༄༅། །བསམ་ཡས་གཙུག་ལག་ཁང་གི་གཏམ་འདོད་པའི་ཁམས་ཀྱི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ། །

༄༅། །བྱང་ཆུབ་ཆེན་པོ་ལ་ཕྱག་འཚལ་ལོ། །བསྟན་པ་རིན་ཆེན་མཛོད་ཁང་གངས་རིའི་ཁྲོད། །ཐུགས་བསྐྱེད་ཤིང་རྟས་འདྲེན་པ་མེས་དབོན་གསུམ། །མཁན་སློབ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ། །དད་པའི་མེ་ཏོག་མ་རྙིང་མཆོད་སྤྲིན་འབུལ། །དེ་ལ་བདག་ཅག་གི་སྟོན་པ་འཚོ་ཞིང་གཞེས་པའི་དུས་ན། མ་འོངས་པ་ན་མཐའ་འཁོབ་གདོང་དམར་ཁ་བ་ཅན་གྱི་ཡུལ་དེར་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་རྒྱས་པར་འགྱུར་རོ། །མཐའ་འཁོབ་དེ་འདུལ་བའི་གཉེན་པོ་ནི་འཕགས་པ་སྤྱན་རས་གཟིགས་ཡིན་ནོ། །ཞེས་ལུང་བསྟན་པ་ལྟར། འཇིག་རྟེན་བླུན་པོ་རྣམས་ཀྱང་རྒྱལ་པོ་ལ་གཙོ་བོར་འཛིན་པས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་གཉེན་པོ་གསང་བ་ལ་སོགས་པ་ཕོ་བྲང་ཡུམ་བུ་གླ་སྒང་དུ་བབས་པས་དམ་པ་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་པ་ལྟར་ཨ་མི་དེ་ཝའི་དལ་སྐྱིན་སྲོང་བཙན་གྱི་རིང་ལ། ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། ལྷ་ས་དང་། ཁྲ་འབྲུག་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བཞེངས། ཡི་གེ་དང་དམ་པའི་ཆོས་ཀྱི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྡན་དབོན་སྲས་ཁྲི་ལྡེ་གཙུག་བརྟན་གྱིས་མེས་སྲོང་བཙན་གྱི་བཀའ་ཆེམས་ལ། ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ལྷ་ཆོས་འབྱུང་ཞེས་པ་ལ་སོགས་པ་གཟིགས་པས་རང་ཉིད་ཡིན་ནོ་སྙམ་ནས་བྲན་ཀ་དང་གཉག་གཉིས་རྒྱ་གར་དུ་ཆོས་འཆོལ་དུ་བཏང་བས་པཎྜི་ཏ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་གངས་ཏི་སེ་ལ་བཞུགས་པ་དང་མཇལ་ཀྱང་ལུང་བསྟན་གྱི་དོན་ལྷ་སྲས་ཁྲི་སྲོང་ཡིན་པས་གདན་མ་འདྲོངས། མདོ་སྡེ་ལས་རྣམ་འབྱེད་དང་། གསེར་འོད་དམ་པ་གཉིས་ཐུགས་ལས་སྤྱན་དྲངས་ནས་དེའི་བཞུགས་ཁང་དུ་བྲག་དམར་མགྲིན་བཟང་། མཆིམས་ཕུ་ན་ར། ཀ་ཆུ་དཔལ་འབྱུང་། ལྷ་ས་མཁར་བྲག །ག་པ་གོང་སྟེ་གཙུག་ལག་ཁང་ལྔ་བཞེངས། དེ་ལ་ཞང་བློན་རྣམས་མི་དགའ་ཡང་རྒྱལ་པོའི་ཐུགས་སྨོན་ལས་ཕོ་བྲང་ཕང་ཐང་དུ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། རེ་ཞིག་རྒྱལ་བུ་སྐུ་ནར་མ་སོན་རིང་བློན་ངན་པས་ཁྲིམས་བུ་ཆུང་བཅས་ནས་ཡབ་མེས་ཀྱི་ཆོས་དང་། བྲག་དམར་སོགས་ལ་གནོད་པ་ཆེར་བསྐྱལ། དགུང་ལོ་བཅུ་གསུམ་པའི་ཚེ་