ་བིས་སེ་ཅང་གཉིས་ཀྱི་འཁྲུག་པ་བསྡུམས། །མཆོད་རྟེན་རྣམ་དག་ཆེན་མོ་ཞིག་གསོ་གནང་། །ཤར་རྫོང་གནས་ནས་རྡོ་ཡི་མཆོད་རྟེན་བཞེངས། །དགོན་པར་ཞབས་ཏོག་ཕུལ་ལ་གསོལ་བ་འདེབས། །འཇམ་གླིང་སྨད་པ་སྡེ་འདུན་ཉང་དར་གྲོང་། །བྱང་ཆུབ་ཚོ་འདུ་རྒྱལ་བོ་སྐྱིད་ཚང་དང་། །ཡར་ནང་ཕྱོགས་དང་བསེས་དོར་ཆུ་མ་ལ། །རིམ་བཞིན་འགྲོ་དོན་གནང་ལ་གསོལ་བ་འདེབས། །ཤ་བྲང་ཧོར་ནག་རོང་བོ་ཁྲེས་ཙི་སོགས། །རེབ་ཀོང་ཕྱོགས་སུ་འགྲོ་དོན་རྒྱ་ཆེན་མཛད། །ཐམས་ཅད་བསྐུལ་ནས་རང་རང་ས་ཕྱོགས་སུ། །སྐུ་གསུང་ཐུགས་རྟེན་བཞེངས་ལ་གསོལ་བ་འདེབས། །རོང་བོའི་སྨོན་ལམ་ཆེན་མོའི་མང་ཇ་བཏང་། ། འཇམ་དབྱངས་ཀུན་གཟིགས་དྲུང་དུ་དངུལ་རྐོང་ཕུལ། །སྒྲུབ་སྡེ་བཅོ་བརྒྱད་ཀྱིས་མཚོན་དགོན་པ་ལ། །མང་ཇ་ཞབས་ཏོག་ཕུལ་ལ་གསོལ་བ་འདེབས། །ས་དཀར་ཤར་དང་ལུག་རྭར་བྱམས་ཆེན་བཞེངས། །ཡར་མར་ལྷ་ཁང་མང་པོར་ཉམས་གསོ་མཛད། །སྤྲང་སློང་བགྲང་ལས་འདས་པར་སྦྱིན་པ་བཏང་། །ཡུལ་ཕྱོགས་བདེ་བར་བཀོད་ལ་གསོལ་བ་འདེབས། །སྤྱང་ལུང་མདོ་བ་མགོན་ཤུལ་དཔྱི་ས་དང་། །དམེ་ཤུལ་མགར་རྩེ་སོག་ཡུལ་རྩེ་གཞུང་སོགས། །འབྲོག་ཕྱོགས་རྣམས་ལ་འགྲོ་དོན་རྒྱ་ཆེར་གནང་། །ཇག་ཁྲིམས་རྐུན་ཁྲིམས་བསྡམས་ལ་གསོལ་བ་འདེབས། །ཧོར་དང་སྐྱ་བོན་གླེ་བ་དཔལ་མཆོག་དང་། །བདུད་ཤུལ་བཀྲ་ཚ་འཁྱམས་རི་རྐང་ཚའི་འབྲོག །རང་ངན་ཧྲིས་ནག་ཐར་ཤུལ་ཞབས་དྲུང་སོགས། །ཕེབས་ནས་ཆོས་ལ་བསྒྱུར་དེར་གསོལ་བ་འདེབས། །ཆུ་བཟང་དགོན་བཏབ་མ་ཕྱག་དགོན་པ་ནས། །མཚམས་སྒྲུབ་གནང་ཞིང་རྒྱ་དངུལ་རྡོ་ཚད་དགུས། །རྩམ་པ་ཉོས་ནས་ཉམ་ཐག་སྤྲང་པོ་བསྐྱངས། །དབུས་ཕྱོགས་སྤྲིངས་ཡིག་བསྐུར་ལ་གསོལ་བ་འདེབས། །རྒྱ་ཟ་བོང་སྟག་ཕྱོགས་སུ་འགྲོ་དོན་གནང་། །རྒྱུ་རྫས་སྟོད་སྨད་དགོན་པ་རྣམས་ལ་ཕུལ། །ཁྲི་ཀའི་ཇོ་བོའི་མདུན་དུ་དངུལ་རྐོང་བཞག །ཡར་མཆོད་མར་སྦྱིན་མཛད་ལ་གསོལ་བ་འདེབས། །རེབ་ཀོང་སྦ་ནག་ཁ་གསུམ་འཁྲུག་པ་བསྡུམས། །བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྐུ་མཚམས་གནང་། །སྔར་མེད་ལེགས་བཤད་གསུངས་ཤིང་ཆོས་འཁོར་བསྐོར། །རྒྱུ་ནོར་ཆོས་ཕྱོགས་བཏང་ལ་གསོལ་བ་འདེབས། །སོག་ཡུལ་ཕེབས་ནས་བླ་མའི་གདན་སར་མཇལ། །ཐ་ཡན་ཆི་སོགས་ཉམས་གསོས་མཚམས་རྒྱུན་བཙུགས། །སོག་ཕྱོགས་འགྲོ་དོན་བྱས་ནས་ཆོས་ལ་བསྒྱུར། །ཀུན་གྱི་སྡིག་རྒྱུན་བཅད་ལ་གསོལ་བ་འདེབས། །ཁ་སོག་ཀ་རོན་བཙན་མོར་འགྲོ་དོན་བྱས། །རྫོང་དཀར་རྫོང་སྔོན་བདེ་ཆེན་ཞབས་ཏོག་ཕུལ། །སླར་ཡང་གདན་སར་མཚམས་གནང་ལེགས་བཤད་བརྩམས། །མགུར་དབྱངས་མང་པོ་གསུངས་ལ་གསོལ་བ་འདེབས། །ཧྲིས་ནག་གཅན་ཚའི་འབྲོག་ལ་འགྲོ་དོན་གནང་། །དེ་ཕྱོགས་བློ་ཁ་དམ་པའི་ཆོས་ལ་བསྒྱུར། །དབུས་གཙང་ཕྱོགས་སུ་རྒྱ་དངུལ་རྡོ་ཚད་བཅུས། །ཐོག་དྲངས་ནོར་རྫས་བསྐུར་ལ་གསོལ་བ་འདེབས། །དགུ་རོང་ཕུ་མཐིལ་གཉིས་ལ་འགྲོ་དོན་གནང་། །ལྷ་ཁང་ཉམས་གསོས་དེ་ཕྱོགས་དགེ་རྒྱུན་བཙུགས། །ཤིང་དཀར་དགུ་སྟེང་སྣང་ར་ལོ་ཁོག་དང་། །སྐྱ་རེངས་ཕྱོགས་སུ་ཕེབས་ལ་གསོལ་བ་འདེབས། །རི་སྙིང་ནས་བཞུགས་དགོན་པར་ཉམས་གསོ་བྱས། །སྦྲུལ་ལྕེ་རྡོ་རིང་ཧྲིས་ནག་ཧོར་པ་ཤི། །འཁྱམས་ཚང་ལྟོ་ཚང་ཞོ་འཛིངས་ཀེའུ་ཆུ་སོགས། །འགྲོ་དོན་རྒྱ་ཆེར་གནང་ལ་གསོལ་བ་འདེབས། །ཨ་དར་ཆ་ག་ཤེས་བཞིན་འཁྲུག་པ་བསྡུམས། །ལྷ་ཁང་གསར་བཞེངས་དེ་ཕྱོགས་དགེ་རྒྱུན་བཙུགས། །བྱ་ཁྱུང་ལ་སོགས་དགོན་པར་ཞབས་ཏོག་ཞུས། །ཚོགས་བསོགས་རྒྱ་ཆེན་མཛད་ལ་གསོལ་བ་འདེབས། །ཆུ་བཟང་ལ་ཕེབས་ལྕང་སྐྱ་དཔོན་སློབ་མཇལ། །ཐུགས་ཡིད་གཅིག་འདྲེས་ལྷ་ཁང་རབ་གནས་གནང་། །ཁ་སྒང་ཤཱཀྱ་བུ་རྒྱུད་ལ་སོགས་པར། །འགྲོ་དོན་རྒྱ་ཆེན་གནང་ལ་གསོལ་བ་འདེབས། །མར་ནང་ཚོ་ལྔའི་ཕྱོགས་སུ་འགྲོ་དོན་གནང་། །གང་ཕུལ་ཕྱོགས་དེའི་དགོན་པར་ཞབས་ཏོག་ཕུལ། །བསྟན་པའི་མངའ་བདག་གསེར་ཁང་རིན་པོ་ཆེར། །མཇལ་ནས་ཐུགས་ཡིད་འདྲེས་ལ་གསོལ་བ་འདེབས། །ཀཿཐོག་གྲུབ་ཆེན་གདན་དྲངས་བཀའ་ཆོས་ཞུས། །རེབ་ཀོང་སྔགས་མང་བསྡུས་ནས་ཆོས་ཐོག་བཟུང་། །གསུང་འབུམ་ལེགས་བཤད་རྣམ་ཐར་དཔར་དུ་བསྒྲུབས། །བསྟན་པའི་རྒྱལ་མཚན་བཙུགས་ལ་གསོལ་བ་འདེབས། །སྟོད་ཀྱི་བཀྲ་ཤིས་དགེ་འཕེལ་ཉམས་པ་གསོས། །གྲོང་ཡུལ་སོ་སོར་མཚམས་ཁང་གསར་དུ་བསྒྲུབས། །ཕན་ཚུན་འཁྲུག་པ་བཅོ་བརྒྱད་ཐབས་ཀྱིས་བསྡུམས། །ཡུལ་ཁམས་བདེ་བར་བསྒྱུར་ལ་གསོལ་བ་འདེབས། །ཡུལ་ཕྱོགས་གཟིགས་ཚད་རྣམས་ལ་བཀྲ་ཤིས་བརྗོད། །རི་ཁྲོད་མཐོང་ཚད་རྣམས་ལ་བྱིན་འབེབས་གནང་། །རྟེན་བཞེངས་གཟིགས་ཚད་རྣམས་ལ་རབ་གནས་མཛད། །འབྲེལ་ཚད་དོན་དང་ལྡན་ལ་གསོལ་བ་འདེབས། །མི་རྣམས་མཇལ་ཚད་རྣམས་ལ་དབང་བསྐུར་བྱས། །སེམས་ཅན་ཤི་ཚད་རྣམས་ལ་བསྔོ་སྨོན་གནང་། །སྐྱེ་འགྲོ་སྐྱབས་ཚད་རྣམས་ལ་མགོ་འདྲེན་མཛད། །ཀུན་གྱི་སྐྱབས་གནས་མཆོག་ལ་གསོལ་བ་འདེབས། །འགྲོ་དོན་ཡོང་བའི་སློབ་མ་བརྒྱ་ཕྲག་ཙམ། །ཤ་མི་ཟ་བའི་ཆོས་པ་སུམ་བརྒྱ་ལྷག །རི་ཁྲོད་ཟིན་པའི་སློབ་མ་སྟོང་ཚོ་བསྐྱངས། ། འགྲོ་བའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །བླ་མ་བརྒྱ་ཕྲག་དུ་མར་བཀའ་ཆོས་ཞུས། །རི་ཁྲོད་བརྒྱ་ཕྲག་དུ་མར་ཉམས་ལེན་གནང་། །གྲོང་དགོན་བརྒྱ་ཕྲག་དུ་མར་འགྲོ་དོན་མཛད། །མཛད་པ་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས། །དགེ་སྒྲུབ་སྡིག་སྤོང་བྱས་པ་བགྲང་ལས་འདས། །སྒྲུབ་གནས་བརྒྱད་སོགས་གནས་ཆེན་ཉམས་གསོ་བྱས། །གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། །བསྟན་པའི་མངའ་བདག་མཆོག་ལ་གསོལ་བ་འདེབས། །མ་འོངས་ལྐོག་གྱུར་ཐུགས་ཀྱིས་ས་ལེར་མཁྱེན། །མ་ཞུས་ལུང་བསྟན་གསུང་གི་ཞོར་ལ་གནང་། །མ་དད་སྣང་བ་དམ་པའི་ཆོས་ལ་བསྒྱུར། །མ་ནོར་ལམ་སྟོན་དམ་པར་གསོལ་བ་འདེབས། །དམ་ལྡན་སྣང་ངོར་རྡོ་ལ་ཞབས་རྗེས་བཞག །ལས་ལྡན་རྣམས་ལ་གང་འདོད་ཆོས་ཆར་འབེབས། ། དད་ལྡན་ཞུས་ཚེ་ཆར་འབེབས་གནང་བ་སོགས། །སྐལ་ལྡན་རེ་བ་སྐོང་ལ་གསོལ་བ་འདེབས། །ཞལ་མཐོང་ཙམ་གྱིས་འགྲོ་རྣམས་དད་ཅིང་འདུན། །གསུང་ཐོས་ཙམ་གྱིས་ཅི་གསུང་དང་དུ་ལེན། །ཐུགས་བཀོད་གང་གནང་ཚེགས་མེད་ལྷུན་གྱིས་འགྲུབ། །སྐྱབས་མགོན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དེ་ལྟར་བླ་མའི་གསང་གསུམ་རྣམ་པར་ཐར། །རྒྱ་མཚོ་ཆེ་ལས་ཆུ་ཡི་ཐིགས་པ་ཙམ། །དྲན་པས་གདུང་ཤུགས་དྲག་པོས་གསོལ་བཏབ་མཐུས། །དཔལ་ལྡན་བླ་མས་རྟག་པར་རྗེས་འཛིན་ཤོག །ད་དུང་བདག་སོགས་གདུལ་བྱའི་མགོན་མཛད་ནས། །རྟག་པར་བཞུགས་ནས་ལེགས་བཤད་མགུར་དབྱངས་ཀྱིས། །ཆོས་ཆར་ལེགས་ཕབ་གདུལ་བྱའི་འཛིན་མ་བརླན། །ཉམས་རྟོགས་མྱུ་གུ་མྱུར་དུ་འཁྲུངས་པར་ཤོག །སླར་ཡང་འགྲོ་ཁམས་རྒྱ་མཚོ་མ་སྟོངས་བར། །མགོན་ཁྱོད་སྐུ་ཚེ་མི་ཤིགས་རྡོ་རྗེ་ལྟར། །བརྟན་པར་བཞུགས་ནས་འགྲོ་དོན་མཛད་པ་དང་། །འབྲེལ་ཐོགས་ཐམས་ཅད་སྨིན་ཅིང་གྲོལ་བར་ཤོག །གཞན་ཡང་ལྗོངས་འདིར་ནད་མུག་འཁྲུག་རྩོད་ཞི། །ཆར་ཆུ་དུས་འབབ་ལོ་ཕྱུགས་རྟག་ཏུ་ལེགས། །ཀུན་ཀྱང་དམ་པའི་ཆོས་ལ་སྤྱོད་པ་ཡི། །བཀྲ་ཤིས་དགེ་མཚན་ཆེན་པོས་ཁྱབ་གྱུར་ཅིག །དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་པའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

ཅེས་སྐྱབས་མགོན་བླ་མ་ཞབས་དཀར་པ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད་ཅེས་བྱ་བ་འདི་ནི། སྐྱབས་རྗེ་དགུང་ལོ་ང་དྲུག་ཡན་གྱི་རྣམ་ཐར་བསྡུས་པ་རིན་ཆེན་ཕྲེང་བ་ལྟར་རང་གི་ཁ་ཏོན་དུ་བགྱིས་ཆོག་པ་འདི་ཡང་སྐྱབས་མགོན་དམ་པའི་གསུང་གི་བདུད་རྩིས་འཚོ་བ་ཉང་སྐྱེས་མཚམས་མིང་བསྟན་འཛིན་རྒྱ་མཚོས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K