༄༅། །གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེའི་སྐུ་ཚེའི་སྟོད་ཀྱི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་སྨད་ཆ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། །སློབ་དཔོན་ཆེན་པོའི་ཞབས་ལ་གུས་པས་འདུད། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེས་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ཕྱི་གཏན་གྱི་སྐྱབས་མགོན་རིན་པོ་ཆེ། །ཆོས་རྒྱལ་ངག་གི་དབང་པོ་སྤྱི་བོར་བཞུགས། །རྣམ་ཐར་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི། །རྒྱུད་ལ་ཕན་ཐོགས་འབྱུང་བར་བྱིན་གྱིས་རློབས། །ཕན་བདེའི་འབྱུང་གནས་བསྟན་པའི་སྲོག་ཤིང་མཆོག །སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ། །མཁས་གྲུབ་གཉིས་འཛོམས་པདྨ་རང་གྲོལ་གྱི། །སྐུ་ཚེ་སྨད་ཀྱི་རྣམ་ཐར་བདག་གིས་བཤད། །བླ་མའི་རྣམ་ཐར་རྗེས་འཇུག་ཉམས་ལེན་དུ། །འཁྱེར་བར་འདོད་པའི་སྐལ་བཟང་སློབ་མ་དང་། །མ་འོངས་ཆོས་མཛད་དད་གུས་དག་སྣང་ཅན། །རྣམས་ཀྱིས་རབ་ཏུ་དགའ་བའི་སེམས་ཀྱིས་ཉོན། །དེ་ཡང་ཕན་བདེའི་འབྱུང་གནས་བསྟན་པའི་སྲོག་ཤིང་། སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གནས། མཁས་གྲུབ་གཉིས་འཛོམས་བླ་མ་བདེ་བར་གཤེགས་པ་མཚན་སྙན་པདྨ་རང་གྲོལ་རིན་པོ་ཆེ་འདི་ཉིད་ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་བར་གྲགས་ཤིང་། སློབ་དཔོན་གཡུ་སྒྲ་སྙིང་པོ། འདུལ་འཛིན་བརྩོན་འགྲུས་རྒྱ་མཚོ་སོགས་སྐྱེས་མཆོག་དུ་མའི་སྐྱེ་བ་བརྒྱུད་པའི་མཐར། སྐུ་ཚེ་འདི་ལ་ས་བཟང་སོག་པོའི་ཡུལ་དུ་སྐུ་འཁྲུངས་ཤིང་། ཆུང་ནས་བཟུང་ཟས་ནོར་ལ་ཆགས་ཞེན་ཆུང་། ངན་སློང་ལ་སྙིང་རྗེ་ཆེ། བླ་མ་རྣམས་ལ་དད་གུས་དང་ཆོས་ལུགས་གང་ལའང་དག་སྣང་ཆེ་བ་སོགས་སྔོན་སྦྱངས་ཆོས་ཀྱི་བག་ཆགས་བཟང་ཞིང་། ཆེར་སོང་ནས་ཆོས་སྒོར་ཞུགས། ཆོས་བཞིན་མཛད་ཚུལ་ཉིད་ཀྱིས་མཛད་པའི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ན་གསལ་ལ། འདིར་སྐུ་ཚེ་སྨད་ཀྱི་རྣམ་ཐར་རགས་རིམ་ཙམ་ཞིག་བརྗོད་པ་ལ། རེབ་ཀོང་གསེར་མོ་ལྗོངས་ཀྱི་གདུལ་བྱ་རྣམས་ལ་སྔ་ཕྱི་རིམ་ཅན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཕལ་ཆེར་སྨིན་གྲོལ་གྱི་ལམ་ལ་བཀོད་པ་དང་། ཉིད་ཀྱི་དངོས་ཉམས་རྨི་ལམ་དུ་མ་མཁའ་འགྲོའི་ཚོགས་ཀྱིས་གནས་གཞན་དུ་ཕེབས་ན་ཐུགས་དམ་འཕེལ་ཞིང་གཞན་དོན་ཡོང་བའི་ལུང་བསྟན་བྱུང་ནས། གནས་ཆེན་བཀྲ་ཤིས་འཁྱིལ་བ་ནས་ཐོན་ཧོར་སོག་པོ་སོགས་འབྲོག་ཁྲོད་མང་པོ་བརྒྱུད་ནས་ས་ཕུན་སུམ་ཚོགས་པ་མང་རའི་མཁའ་འགྲོ་མ་བརྒྱ་རྩའི་གནས་ཀྱི་ཐག་ཉེ་ཐོ་ནོ་ཅིའི་སྒྲུབ་གནས་བདེ་ཆེན་དགའ་ཚལ་ཞེས་བྱ་བ། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ཞིང་ཁམས། ཁ་ལྷོར་ལྟ་དགུན་དུས་ཉི་འོད་འཁྱིལ་ཞིང་། དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་པ། ཕར་བལྟས་ན་ནམ་མཁའ་ཁ་ཞེང་ཆེ་ཞིང་བྱ་རྒོད་པོ་མང་པོ་མཁའ་ལ་ལྡིང་བ། རི་ངོས་རྩི་ཤིང་མང་པོ་རྒྱས་པའི་ཁྲོད་ན་ཁུ་བྱུག་འཇོལ་མོ། བྱེའུ་རྣམས་ཀྱིས་སྐད་སྙན་སྒྲོག་ཅིང་རྒོད་དང་བྱ་རོག་རྣམས་ཀྱི་ཚང་ཡོད་པ། རྩ་བ་ན་མང་རའི་ཆུ་ཆེན་པོ་ཕར་འཁྱིལ་ཚུར་འཁྱིལ་ནས་ཡོན་ཆབ་བཞིན་དུ་གནས་པ། མདུན་ན་ཆུ་མིག་མང་པོ་ཁ་ཚུར་བལྟས་ནས་འབབ་ཅིང་། ལྷ་བྱ་ཁྲུང་ཁྲུང་དཀར་མོ་ངང་བ་ངུར་བ་མཐིང་རིལ་རྣམས་ཀྱིས་སྐད་སྙན་སྒྲོག་བཞིན་བག་ཕེབས་གནས་པ། ནེའུ་གསེང་སྤང་གཞོང་གསེར་གྱི་མཎྜལ་བཤམས་པ་བཞིན་ཆགས་པའི་སྟེང་ན་སྨན་ལྗོངས་མེ་ཏོག་སྣ་ཚོགས་ཚོམ་བུ་བཞིན་གཅལ་དུ་བཀྲམས་པ། རྩེ་ན་བུང་བ་མང་པོས་དགའ་བའི་གར་སྟབས་བསྒྱུར་ཅིང་སྙན་པའི་རྒྱངས་གླུ་རིང་མོ་བྱས་ནས་ལེན་པ། གོང་འོག་ཀུན་ན་ཡོན་བདག་འབྲོག་པ་དད་ཅན་མང་པོས་སྐྱིད་དགའ་ལོངས་སྤྱོད་དང་ལྡན་ཞིང་ཆོས་སྒྲུབ་པའི་མཐུན་རྐྱེན་ནམ་དགོས་པའི་དུས་སུ་སྟེར་བ། རི་ཐང་ཀུན་ན་ཕྱུགས་རྫི་ན་ཆུང་རྣམས་ཀྱིས་རྩེད་མོ་སྣ་ཚོགས་རྩེ་ཞིང་ཉམས་བྱུང་རྒྱལ་གྱི་གླུ་དབྱངས་མང་པོ་ལེན་པ། རྟག་ཏུ་ཉམས་དགའ་རིག་པ་དྭངས་པའི་དབེན་གནས་ཁྱད་པར་ཅན་དེར་ཕེབས་ནས་ལོ་མང་པོའི་བར་དུ་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་བྱས། སྐབས་ཤིག་བློ་ཁ་ལྷས་ཁྲིད་ནས་དངུལ་དང་ཁལ་རྟ་བསྒྲིགས་ནས་གྲོགས་པོ་བཟང་པོ་དང་བཅས་ཏེ་དབུས་སུ་ཕེབས། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ལ་དངུལ་དང་གོས་དར་སོགས་ཀྱི་འབུལ་བ་ཕུལ་ནས་མཇལ། ཆོས་འབྲེལ་ཞུས། སྨོན་ལམ་ཆེན་མོར་སེར་འབྲས་དགེ་གསུམ་ལ་ཐུག་པ་ཞིག་དྲངས། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས། བསམ་ཡས་བྱང་ཆུབ་ཆེན་མོ་སོགས་ལ་མཇལ། མཆོད་འབུལ་རྒྱ་ཆེན་པོ་མཛད། དེ་ནས་འོལ་དགར་ཕེབས་རྡོ་རྗེ་སློབ་དཔོན་གྱི་དྲུང་ནས་གསང་ཡེའི་ཆོས་སྐོར་ཞུས། ཡར་ལུང་ཤེལ་བྲག །སྨིན་གྲོལ་གླིང་དང་རྡོ་རྗེ་བྲག་ལ་མཇལ། བླ་མ་རྣམས་ལ་འབྲེལ་བ་བཞག་ཆོས་འབྲེལ་ཞུས། ཡར་བཀྲ་ཤིས་ལྷུན་པོར་ཕེབས། སྐྱབས་མགོན་པཎ་ཆེན་རིན་པོ་ཆེ་ལ་དངུལ་སྲང་ཁ་ཤས་ཕུལ་ནས་མཇལ། ཆོས་འབྲེལ་སྐྱབས་འཇུག་ཞུས། དེ་ནས་ང་ཡོད་སར་སླེབས། ངེད་གཉིས་བྱང་གི་ཡོལ་མོ་ལུང་ནས་མཇལ། ཕན་ཚུན་ལོ་མང་པོར་མ་མཇལ་བའི་སྟབས་ཀྱིས་ཤི་གསོན་ངོ་འཕྲད་པ་ལྟར་དགའ་སྤྲོ་ཚད་ལས་འདས་པ་བྱུང་། དངུལ་སྲང་མང་པོ་བསྩལ། ཕར་ལ་ཚེ་དབང་ཞིག་ཕུལ། ཟླ་བ་གཅིག་ལྷག་བཞུགས། ཕེབས་ཁར་དད་རྟེན་དུ་ཁ་ཊྭཱཾ་ཀ་ཞིག་དང་རྟེན་གསུམ་གང་ཡོད་མཐུན་རྐྱེན་གང་དགོས་ཕུལ། དེ་ནས་ས་སྐྱར་ཕེབས་ནས་ཡབ་སྲས་ཐམས་ཅད་ལ་མཇལ་འབྲེལ་བ་བཞག །སྐྱབས་འཇུག་ཞུས་ནས་ཚ་རོང་དུ་ཕེབས། ལྕམ་ཆེ་ཆུང་རྣམས་ཀྱིས་ཞབས་ཏོག་ཕུལ་བ་བཞེས་བསྔོ་སྨོན་གྱི་མཚམས་སྦྱོར་བྱས། ལྷ་ལྡན་དུ་འབྱོར། དེ་ནས་རིམ་གྱིས་ཕེབས། སླར་མང་རའི་མཚམས་ཁང་དུ་སླེབས། སློབ་མ་ཡོན་བདག་ཀུན་ལ་བྱིན་རྟེན་འཚམས་རྟགས་གནང་ནས་བཞུགས་སོ། །
དེའི་རྗེས་སུ་ང་དབུས་ནས་ཡོང་བ་ལ་ཁོང་མཚོ་སྔོན་པོའི་ཁ་བར་དུ་འོངས་ནས་བསུ་བ་བྱས། རྟ་བཟང་ཇ་མར་སོགས་གང་མཁོ་བསྩལ། ཕར་ལ་རྟེན་གསུམ་ཕྱག་ཕྲེང་ན་བཟའ་སོགས་འཚམས་རྟགས་ཕུལ། ལོ་གཅིག་རིས་མེད་བསྟན་འགྲོའི་དཔལ་མགོན་སར་གནས་བྱང་ཆུབ་སེམས་དཔའ་མཁས་བཙུན་བཟང་གསུམ་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་སྐུ་ཞབས་གསེར་ཁང་རིན་པོ་ཆེ་མང་ར་རུ་ཕེབས་དུས་མཚམས་ཁང་དུ་གདན་དྲངས། ཟས་ནོར་གྱི་འབྲེལ་བ་བཞག །དབང་ལུང་དང་སྐྱབས་འཇུག་ཞུས། ཁོང་གིས་ཐུགས་དགྱེས་བཞིན་གསུང་གླེང་མང་པོ་མཛད། གསོལ་རས་མང་པོ་གནང་། རྗེས་སུ་ཡང་མཇལ་ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། ཡང་མཁས་པའི་དབང་པོ་གྲུབ་པའི་དབང་ཕྱུག་སྦས་པའི་སངས་རྒྱས་འབྲེལ་ཚད་དོན་ལྡན་བླ་མར་འོས་ཀྱང་སློབ་མའི་ཚུལ་འཛིན་པའི་སྐུ་ཞབས་རྫོགས་ཆེན་རིན་པོ་ཆེ་དང་ཁོང་གཉིས་ལན་མང་པོའི་བར་དུ་ཕར་ཕེབས་ཚུར་ཕེབས་མཛད། ཆོས་ཀྱི་ཕྱོགས་འཇིག་རྟེན་གྱི་སྒོ་ཐམས་ཅད་ནས་གཅིག་གིས་གཅིག་ལ་ཕན་ཐོགས་མཛད་སྣང་། ཆོས་ཉིད་ཀྱི་དགོངས་པ་ལ་བར་མཚམས་མེད་པའི་སྐུ་ཞབས་ལ་ཁ་རིན་པོ་ཆེར་ལན་མང་པོ་མཇལ་ཞིང་ཆོས་འབྲེལ་ཞུས། གསོལ་རས་ཀྱང་ཡང་ཡང་གནང་། སྐབས་ཤིག་རེབ་ཀོང་དུ་ཕེབས་ནས་སྤྱང་ལུང་སྤྲུལ་སྐུ་རིན་པོ་ཆེ་དང་སྔགས་མང་ཞོ་འོང་བན་སྔགས་སོགས་ལ་བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ། ཞི་ཁྲོ་དམ་པ་རིགས་བརྒྱ། གྲུབ་ཐོབ་བརྒྱད་ཅུ། རིག་འཛིན་གདུང་སྒྲུབ་སོགས་ཀྱི་དབང་ལུང་མང་པོ་གནང་། ང་ཡང་ལོ་གཅིག་བཀྲ་ཤིས་འཁྱིལ་བ་ནས་ཐོན་འབྲོག་ཁྲོད་བརྒྱུད་ནས་འགྲོ་དོན་བྱེད་བཞིན་མང་ར་རུ་ཡོང་། ཁོང་དང་མཇལ། མཚམས་ཁང་ནས་ངེད་གཉིས་ཟླ་བ་གཅིག་ལྷག་ཙམ་ལ་ལྷན་དུ་བསྡད། ངས་རྩོམ་པ་གང་བྱས་ཀྱི་ལུང་ཁོང་ལ་ཕུལ། ཁོང་གིས་གང་བརྩམས་རྣམས་གསུང་གི་བཅུག་ནས་ངས་ཉན། དེ་དུས་ཁོང་དཔོན་སློབ་རྣམས་ཀྱིས་གནས་བསྟོད་ཅིག་དགོས་ཞེས་བསྐུལ་ངོར་ངས་ཕུན་སུམ་ཚོགས་མའི་མགུར་འདི་བླངས་སོ། །བླ་མ་ཡི་དམ་མཁའ་འགྲོ་མཆོད། །བྱིན་རླབས་དངོས་གྲུབ་ཆར་བཞིན་ཕོབས། །གནས་འདི་འོག་མིན་དག་པའི་ཞིང་། །མགོན་འདི་དྲུག་པ་རྡོ་རྗེ་འཆང་། །འཁོར་འདི་དཔའ་བོ་མཁའ་འགྲོའི་ཚོགས། །ཆོས་འདི་ཐེག་ཆེན་གསང་སྔགས་ཆོས། །དུས་འདི་རྫོགས་ལྡན་ཉིན་མོའི་དུས། །བཀྲ་ཤིས་ཕུན་སུམ་ཚོགས་པ་ལགས། །ཕུན་སུམ་ཚོགས་པའི་གནས་མཆོག་འདིར། །བཞུགས་པའི་ཆོས་མཛད་སྐྱེས་བུ་ལ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབབ། །བདེ་སྐྱིད་ཉི་མ་བཞིན་དུ་འཆར། །གནས་འདི་བསྟོད་པའི་དགེ་བའི་མཐུས། །ཡུལ་འདིར་བཀྲ་ཤིས་གཡང་ཆགས་ཤོག །ཅེས་བླངས་པས་ཀུན་དགྱེས་པར་གྱུར་ཏོ། །དེའི་རྗེས་སུ་དཔལ་ལྡན་ས་ར་ཧའི་རྣམ་འཕྲུལ་ཧལ་ཧ་ནོ་ཡོན་ཧུ་ཐོག་ཐུ་དང་། འཇམ་དབྱངས་གོང་མའི་གསེར་ལུང་གིས་མངོན་པར་མཐོ་བའི་ཆོས་རྗེ་ཧུ་ཐོག་ཐུ་རྣམ་གཉིས་ཀྱིས་གསུང་ཤོག་བསྩལ་བའི་འབྱོར་ལན་ཕུལ། ལུང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་བུ་ཆེན་མི་ཕམ་འགྲོ་འདུལ་རྡོ་རྗེ་ཤར་ཕྱོགས་སོག་ཡུལ་དུ་ཕེབས་པ་ལ་ཞལ་གདམས་གནང་། ཁོང་གིས་ཐུགས་དམ་འབའ་ཞིག་ལ་གཞོལ་ནས་བཞུགས་སོ། །
མདོར་ན་མང་ར་ནས་སྒར་ཁ་བཟུང་། ལོ་རེ་བཞིན་ཁྲི་ཀ །ཨ་ཆུང་གནམ་རྫོང་། རྨ་ཕ་རི་ཚུ་རི། རེབ་ཀོང་མར་ནང་རྣམས་སུ་རེས་མོས་བྱས་ཡང་ཡང་ཕེབས་ནས་གསར་རྙིང་རིས་མེད་ཀྱི་མདོ་སྔགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ལས་དང་སྐལ་བར་ལྡན་པ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད། ང་དབུས་ནས་འདིར་སླེབས་པ་ནས་བཟུང་ངེད་རྣམ་གཉིས་ཟུང་འབྲེལ་གྱི་སྒོ་ནས་མདོ་སྨད་སྤྱི་དང་། ཁྱད་པར་རེབ་ཀོང་སྟོད་སྨད་སྦ་ནག་ཁ་གསུམ་གྱི་སྐྱེས་ཕོ་མོ་རྣམས་ལ་ལས་རྒྱུ་འབྲས་ཀྱི་ཆོས་མང་པོ་བཤད་ནས་འཐབ་རྩོད་ཇག་རྐུས་སྲོག་གཅོད་ཀྱི་སྡིག་རྒྱུན་བཅད། དགེ་རྒྱུན་སྤེལ་ནས་ཡུལ་ཁམས་ཐམས་ཅད་དམ་པའི་ཆོས་ཀྱིས་དཀར་པོར་བཏང་ངོ་། །
སྨྲས་པ། འབྲེལ་ཚད་དོན་ལྡན་སྐྱེས་མཆོག་དམ་པ་འདིས། །རེབ་ཀོང་གསེར་མོ་ལྗོངས་ཀྱི་གདུལ་བྱ་ལ། །མདོ་སྔགས་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །གདུལ་བྱ་ཕལ་ཆེར་སྨིན་གྲོལ་ལམ་ལ་བཀོད། །དེ་ནས་མ་དང་མཁའ་འགྲོའི་ལུང་བསྟན་བཞིན། །འབྲོག་པ་བརྒྱུད་ནས་མང་རའི་གཞུང་ལ་ཕེབས། །སྒྲུབ་གནས་བདེ་ཆེན་དགའ་བའི་ཚལ་དུ་བཞུགས། །ལོ་མང་སྐུ་མཚམས་བསྟན་དང་འགྲོ་དོན་མཛད། །དེ་ནས་སྐབས་ཤིག་བློ་ཁ་ལྷ་ཡིས་བསྐྱོད། །གྲོགས་བཟང་ཁྲིད་ནས་དབུས་ལ་མཇལ་དུ་ཕེབས། །རྒྱལ་བ་ཡབ་སྲས་སོགས་ལ་འབྲེལ་བ་བཞག །ལྷ་ལྡན་བསམ་ཡས་སོགས་ལ་མཆོད་པ་ཕུལ། །ང་དང་འཕྲད་ནས་སླར་ཡང་ཕྱིར་ལ་ཕེབས། །གནས་དེར་གཞི་བཟུང་ཕྱོགས་མེད་འགྲོ་དོན་མཛད། །རྗེས་ནས་ངེད་གཉིས་ཟུང་དུ་འབྲེལ་བའི་སྒོས། །ཡུལ་ཁམས་ཆོས་ཀྱིས་དཀར་པོར་བཏང་བ་མཚར། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཞན་ཡང་ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་གསུམ་གྱི་དབང་དུ་བཏང་ན། སྔ་མ་གཉིས་རྣམ་ཐར་ན་གསལ་ཞིང་། བྱ་བ་ལས་ཀྱི་འཁོར་ལོ་ལ་བསྟན་འགྲོ་སྤྱི་ཡི་བདེ་ཐབས་དང་། ཁྱད་པར་འབྲེལ་ཐོགས་རྣམས་གནས་སྐབས་བདེ་ཞིང་མཐར་ཐུག་སངས་ཡང་མཉམ་པོར་རྒྱ་བའི་ཆེད་དུ་དམིགས་ནས། སྐུའི་རྟེན་དུ་ཁོང་གི་གདན་ས་གནས་ཆེན་བཀྲ་ཤིས་འཁྱིལ་བ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐུ་བརྙན་མཐོང་བ་རྣམ་གྲོལ་མི་ཚད་ཙམ་དང་། ལྷ་ལྕམ་མཚོ་རྒྱལ་གཉིས་ཀྱི་འདྲ་སྐུ། དམ་ཅན་ར་གདོང་སོགས་སྐུ་འདྲ། ཐང་སྐུ་ཆེ་ཆུང་མང་པོ་བཞེངས། གླིང་རྒྱའི་མ་རུའི་སྔགས་ཁང་ནང་དུ་གུ་རུ་སྣང་སྲིད་ཟིལ་གནོན་མི་ཚད་གཅིག་དང་མཚོ་རྒྱལ་ལྷ་ལྕམ་ཁྲུ་གང་བ་གཉིས་བཞེངས་སུ་བཅུག །སྔར་ངས་དབུས་ནས་བྱིན་པའི་ཁ་ཊྭཱཾ་བྱིན་ཅན་རྒྱ་གར་ནས་འོངས་པ་དེ་སྐུ་འདྲའི་མཆན་ཁུང་གཡོན་དུ་ཕུལ། གླིང་རྒྱའི་ཡར་སྐོར་ཞོང་ཟ་ཚང་གི་སྔགས་ཁང་ནང་དུ་རྟ་མགྲིན་གྱི་སྐུ་མི་ཚད་ཙམ་བཞེངས་སུ་བཅུག་ནང་རྟེན་དུ་རྒྱ་གར་ནས་འོངས་པའི་ཀ་ཤི་ཀའི་རས་ཀྱི་གཟན་རྙིང་ཞིག་ངས་བྱིན་ཡོད་པ་དེ་བཞག །གཞན་ནང་རྟེན་ཅི་ཡོད་རྟེན་དེ་རྣམས་ཀྱི་དཀར་ཆག་ན་གསལ། ཨ་ཆུང་གནམ་རྫོང་གི་བན་སྔགས་གཉིས་ཀྱི་འདུ་ཁང་དུ་སངས་རྒྱས་སྟོང་སྐུ། ཞི་ཁྲོ་དམ་པ་རིགས་བརྒྱ་བཞེངས། ཁྲི་ཀའི་ལན་འགྲོའི་སྔགས་ཁང་ནང་དུ་གུ་རུ་གཙོ་འཁོར་གསུམ་བཞེངས་སུ་བཅུག་ནས་ནང་རྟེན་གནང་། དོ་རྒྱའི་སྔགས་ཁང་ནང་དུ་ཇོ་བོའི་སྐུ་མི་ཚད། ཐུགས་རྗེ་ཆེན་པོ། གུ་རུ་རིན་པོ་ཆེ། ཞི་ཁྲོ་རྣམས་ཀྱི་སྐུ་བཞེངས་སུ་བཅུག་ནས་ནང་རྟེན་གནང་། གསུང་གི་རྟེན་ལ་ཁྲི་ཀའི་ཇོ་བོའི་ལྷ་ཁང་རྒྱབ་ཀྱི་མ་ཎི་ཆོས་འཁོར་གྱིས་ཐོག་དྲངས། རེབ་ཀོང་མང་ར་རྣམས་ནས་མ་ཎི་ཆུ་འཁོར་དང་ལག་འཁོར་ཆེ་ཆུང་བཞི་བཅུ་ལྷག་བཞེངས། རྒྱུད་རྒྱལ་གསང་བ་སྙིང་པོ། རྫོགས་ཆེན་མ་རིག་མུན་སེལ། ཞི་ཁྲོའི་ཆོ་ག །བཏགས་གྲོལ། མཐོང་གྲོལ། མ་ཎི་སོགས་ཀྱི་པར་ཆེ་ཆུང་མང་པོ་བརྐོས་ནས་བཀྲ་ཤིས་འཁྱིལ། གནུབ་ཁམས་ར། ཐོ་ནོ་ཅིའི་གདན་ས་རྣམས་ལ་བཞག །ཐུགས་ཀྱི་རྟེན་ལ་གསེར་ཟངས་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དང་། ས་ལས་གྲུབ་པའི་མཆོད་རྟེན་དང་ས་ཙྪའི་འབུམ་ཁང་མང་པོ་བཞེངས། དེ་དག་རྣམས་ལ་རྒྱུ་འགྲོ་མང་པོ་བཏང་། རབ་གནས་བསྔོ་སྨོན་བཀྲ་ཤིས་ཀྱི་མཚམས་སྦྱོར་ཡང་དག་པ་མཛད་སྣང་། གཞན་ཡང་འཆད་རྩོད་རྩོམ་གསུམ་གྱི་དབང་དུ་བྱས་ན། ཆོས་འཆད་ཚུལ་ནི་རྣམ་ཐར་ལྟར་དང་། མཚན་ཉིད་མ་བརྩད་ཀྱང་གཞན་གྱི་ལོག་རྟོག་བསལ་བའི་ཕྱིར་ལུང་རིགས་གཉིས་ཀྱི་སྒོ་ནས་རྩོད་ལན་མང་པོ་མཛད། རྩོམ་པ་ལ་སྔ་འགྱུར་རྙིང་མའི་བླ་རབས་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་རིན་ཆེན་ཕྲེང་བ་གཞོན་ནུའི་མགུལ་རྒྱན་དང་། སྒྱུ་འཕྲུལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་གི་ཆོ་ག་སྐུ་བཞིའི་ས་བོན་བསྐྲུན་པའི་བྱིན་རླབས་ཆར་འབེབས་སྤྲིན་ཕུང་། ཞི་ཁྲོ་ངན་སོང་སྦྱོང་བའི་ཆོ་ག་དང་དེའི་རྣམ་བཤད་ཟུང་འཇུག་ལམ་མཆོག་བགྲོད་པའི་ཐེམ་སྐས། ཡི་དམ་ཞི་དྲག་གང་ལ་སྦྱར་ཆོག་པའི་སྦྱིན་སྲེག་བར་ཆད་མུན་པ་སེལ་བའི་ཉི་མ། སྒྱུ་འཕྲུལ་ཞི་ཁྲོའི་སྒོ་ནས་སྐུ་གསུང་ཐུགས་རྟེན་རབ་ཏུ་གནས་པའི་ཆོ་ག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པདྨོ་བཞད་པའི་ཉི་མ། རབ་གནས་ཤིན་ཏུ་བསྡུས་པ་དགེ་ལེགས་འོད་འབར། ཚེ་རྟ་མགོན་གསུམ་གྱི་རྗེས་གནང་དུས་མིན་འཆི་སྐྱོབ་བགེགས་དཔུང་མཐར་བྱེད་རྡོ་རྗེའི་གུར་དང་། སྐྱབས་མགོན་ཆོས་རྒྱལ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་དགེ་ལེགས་ཀུན་འབྱུང་། ཉིད་ཀྱི་རྣམ་ཐར་གསོལ་འདེབས་རིན་ཆེན་ཕྲེང་བ། ཨོ་རྒྱན་རྗེས་དྲན་གསོལ་འདེབས། གྲུབ་ཐོབ་བརྒྱད་ཅུའི་གསོལ་འདེབས། དེ་ཡི་མངོན་རྟོགས་ཤིན་ཏུ་བསྡུས་པ། སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་བསྒྲིགས་པ། ངེད་རྣམ་གཉིས་ཀྱི་ཚེ་སྟོད་ཀྱི་རྣམ་ཐར་གཉིས་དང་ཁོང་གི་མགུར་འབུམ། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཆེན་དང་ཟུར་འདེབས། ཞོ་འོང་སྔགས་མང་གི་བཅའ་ཡིག །གཏེར་གསར་གསང་ཡེའི་གཏོར་བཟློག །དམ་ཅན་གྱི་སྒྲུབ་པ་བྱ་ཚུལ། དམ་ཅན་གྱི་སྐྱེས་བུ་ཆེན་པོའི་འཕྲིན་བཅོལ་དགོས་འདོད་ཀུན་སྩོལ། ཐོབ་ཡིག་ནམ་གཞག་གཏན་གྱི་བསོད་ནམས་རིན་ཆེན་ཕུང་པོ། བར་དོའི་ཆོས་བཤད། རོ་བསྲེག་བྱེད་ཚུལ། བསྔོ་བ་སྨོན་ལམ་བཀྲ་ཤིས་ལ་སོགས་པའི་ལེགས་བཤད་ཐམས་ཅད་ཁྱོན་བསྡོམས་པས་མདའ་ཚད་མའི་པོ་ཏི་ཆེན་པོ་བཞི་ཙམ་མཛད་སྣང་། གཞན་ཡང་ཆོས་ལྡན་གྱི་བྱ་བ། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱིས། །བསོད་ནམས་ཕུང་པོ་དཔག་མེད་ཐོབ། །ཅེས་དབུས་མཐའ་ནས་གསུངས་པ་ལྟར་ཐུགས་བསྐྱེད་བཟང་པོའི་སྒོ་ནས་ཚོགས་གསོག་སྒྲིབ་སྦྱོང་ཞལ་འདོན་དགེ་སྦྱོར་ལ་ཉིན་མཚན་མེད་པར་བརྩོན་པར་མཛད་པའི་རྣམ་པར་ཐར་པ་ནི་བརྗོད་པའི་ཡུལ་ལས་འདས་སོ། །
སྨྲས་པ། མགོན་ཁྱོད་སྔོན་དུས་སྐུ་ཚེ་མང་པོའི་བར། །དམ་པའི་ལྷ་ཆོས་མཛད་ནས་སངས་རྒྱས་ཏེ། །ད་ནི་ཡང་སངས་རྒྱས་རྒྱུ་མ་མཆིས་ཀྱང་། །གདུལ་བྱ་ཆོས་ལ་བསྐུལ་ཕྱིར་ཚེ་གང་པོར། །ཀློག་པ་ཐོས་བསམ་སྒྲུབ་པ་བསམ་གཏན་དང་། །བྱ་བ་ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཆད་རྩོད་རྩོམ་གསུམ་སྒོ་ནས་རྒྱལ་བའི་བསྟན། །འཛིན་སྐྱོང་སྤེལ་ལ་ཁྱེད་ལས་ལྷག་པ་གང་། །གཞན་ཡང་ཆོས་ལྡན་བྱ་བ་མང་པོ་དང་། །ཚོགས་གསོག་སྒྲིབ་སྦྱོང་ཞལ་འདོན་དགེ་སྦྱོར་ལ། །ཉིན་མཚན་མེད་པར་བརྩོན་པར་མཛད་པ་ཡི། །རྣམ་ཐར་བཤད་ན་བརྗོད་ཀྱིས་མི་ལངས་སོ། །དེ་དག་ནང་ནས་བསྟན་པའི་མིག་རྐྱེན་ལ། །ཕན་ཕྱིར་བྱ་བ་ལས་ཀྱི་འཁོར་ལོ་དང་། །བསྟན་འགྲོར་ཕན་པའི་ལེགས་བཤད་གང་བརྩམས་རྣམས། །བཤད་པ་འདིས་ཀྱང་ཀུན་ལ་ཕན་པར་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ད་ནི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་ནི། དེའི་ལོར་དོ་རྒྱ། བོད་བྱ་ཚང་། གནུབ་ཁམས་ར་རྣམས་སུ་ཕེབས་ནས་དབང་འདོད་འཇོའི་བུམ་བཟང་སོགས་དབང་ལུང་ཁྲིད་གསུམ་མང་པོ་བྱས། ཀུན་ལ་ལོ་མཚམས་ཟླ་མཚམས་རེ་ཁས་ལེན་དུ་བཅུག །ཡར་ཕེབས་ཁར་ཁོ་བོ་ན་སོ་རྒས་ནས་འཆི་ལ་ཉེ། ཁྱེད་རྣམས་ཀྱང་ནམ་འཆི་ངེས་པ་མེད། ཐམས་ཅད་ཚེ་འདིའི་བྱ་བས་མ་གཡེང་བར་འཆི་ཁར་ཕན་ངེས་ཀྱི་ཉམས་ལེན་ལ་བརྩོན། ད་ཕྱིན་ཆད་ཡང་ཡང་ཨེ་མཇལ་མི་ཤེས་གསུངས་ནས་ཡུལ་བཟང་ཁྲི་ཀ་བརྒྱུད་ནས་མང་ར་རུ་ཕེབས། ཟླ་བ་གཅིག་ཙམ་མཚམས་ལ་བཞུགས་དུས་སྐུ་ལ་སྙུང་རྒྱུ་ནི་ཆེར་མེད་པར་སྐུ་ཤེད་ཆུང་དུ་ཆུང་དུ་སོང་ཚེ། མདུན་འདུག་པ་རྣམས་ཀྱིས་སྐུ་ཁམས་བདེའམ་བྲིས་པས། ཅུང་མི་བདེ་བ་ཞིག་འདུག་གསུངས། དེ་དུས་ཁོང་གི་ཡབ་ཨ་ཀ་དང་། བུ་ཆེན་སོག་ཚའི་དགེ་ཞིས་མཐུ་སྟོབས་ཐོགས་མེད་རྡོ་རྗེ། ཐུགས་སྲས་དབོན་པོ་དཀར་དྲིས། སྙིང་སློབ་ཚངས་དབྱངས་འབྲུག་སྒྲ། གསོལ་དཔོན་བན་ཕྲུག །རིག་གེ། དོན་གྲུབ་སོགས་དེར་འཁོད་པའི་གྲྭ་བུ་སློབ་རྣམས་ཀྱིས་སྨན་དཔྱད་རིམ་གྲོ་འདྲ་བྱས་ན་ཞུས་པས། ཉིད་ཀྱི་ཞལ་ནས། འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཟག་བཅས་ཉེར་ལེན་ཕུང་པོ་འདིར། །བདེ་བ་སྒྲུབ་ཀྱང་སྡུག་བསྔལ་རྒྱུ། །གསུངས་པ་བཞིན་འཁོར་བ་འདིར་ལུས་ངན་འདི་བླངས་ཕྱིན་ཆད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་འབྱུང་བ་གཅིག་ཀྱང་མེད། ཀུན་ལ་ཡོང་བའི་འཆི་བ་དེ་མགོ་ཐོག་ཏུ་བྱུང་བ་རེད་བཅོས་ཐབས་མེད། ཁོ་བོའི་ཚེ་ཚད་དང་འདུལ་སྐལ་གཉིས་ཀ་རྫོགས་པ་ཡིན། ད་བླ་མ་རིན་པོ་ཆེ་ཐག་ཉེར་ཡོད་ཐོག་འདིར་ཤི་ན་རབ་ཡིན། དངོས་ཉམས་རྨི་ལམ་གང་ལ་བལྟས་ཀྱང་ད་རེས་འཆི་བར་འདུག །ཁྱེད་རྣམས་ང་འཆི་བ་ལ་མྱ་ངན་བྱེད་མི་དགོས། ཁོ་བོ་ལ་ཁ་སང་ནས་བཟུང་མ་མཁའ་འགྲོའི་བསུ་མ་མང་པོ་བྱུང་། རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་སོང་ནས་སློབ་དཔོན་ཆེན་པོར་མཇལ་བ་དང་། དག་པ་མཁའ་སྤྱོད་དུ་སོང་ནས་དཔའ་བོ་མཁའ་འགྲོའི་ཚོགས་དཔོན་བྱེད་པའི་སྣང་བ་ཤར། ཁྱེད་རྣམས་ཀྱིས་ཁོ་བོ་འཆི་བ་མི་རྟག་པ་སྟོན་པའི་སློབ་དཔོན་དུ་སོམས་ལ་སྐྱབས་མགོན་རིན་པོ་ཆེའི་བཀའ་བཞིན་ཉམས་ལེན་ལ་འབོད་དང་། ཕྱི་མར་མཁའ་སྤྱོད་དག་པའི་ཞིང་ནས་མཇལ་བའི་སྐལ་བ་ཡོད་གསུངས། ཀུན་གྱིས་ད་དུང་གདུལ་བྱ་ངེད་རྣམས་སྙིང་རེ་རྗེ་ཁྱེད་སྐུ་ཚེ་རྒྱལ་མཚན་བརྟན་དགོས། གལ་ཏེ་མི་བཞུགས་ན་ཞལ་བཀོད་ཅིག་དང་སླར་ཡང་སྤྲུལ་སྐུ་གཅིག་ཅི་ནས་འབྱོན་དགོས་ཞེས་གསོལ་བ་ནན་ཆེར་བཏབ་ནས་ངུས་པས། རེ་ཞིག་ཅུང་མི་གསུང་བར་བཞུགས་ནས། སྐབས་ཤིག་སྤྱན་ཆབ་ཅིག་བསིལ་ནས་ད་ཁྱེད་ཚོ་སྙིང་རེ་རྗེ་ངུ་མི་དགོས་ཁོ་བོས་ཁ་ཆེམས་ཤིག་ཀྱང་འཇོག་ཅེས་མགུར་འདི་གསུངས་སོ། །སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག །སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །ཀུན་གྱིས་བསམ་དོན་ཆོས་བཞིན་དུ། །འགྲུབ་པའི་བྱིན་རླབས་དངོས་གྲུབ་སྩོལ། །བྱ་བྲལ་པདྨ་རང་གྲོལ་ངས། །ཐམས་ཅད་མི་རྟག་སྒྱུ་མར་བསམ། །ནོར་ལ་གསོག་འཇོག་མ་བྱས་པར། །ཡོད་ཚད་ཆོས་ཀྱི་ཕྱོགས་སུ་བཏང་། །ལུས་གོས་མཆོད་རྫས་ཁལ་རྟ་ཙམ། །མ་གཏོགས་ནོར་རྫས་གང་ཡང་མེད། །དེ་ཕྱིར་གདུང་མཆོད་འདི་ཐོངས་ཞེས། །ཁ་ཆེམས་འཇོག་རྒྱུ་གང་ཡང་མེད། །བུ་སློབ་ཀུན་ལ་གསོན་དུས་སུ། །ཆོས་བཤད་མགུར་དབྱངས་བླངས་པ་རྣམས། །འཆི་ཁའི་དུས་ཀྱི་ཁ་ཆེམས་ཡིན། །ད་ནི་དེའི་ལྷག་བཤད་རྒྱུ་མེད།  །འཆི་ཁ་གཏམ་དང་ཉལ་ཁ་ཆུ།  །མ་མང་ཟེར་བའི་གཏམ་དཔེ་བཞིན། །འཆི་ཁར་ལབ་ལབ་མང་མི་རུང་། །ཁ་རོག་ཤི་བ་གདམས་ངག་ཟབ། །འོན་ཀྱང་དྲིན་ཅན་ཕ་མ་ཡིས། །འཆི་ཁ་བུ་ཚ་སྙིང་རྗེ་ནས། །ཁ་ཆེམས་ཚིག་འགའ་སྨྲ་བ་ལྟར། །གཏམ་གྱི་ཐ་མ་འདི་ལ་ཉོན། །ད་རེ་ཁོ་བོ་འཆི་བ་འདི། །ཀུན་ལ་འཆི་བ་མི་རྟག་པ། །སྟོན་པའི་སློབ་དཔོན་ཡིན་སོམས་ལ། །ཐམས་ཅད་དམ་པའི་ལྷ་ཆོས་མཛོད། །དད་པ་ཆེ་ན་བྱིན་རླབས་འཇུག །དམ་ཚིག་བསྲུང་ན་དངོས་གྲུབ་འབྱུང་། །ཕན་སེམས་ཆེ་ན་རྒྱལ་བ་མཉེས། །དག་སྣང་སྦྱངས་ན་ཞིང་ཁམས་མཐོང་། །བསོད་ནམས་བསགས་ན་བསམ་དོན་འགྲུབ། །སྟོང་ཉིད་རྟོགས་ན་སྙིང་རྗེ་སྐྱེ། །སྙིང་རྗེ་ཆེ་ན་འགྲོ་དོན་ཡོང་། །འགྲོ་དོན་བྱས་མཐར་ང་དང་མཇལ། །ཚེ་འདིར་འགྲོགས་པ་ཡུད་ཙམ་གདའ། །ཕྱི་མར་མཁའ་སྤྱོད་ཞིང་ནས་མཇལ། །འགྲོགས་ནས་ཞིང་ཁམས་ཐམས་ཅད་དུ། །སོང་ནས་སངས་རྒྱས་མཆོད་པར་ཤོག །གསུངས་ནས་ཅུང་ཟད་ངལ་གསོས་ཏེ། ཡང་ཁྱེད་ཀུན་གྱིས་རྩ་གསུམ་ལྷ་ལ་གསོལ་བ་ཐོབས་དང་ཁོ་བོས་ཀྱང་སྤྲུལ་སྐུ་ཞིག་ཡོང་ཨེ་ཐུབ་བལྟ། གཉིས་གསུམ་འདྲ་བྱུང་ན་བླ་མ་ལྷ་ལ་བརྟགས་པ་ཞུས་ལ་གཅིག་ལོངས་དང་ཕན་ཐོགས་ཡོད་གསུངས་པའི་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་རྟག་འཛིན་ལས་བཟློག་པ་དང་། དམ་པའི་ཆོས་དང་དགེ་བའི་བཤེས་གཉེན་ལ་རྙེད་དཀའ་བའི་འདུ་ཤེས་བསྐྱེད་པའི་ཕྱིར་དགུང་ལོ་ལྔ་བཅུ་ང་གསུམ་ཐོག་ས་ཁྱི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་གི་སྔ་དྲོའི་ཉི་མ་རྩེ་ཤར་གྱི་དུས། སྐུ་དྲང་པོར་བསྲིངས། སྤྱན་ནམ་མཁའ་ལ་གཟིགས་ནས་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་གདོད་མ་གཤིས་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་ཁྱབ་གདལ་ཀློང་ཡངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དགོངས་པ་ལ་མཉམ་པར་བཞག་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །དེ་ནས་དབོན་པོ་དཀར་དྲིས་ཀྱིས་སྐུ་གདུང་གི་ཞབས་ཏོག་དང་མདུན་དུ་མཆོད་འབུལ་བྱས། དགེ་འདུན་པ་མང་པོ་གདན་དྲངས་ཆོ་ག་གསུང་དུ་བཅུག །གཞན་གྲྭ་བུ་སློབ་ཀུན་གྱིས་འཇིག་རྟེན་པའི་ཕ་མ་བུ་གཅེས་ཤི་བ་ལས་ཐུ་བའི་མྱ་ངན་བྱས། ཧོས་བཏབ་སྨྲེ་སྔགས་བཏོན། མང་པོ་ངུས་ནས་ཡུན་རིང་པོ་སོང་བའི་མཐར་གདུང་དབྱངས་འདི་ཡང་ཕུལ་ལོ། །མ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་ས། །གནས་ཁྱད་འཕགས་བདེ་ཆེན་དགའ་ཚལ་ནས། །ཁྱིའི་ལོ་ཡི་དགུན་ཟླ་ཐ་ཆུང་གི། །ཚེས་བཅུ་དྲུག་སྔ་དྲོ་ཉི་ཤར་དུས། །རྗེ་འཁོར་འདས་གཟིགས་པའི་མཁྱེན་རྒྱ་ཅན། །ཡར་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས། །གྲྭ་བུ་སློབ་སྐྱབས་མེད་མགོན་མེད་རྣམས། །ཕ་ཤི་བའི་དྭ་ཕྲུག་བཞིན་དུ་ལུས། །རྗེ་གྲུབ་དབང་འོད་གསལ་ཉི་མ་ནུབ། །ད་མ་རིག་མུན་པ་སུ་ཡིས་སེལ། །མ་འགྲོ་མགོན་གྲུ་ཆེན་རྒྱ་མཚོར་ཞིག །ད་འཁོར་བའི་མཚོ་ལས་སུ་ཡིས་སྒྲོལ།  །སྔར་རྟག་ཏུ་བསྟེན་ནས་ཆོས་ཉན་ཀྱང་། །དུས་ད་ལྟ་བསམ་ན་ཡུད་ཙམ་གདའ། །མགོན་ཁྱེད་སྐུ་ཉི་མ་ཡིད་ལ་ཤར། །སེམས་གདུང་བ་སྐྱེས་ནས་མཆི་མ་ཤོར། །དུས་དེ་རིང་གཟུགས་སྐུའི་འཇའ་ཚོན་དེ། །ཡར་ཆོས་དབྱིངས་མཁའ་ལ་བསྡུས་སོང་ཡང་། །དུས་ད་དུང་མི་མངོན་དབྱིངས་ཤེད་ནས། །གྲྭ་བུ་སློབ་ཡོངས་ལ་ཐུགས་རྗེས་གཟིགས། །ཡུལ་མདོ་སྨད་ཕྱོགས་ཀྱི་གདུལ་བྱ་ཡི། །སྐྱབས་མགོན་དུ་སླར་ཡང་སྤྲུལ་སྐུ་ཞིག །དུས་མྱུར་བ་ཉིད་དུ་ལེགས་བྱོན་ནས། །ཀུན་སྨིན་གྲོལ་ལམ་ལ་འགོད་དུ་གསོལ། །ངེད་ཤུལ་ལུས་གྲྭ་བ་བུ་སློབ་རྣམས། །དུས་ནམ་ཞིག་འཆི་བའི་དུས་སྐབས་སུ། །མགོན་ཁྱོད་ནི་ཞིང་ཁམས་གར་བཞུགས་ཀྱང་། །ཞིང་དེ་རུ་ཐམས་ཅད་དྲང་དུ་གསོལ། །སྐྱབས་རྩ་གསུམ་ལྷ་ཡི་ཐུགས་རྗེ་དང་། །རང་གཞན་གྱི་དུས་གསུམ་དགེ་བའི་མཐུས། །རྗེ་བླ་མའི་ཐུགས་དགོངས་རྫོགས་པ་དང་། །གྲྭ་བུ་སློབ་བསམ་དོན་འགྲུབ་པར་ཤོག །ཅེས་ཕུལ་ནས་ལྷག་པར་མང་པོ་ངུས་ཚེ་བདག་གིས་ཀྱང་མིག་ནས་མཆི་མ་མང་བོ་ཤོར། སྐུ་གཤེགས་ནས་བཟུང་ཉིན་ཞག་དུ་མའི་བར་དུ་འཆི་བ་ཆོས་སྐུ་རུ་གྲོལ་བའི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་གཟུགས་སྐུ་འགྲོ་བའི་དོན་ལ་འབྱོན་པའི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་སྤྲིན་འཇའ་ཉི་མ་དུས་གཅིག་ཏུ་ཤར་བའི་ནང་ནས་ཁ་བ་ལྟ་བུའི་རྟེན་འབྲེལ་དཀར་པོའི་ཆར་འབབ་ཅིང་དྲི་བཟང་དང་རོལ་མོའི་སྒྲ་ཐོས་པ་བྱུང་། བདག་གིས་ཀུན་ལ་ཀྱེ་སྐལ་ལྡན་བུ་རྣམས་འཇིག་རྟེན་པའི་ཕ་མ་དང་ཆོས་པ་རྣམས་ཀྱི་བླ་མ་མ་གཤེགས་པ་སུ་ཡོད། ངེད་རྣམས་ཀྱང་འདིའི་རང་བཞིན་ལས་མ་འདས། མྱ་ངན་བྱས་པས་མི་ཕན། དངོས་པོ་གང་ཡོད་ཀྱིས་གདུང་མཆོད་བཏང་ན་བཟང་། སངས་རྒྱས་ཀྱིས། སེམས་ཅན་ལས་ཀྱིས་འཆི་བ་ལ། །མྱ་ངན་མ་བྱེད་ཀུན་དགའ་བོ། །གསུངས་པ་ལྟར་མྱ་ངན་མ་བྱེད་ཅེས་སེམས་གསོ་བྱས། དེ་ནས་དངོས་པོ་གང་ཡོད་ཀྱི་ཁར་བདག་དང་སོག་ཚའི་དགེ་ཞིས། དཔོན་པོ་ཟླ་གྲགས། ཀླུ་རྒྱལ་འབུམ། རྡོ་རེ་སོགས་དད་ཅན་སློབ་མ་ཡོན་བདག་རྣམས་ཀྱིས་རྟ་མཛོ་ར་ལུག་ཇ་མར་ནས་སོགས་ཀྱི་ཞལ་འདེབས་མང་པོ་བྱས་པ་རྣམས་ཀྱིས་ནང་ནས་སྐུ་ཞབས་གསེར་ཁང་རིན་པོ་ཆེ་དང་། རྫོགས་ཆེན་རིན་པོ་ཆེ། ཤར་ཐམས་ཅད་མཁྱེན་པ། སྤྱང་ལུང་སྤྲུལ་སྐུ་སོགས་ལ་བསྔོ་འབྲེལ་ཕུལ། དགེ་འདུན་སྡེ་ལ་མང་འགྱེད་བཏང་། དབུལ་པོ་རྣམས་ལ་སྦྱིན་གཏོང་བྱས། སྐུ་གདུང་ལ་བརྒྱ་མཆོད་ཕུལ། ཞག་པོ་བདུན་གྱི་བར་དུ་སྐུ་ཞབས་གསེར་ཁང་ཚང་དང་ངས་བཤད་པའི་སྤྲུལ་སྐུ་མྱུར་འབྱོན་ལ་བརྩོན་ཞིང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་མཇལ་བའི་བསྔོ་སྨོན་གྱི་མཚམས་སྦྱོར་ཡང་དག་བྱས་སོ། །དེ་ནས་དགུང་ལོ་བརྒྱད་ཅུ་གྱ་བཞི་བཞེས་པའི་གྲུབ་པའི་དབང་ཕྱུག་བླ་མ་འཇུ་ཆེ་བ་ཚང་གདན་དྲངས་གདུང་ཁང་བརྩིགས་སྐུ་པུར་ནང་དུ་གདན་དྲངས། མཆོད་པ་བཤམས། ཁོང་དཔོན་སློབ་རྣམས་ཀྱིས་ཆོ་ག་བཏང་། ངས་ཀྱང་དམིགས་པ་གང་ཤེས་འདྲ་བྱས་ནས་མེ་མཆོད་འབུལ་དུས་སྐུ་ལས་འོད་ཟེར་དཔག་མེད་བཀྱེས་ཏེ་ཁམས་གསུམ་མ་ལུས་པ་ཁྱབ་པར་མཛད་ནས་ངན་སོང་སོགས་ཀྱི་སྡུག་བསྔལ་སྦྱངས་ནས་བདེ་བ་ལ་བཀོད། སླར་ཡང་སྐུ་ལ་ཐིམ་མ་ཐག་ལྟེ་བ་ནས་ཡེ་ཤེས་ཀྱི་མེ་འབར་བས་སྐུ་གདུང་བསྲེགས་པའི་མེ་ལྕེ་རྣམས་ཀྱང་བཀྲ་ཤིས་པའི་རྟགས་རྫས་བརྒྱད་སོགས་ཀྱི་རྣམ་པར་འབར་ཞིང་དུད་པ་རྣམས་ཀྱང་དཀར་ཞིང་དྭངས་པ་ཡར་འཕྱུར་ནས་ནམ་མཁའ་ལ་འགྲོ་བ་རྣམས་ཀྱང་འཁོར་ལོ་ནོར་བུ་གླང་པོ་ཆེ་སོགས་རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་པོ་ཆེ་སྣ་བདུན་གྱི་རྣམ་པར་འགྲོ་ཞིང་། དུད་པའི་ཐད་ཀྱི་ནམ་མཁའ་ན་དཔའ་བོ་མཁའ་འགྲོ་རྣམས་བྱ་རྒོད་ཀྱི་རྣམ་པར་འཁོར་ནས་ཡུན་རིང་གནས་པ་དང་། གདུང་རུས་རྣམས་ཀྱི་སྟེང་ན་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་མང་པོ་དང་། གདུང་རིང་བསྲེལ་དུ་མ་བྱུང་བ་རྣམས་ལ་ཁྲུས་གསོལ་དར་སྣ་ཚོགས་ཀྱིས་གྲིལ་ནས་གསེར་སྒམ་དུ་བཞག་ནས་ཕྱག་མཆོད་བྱས། པུར་ཐལ་རྣམས་མང་ཆུ་ལ་བསྐྱོན་པའི་ཚེ་ཆུ་ལ་འཇའ་ཚོན་འཁྲིགས་པ་སོགས་གང་ཟག་ལས་སྣང་དག་པའི་ངོར་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་སྣ་ཚོགས་བྱུང་ངོ་། །
སྨྲས་པ། སྙིང་རྗེ་ཆེ་བས་ཕྱག་ན་པད་དཀར་དངོས། །མཁྱེན་རབ་གསལ་བས་རྗེ་བཙུན་འཇམ་པའི་དབྱངས། །མཐུ་སྟོབས་ཐོགས་མེད་གོས་སྔོན་ཅན་དང་མཚུངས། །རིགས་གསུམ་མགོན་པོའི་རྣམ་འཕྲུལ་བླ་མ་རྗེ། །འཇིག་རྟེན་ཁམས་འདིར་ཉི་མ་བཞིན་དུ་ཤར། །རིས་མེད་བསྟན་འགྲོར་ཕན་ཐོགས་མཛད་པའི་མཐར། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །གཟུགས་སྐུ་ཉི་མ་གློ་བུར་ནུབ་ལ་སྐྱོ། །ཀྱེ་ཧུད་འཆི་བ་མགོ་རྔ་མ་མཆིས་པས། །རྒན་རྒོན་འགའ་རེའི་བུ་དེ་སྔོན་ལ་ཤི། །ཤུལ་ནས་མྱ་ངན་བྱེད་པ་ཇི་བཞིན་དུ། །ཤུལ་ལུས་བདག་ཀྱང་སེམས་སྡུག་མཆི་མ་ཤོར། །འོན་ཀྱང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ། །བསྡུས་པའི་སྐབས་ཀྱི་ངོ་མཚར་ལྟས་བཟང་རྣམས། །མཐོང་བས་དད་པའི་སྤུ་ལོང་རབ་གཡོ་ཞིང་། །བྱང་ཆུབ་མཆོག་གི་ས་བོན་བསྐྲུན་ནམ་སྙམ། །བདག་ཅག་རྣམས་ཀྱང་འཆི་ཚེ་འགྲོ་མགོན་ཁྱེད། །མངོན་སུམ་བྱོན་པས་འཛུམ་བཞིན་བསུ་བ་བྱས། །མཁའ་སྤྱོད་དག་པའི་ཞིང་དུ་ལེགས་ཁྲིད་ནས། །དཔའ་བོ་མཁའ་འགྲོའི་ཚོགས་དཔོན་བྱེད་པར་ཤོག །ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེའི་རྗེས་སུ་མཚམས་ཁང་བདེ་ཆེན་དགའ་ཚལ་དུ་གནམ་གོང་བའི་ལྷ་བཟོ་ལ་རྒྱུ་ལྷ་ཤིང་ལས་བྱས་པས་མཆོད་རྟེན་མི་ཚད་ཙམ་ཞིག་བཞེངས་སུ་བཅུག །གདུང་རུས་རྣམས་གདན་དྲངས་ནས་གསེར་གྱི་མཆོད་རྟེན་གྱི་ནང་རྟེན་དུ་ཕུལ། འདྲ་སྐུ་ཡང་མི་ཚད་ཙམ་ཞིག་བཞེངས་ནས་གཟུངས་གཞུག་ཕུལ་རབ་གནས་བསྔོ་སྨོན་བྱས། ལོ་རྗེས་མ་ས་ཕག་གི་ལོར་དབོན་པོ་དཀར་དྲིས། སྟག་ཡན་གནས་བརྟན་སོགས་གྲྭ་བུ་སློབ་ཐམས་ཅད་ཀྱིས་དད་བླངས་བྱས་རྩ་བའི་གདན་སར་ཕྱོགས་འདིའི་བསྟན་འགྲོའི་བདེ་ཐབས་སྤྱི་དང་ཁྱད་པར་ཁོང་གི་དྲིན་གཟོ་རུ་དམིགས་ནས་ཇོ་བོའི་ལྷ་ཁང་གསར་དུ་བཞེངས། བཅུ་བའི་བཅོ་ལྔ་ལ་རབ་གནས་བྱས་པས་ནམ་མཁའ་ལ་དབྱར་གྱི་སྤྲིན་འཁྲིགས་འབྲུག་གི་སྒྲ་དབྱངས་བསྒྲགས་སྦྲང་ཆར་འཇམ་པོ་བབས་པ་སོགས་ངོ་མཚར་བའི་ལྟས་བཟང་པོ་བྱུང་བས་དེར་འཚོགས་པ་ཀུན་ཡ་མཚན་པར་གྱུར། གནས་དེར་མཚམས་པ་དང་དགེ་འདུན་གྱི་སྡེ་བཙུགས་ནས་བཤད་སྒྲུབ་བསྟན་པའི་བྱ་བ་རྣམས་ཡར་ངོའི་ཟླ་ལྟར་འཕེལ་བར་བྱས། གདུང་མཆོད་ལྷ་ཁང་རྣམས་ཀྱི་རྒྱུ་འགྲོ་ལ་གང་བཏང་བ་རྣམས་ཁྱོན་བསྡོམས་པས་དངུལ་སྲང་ཉིས་བརྒྱ། རྟ་མཛོ་འབྲི་གཡག་ལྔ་བཅུ། ལུག་བརྒྱ་ལྷག །ཇ་མར་ཕྱེ་རྩམ་འབོར་གང་ཆེ་སོང་། རྒྱུ་གང་སོང་ཞིབ་ཏུ་བྲིས་པ་ལ་དགོས་པ་ཆེན་པོ་མི་འདུག་སྙམ་བཏང་སྙོམས་སུ་བཞག་ནས་ཆེར་མ་སྤྲོས། གཞན་ཡང་རེབ་ཀོང་དང་གནུབ་ཁམས་ར་རྣམས་སུ་གདུང་རུས་ཁྱེར་ནས་སློབ་མ་བུ་ཆེན་རྣམས་ཀྱིས་མཆོད་རྟེན་དང་འདྲ་སྐུ་ཆེ་ཆུང་མང་པོ་བཞེངས་སྐད།

རྗེས་འཇུག་གི་སློབ་མ་ལ། རེབ་ཀོང་ཕུར་ཐོགས་སྟོང་གིས་གཙོ་བྱས་མར་ནང་ཚོ་ལྔ། རྨ་ཕ་རིའི་སྒོ་མེ། ཀ་བྱར། རྡིས་ཚ། ཨ་སྐོང་། རྨ་ཚུ་རིའི་བོད་བྱ་ཚང་། དོ་རྒྱ། གནུབ་ཁམས་ར། ཁྲི་ཀ། འབལ་མང་ར་རྣམས་སུ་ཆོས་མཐུན་གྱི་བན་སྔགས་སྟོང་ཕྲག་མང་པོ་བྱུང་། དེ་ཡི་ནང་ནས་ཐུགས་སྲས་བུ་ཆེན་རགས་རིམ་ཙམ་ཞིག་བརྗོད་ན། མཁས་ཤིང་གྲུབ་པ་བརྙེས་པའི་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཀུན་བཟང་སྟོབས་ལྡན་དབང་པོ། སྤྱང་ལུང་སྤྲུལ་སྐུ་རྣམ་གཉིས། བདེ་ཆེན་གར་དབང་རྡོ་རྗེ། གྲུབ་པའི་དབང་ཕྱུག་ལེགས་ཚོགས། རྗེ་བཙུན་མ་རིག་མུན་སེལ། རྟོགས་ལྡན་ལྷུན་གྲུབ་རིག་འཛིན། ཁྲི་ཀའི་ཨ་ལགས་བརྩོན་འགྲུས། མགར་རྩེའི་བཟང་པོ་རྒྱ་མཚོ། མཛོད་དགེའི་ངག་དབང་འགྱུར་མེད། ཨ་རིག་རྡོ་རྗེ་རིག་གྲོལ། སྒོམ་ཆེན་པདྨ་དབང་ཕྱུག །རྒྱལ་བོའི་བཀྲ་ཤིས་འབུམ་དང་སྤྱང་ལུང་ཨ་ཁུ་སྨན་པ། མཁས་པ་ཨ་ཁྱུང་སྤྲུལ་སྐུ། འགྲོ་མགོན་མགར་རྩེའི་སྨན་རྒན། དམ་ལྡན་ཨ་ཁུ་ཐེག་ཆེན། སེམས་བཟང་དམག་གསར་ཨ་ལགས་རྫོགས་ཆེན་རྣལ་འབྱོར་མཁའ་འགྲོ། མཐུ་སྟོབས་ཐོགས་མེད་རྡོ་རྗེ། རྟོགས་ལྡན་རྡོ་རྗེ་ཆོས་འཕེལ། འཁྲུལ་ཞིག་ཀུན་བཟང་རང་གྲོལ། རིག་འཛིན་གང་ཤར་རང་གྲོལ། དད་ཅན་ཆོས་དབྱིངས་རང་གྲོལ། ལྷ་བཟོ་ཡེ་ཤེས་བསྟན་འཛིན། བྱ་བྲལ་སྒོ་མེའི་བློ་གྲོས། ཀ་རིང་སྔགས་འཆང་རྟ་མགྲིན། ཞབས་ཕྱི་དར་གྲོང་དབུ་མཛད། ཁོ་ཚེའི་པདྨ་རིག་འཛིན། སོག་པོའི་སར་གནས་རིག་འཛིན། ཁམས་རའི་སྔགས་འཆང་རིག་འཛིན། ཁྲི་ཀའི་ཀུན་དགའ་རིག་འཛིན། མི་ཕམ་འགྲོ་འདུལ་རྡོ་རྗེ། བློ་ལྡན་དཀོན་མཆོག་རྡོ་རྗེ། གྲུབ་ཐོབ་བུདྡྷ་རྡོ་རྗེ། བྱ་བཏང་འཇིགས་མེད་རྡོ་རྗེ། ཉང་གི་རྒྱ་མཚོ། བྱང་ཆུབ་རྒྱ་མཚོ། རིག་གྲོལ་རྒྱ་མཚོ། རྣམ་གྲོལ་རྒྱ་མཚོ། མཐོང་བའི་མཚམས་པ། ཟུར་ཚང་མཚམས་པ། བན་ཤུལ་མཚམས་པ། ལོ་བའི་མཚམས་པ་ལ་སོགས་པའི་བུ་ཆེན་བརྒྱ་ཕྲག་གཅིག་ཙམ་བྱུང་། དེ་དག་ཕལ་ཆེ་བ་ལ་ལས་ཅན་གྱི་སློབ་མ་མང་པོ་འདུས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་བྱས་སོ། །དེ་ལྟར་བཤད་པའི་དགོས་དོན་ནི། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་བོད་ཀྱི་མཁས་གྲུབ་གོང་མའི་རྣམ་པར་ཐར་པ་རྣམས་འོ་སྐོལ་རྗེས་འཇུག་རྣམས་ཀྱིས་ཉམས་ལེན་དུ་འཁྱེར་དགོས་པ་བཞིན། བདག་གིས་ཀྱང་སྐྱེས་བུ་དམ་པ་འདིའི་རྣམ་ཐར་ཅུང་ཟད་བརྗོད་པ་ཕྱི་རབས་རྗེས་འཇུག་དད་ཅན་རྣམས་ཀྱིས་ཉམས་ལེན་དུ་འཁྱེར་བར་བྱའོ། །
སྨྲས་པ། རིས་མེད་བསྟན་པའི་གསལ་བྱེད་དགེ་བའི་བཤེས། །སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་པུ། །མཚན་སྙན་གྲུབ་དབང་པདྨ་རང་གྲོལ་ཞེས། །སྙན་པའི་བ་དན་ཕྱོགས་ཀུན་གཡོ་བ་འདི། །ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་བར་གྲགས། །གཡུ་སྒྲ་སྙིང་པོ་འདུལ་འཛིན་བརྩོན་འགྲུས་སོགས། །སྐྱེས་མཆོག་དུ་མའི་སྐྱེ་བ་བརྒྱུད་པའི་མཐར། །སྐུ་ཚེ་འདི་ལ་སོག་པོའི་ཡུལ་ནས་འཁྲུངས། །ཆུང་ནས་ཟས་ནོར་གང་ལ་ཆགས་ཞེན་ཆུང་། །བླ་མ་ཆོས་མཛད་ཡོངས་ལ་དད་གུས་ཆེ། །ཆོས་ལུགས་གསར་རྙིང་གང་ལ་དག་སྣང་ཆེ། །འགྲོ་ལ་སྙིང་རྗེ་གཞན་ཕན་ཐུགས་བསྐྱེད་བཟང་། །མཁས་གྲུབ་མང་པོའི་དྲུང་ནས་མདོ་སྔགས་གསན། །རི་ཁྲོད་མང་པོ་བསྟེན་ནས་ཉམས་ལེན་མཛད། །གདུལ་བྱ་མང་པོ་བསྡུས་ནས་མདོ་སྔགས་ཀྱི། །ཆོས་འཁོར་བསྐོར་ནས་སྨིན་གྲོལ་ལམ་ལ་བཀོད། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཐོན་པོ་དེ། །སྲིད་པའི་རྩེ་མོའི་བར་དུ་བསྒྲེངས་པའི་མཐར། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། །ཕྱི་རབས་རྗེས་འཇུག་སློབ་མ་ཡང་སློབ་ཀྱིས། །བླ་མའི་རྣམ་ཐར་ཟིན་པའི་སྨོན་ལམ་འདེབས། །ཡོན་བདག་ཕོ་མོ་དྲིན་ཅན་ཐམས་ཅད་ཀྱང་། །བླ་མ་གར་བཞུགས་ཞིང་དུ་སྐྱེ་བར་ཤོག །རྣམ་ཐར་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི། །རྒྱུད་ལ་དད་གུས་དག་སྣང་འཆར་བར་ཤོག །རྣམ་མགུར་གང་དུ་གནས་པའི་ས་ཕྱོགས་སུ། །ཆོས་དང་བཀྲ་ཤིས་དགེ་ལེགས་འབར་གྱུར་ཅིག །
ཅེས་གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེའི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་སྨད་ཆ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ནི། དད་གཏོང་བློ་གྲོས་མཆོག་ཏུ་མངའ་བའི་སོག་ཚའི་དགེ་ཞིས། དབོན་པོ་དཀར་དྲིས། གླིང་རྒྱའི་དགེ་སློང་སོགས་སྐལ་ལྡན་གྱི་སློབ་མ། དད་ལྡན་གྱི་ཡོན་བདག་ཕོ་མོ་རྣམས་ཀྱིས་བསྐུལ་ངོར། རྒྱལ་ཁམས་ཆོས་ལ་བསྐུལ་བའི་རྣལ་འབྱོར་ཞབས་དཀར་པས། བཀྲ་ཤིས་གཡང་ཆགས་རྨ་ཆུ་ཆེན་པོའི་ཀླུང་འགྲམ། རིན་ཆེན་གསེར་གྱི་བྱེ་མ་ཆགས་པའི་གླིང་མཆོག །རྩི་ཤིང་ནགས་ཚལ་སྣ་ཚོགས་རྒྱས་པའི་སྐྱེད་ཚལ། ནེའུ་གསེང་སྤང་གཞོང་མེ་ཏོག་བུང་བའི་ཕ་ཡུལ། ཆུ་མིག་རྫིང་བུར་ཉ་སྲམ་སྦལ་ལྕོང་འགྱུ་བ། ཤིང་འབྲས་སྔོ་ཚོད་མང་པོ་སྐྱེ་བའི་ས་ཆ། བྱ་རིགས་མི་འདྲ་བདུན་ཙམ་གྲགས་པའི་དབེན་གནས་ཁེ་ཆེ་བདེ་སྐྱིད་ཉམས་དགའ་གླིང་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག །

47.2K