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་སྔོན་གྱི་ལས་སད་དེ་ཆོས་ལ་དད་པ་ཆེན་པོ་ཐོབ་ཀྱང་། མ་ཞང་ཁྲོམ་པ་སྐྱེས་ཀྱིས་ཡབ་མེས་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན། སྐྱེ་བ་ཕྱི་མ་ཡོད་པ་རྫུན་ཡིན། ཆོས་བྱས་པས་བཀྲ་མི་ཤིས་པ་ཡོང་ཟེར་ནས་ལྷ་སའི་ཇོ་ཤཱཀ་བྱེ་སྟོངས་སུ་སྦས་པ་སོགས་བར་ཆད་ཆེན་པོ་བྱས་པས། སློབ་དཔོན་ཧཱ་ཤང་གིས་ཚེ་སྔ་ཕྱི་དང་ཆོས་བདེན་པའི་ཡིད་ཆེས་བྱས་པའི་མཁར་བཙན་པོས་དགེ་བ་བཅུའི་མདོ་བཀླགས་པས་སྤྱོད་པ་དག་པར་གོ། །རྡོ་རྗེ་གཅོད་པ་བཀླགས་པས་ལྟ་བ་དག་པར་གོ། །སཱ་ལུ་ལྗང་པ་བཀླགས་པས་འབྲས་བུ་དག་པར་ཡིད་ཆེས། དེའི་གྲོགས་སྦ་གསལ་སྣང་གིས་བྱས། ཆོས་བློན་ཁྲི་བཟང་གིས་ཐབས་བསམས་ནས་ལྟས་མཁན་རྣམས་བྲིང་ཅིང་བརྔན། དེའི་གྲོགས་བློན་པོ་འགོས་ཀྱིས་བྱས་ཏེ་མ་ཞང་སྟོད་ལུང་དུ་གསོན་དུར་ལ་བཅུག །སྦ་གསལ་སྣང་ཕོ་ཉར་མངགས་ཏེ་མཁན་པོ་ཞི་བ་འཚོ་སྤྱན་དྲངས། ཁ་ཆེ་ཨ་ནནྟས་ལོ་ཙཱ་བགྱིས་ཏེ་རྒྱུའི་ཐེག་པ་བཤད་པས། འདྲེ་སྲིན་རྣམས་ཁྲོས་ཏེ་ཤམ་པོས་ཕོ་བྲང་ཕང་ཐར་ཆུ་ལ་བསྐུར། ཐང་ལྷས་དམར་པོ་རི་ལ་ཐོག་ཕབ། མི་ནད་དང་ལོ་ཉེས་ཆེན་པོ་བྱུང་བས་འདི་བཙན་པོས་ཆོས་བྱས་པས་ལན། ཨ་ཙ་ར་ངན་སྔགས་ཅན་ཕར་སྤྱུགས་ཤིག་ཟེར། བོད་འབངས་ཀུན་ཁ་ལོག་ནས་ཆོས་བྱར་མ་བཏུབ་པས། མཁན་པོའི་ཞལ་ནས། བོད་ཀྱི་གནོད་སྦྱིན་གདུག་པ་སངས་རྒྱས་ཀྱི་དམ་འོག་ཏུ་མ་ཆུད་པས་ཆོས་ལ་སྡང་། ད་འཛམ་བུའི་གླིང་ན་ཆེ་བའི་དགེ་སློང་པདྨ་སམྦྷ་ཝ་ཞེས་བྱ་བ་ཡོད་ཀྱིས་དེ་སྤྱན་དྲོངས་ཞེས་ལུང་བསྟན། མཁན་པོ་བསྐྲད་པ་ལྟར་བྱས་ནས་བཞུད། གསལ་སྣང་ཆོས་ཀྱི་སྤྱན་པ་བར་བསྐོས་པ་དེས། སླར་ཡང་ལྷོ་བལ་དུ་རྡོལ་ནས་སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས། ལམ་དུ་ལྷ་སྲིན་གདུག་པ་ཅན་འདུལ་བཞིན་བྱོན། མང་ཡུལ་གྱི་རི་བོ་དཔལ་འབར་གཡས་གཡོན་བརྗེས། སྟོད་ལུང་མདར་མྱ་ངམ་གྱི་ཐང་ལ་གསེག་ཤང་བརྒྱབ་ནས་གྲུབ་ཆུ་ཆེན་པོ་བཏོན། བཙན་པོས་སློབ་དཔོན་གྱི་ཕྱག་བཞེས་སུ་འཆའ་བ་ལ། རབ་ཏུ་བྱུང་བའི་ཕྱག་མི་ཐུབ་གསུངས་ནས་ཕ་ཝང་ལ་ལྟ་སྟངས་མཛད་པ་དེ་ཕྱེད་ཚལ་དུ་གས། དེའི་སྒྲིབ་སྦྱོང་དུ་དམིགས་ནས་ཟུང་མཁར་ཕྲང་ལ་རྡོའི་མཆོད་རྟེན་ལྔ་མཛད། ཤམ་པོས་སློབ་དཔོན་གྱི་ཐོག་ཏུ་ཆུ་ཆེན་པོ་དྲངས་པ་ལ་རྡོ་རྗེ་གདེངས་པས་ཆུ་གྱེན་དུ་བྲོས། སླར་ལྟ་སྟངས་མཛད་པས་གངས་རི་ཞུ་ནས་རི་ནག་ཉིལ་སོང་བས་ཁོ་སྐྲག་སྟེ་བཀའ་ལ་ཉན་པར་བྱས། དེ་བཞིན་དུ་བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཐོ་བཙམས་པ་རྫུ་འཕྲུལ་གྱིས་སྤ་བཀོང་སྟེ་དམ་པའི་ཆོས་དར་དུ་བཏུབ་པ་མཛད། ཐུགས་རྗེ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་བོད་འབངས་ལ་ཕན་གདགས་པར་བཞེད་ནས་ཛམྦྷ་ལ་ལས་ནོར་བླངས་ནས་དབུལ་བ་བསལ། ངམ་ཤོད་ནེ་ཐང་དུ་བསྒྱུར། གྲམ་པ་རྣམས་ཞིང་དུ་བཏང་། རྒྱ་གར་དུ་ཆུ་འདི་བས་ཆེ་བ་ཞིག་ས་འོག་བཅུག་གསུང་ནས་གཙང་པོ་ས་འོག་ཏུ་འཇུག་པར་མཛད་རྒྱུ་ལ། ཞང་བློན་ངན་པས་དབྱེན་བཅོས་ནས་ཞིང་ཡར་གླུངས་ཀྱིས་ཆོག་ཟེར་བ་སོགས་རྟེན་འབྲེལ་ཕྱིན་ཅི་ལོག་ཏུ་སྦྱར་བས་མ་གྲུབ། དེ་ནས་མཁན་སློབ་གདན་འཛོམས་ཏེ་ཨཱརྱ་པ་ལོའི་གླིང་འབྱོངས་ནས་བཙན་པོ་དགུང་ལོ་བཅུ་གསུམ་པའི་ཚེ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་དབུ་རྩེ་རིགས་གསུམ་གླིང་བཞི་གླིང་ཕྲན་དང་བཅས་པའི་རྨང་བཏིང་། ས་རྣམས་ཡར་ཀླུངས་གད་པ་ཐོག་དང་། རྡོ་ཧས་པོ་རི་ནས་ཤིང་རྟ་ལ་དྲངས། ཤིང་ཤུག་པ་ལ་བྱས། སློབ་དཔོན་ཆེན་པོས་ལྷ་འདྲེ་དམ་འོག་ཏུ་བཙུད་དེ་ལས་ལ་བཀོལ་བས་ཉིན་པར་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་ཚར་ཆེ་བའི་ལོ་རྒྱུས་ལ་ཕྱིས་ཞིག་གསོའི་དུས་གྱང་དབར་ནས་མི་མ་ཡིན་གྱི་རྐང་རྗེས་ཁྲུ་གང་བ་ཐོན་པ་སོགས་ངེས་པ་འདྲོངས། ལྷ་ཁང་འབྱོངས་ནས་བཙན་པོའི་མནལ་ལམ་དུ་མི་དཀར་པོ་གཅིག་གིས་ས་གཞི་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པ་ཡིན། ཧས་པོ་རིའི་རྩེ་ན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཤཱཀྱ་ཐུབ་པ་གཙོ་འཁོར་བཅུ་གསུམ་ཡོད་ཅེས་ལུང་བསྟན་པ་ལྟར། ནངས་པར་བློན་པོ་ཁམས་པ་གོ་ཆ་ཁྲིད་དེ་བལྟར་བྱོན་པས་བྱེ་མའི་འབོལ་ནས་རྡོ་སྐུ་རང་བྱུང་ཐེའུའི་རྗེས་མེད་པ་སྤྱན་བཀྲ་ཧྲིག་གེ་བའི་ཇོ་བོ་བྱང་ཆུབ་ཆེན་པོ་རྙེད། དེ་ཤིང་རྟ་ལ་སྤྱན་དྲངས་པས་གཙུག་ལག་ཁང་གི་ཤར་སྒོར་བྱོན་པ་དང་ས་གཡོས། དྲི་གཙང་ཁང་དུ་བྱོན་པ་དང་ཆེར་གཡོས། ཁྲི་ལ་བཞུགས་སུ་གསོལ་བ་ན་ཕྱྭ་མཁན་ན་རེ། བཙན་པོའི་ལྷ་ཁང་ལ་དཔགས་ན་ལྷ་སྐུ་ཚད་ཆུང་མཆི་ཟེར་བས། སྤྲུལ་པའི་བཟོ་བོས་འཇག་མ་དང་དར་རས་ཀྱིས་གཡོགས། གསེར་ལ་སོགས་རིན་པོ་ཆེ་འབའ་ཞིག་བསྲེས་པའི་འཇིམ་ལས་བཟོ་གནས་བོད་ཀྱི་ལུགས་སུ་བྱས་པས་མཐོང་ན་མི་མཐུན་པ་མེད་པའི་སྐུ་རྒྱལ་བ་མངོན་སུམ་པའི་མཚན་དཔེ་རྫོགས་པར་བྱོན། དེ་ཡང་རྩིག་ལུགས་འདུལ་བ་དང་མཐུན། རྒྱུད་རིས་མདོ་སྡེ་དང་མཐུན། ལྷ་ཚོགས་གསང་སྔགས་དང་མཐུན་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གྲགས་ལ། བཟོ་གནས་ཀྱང་རྒྱ་གར། རྒྱ་ནག །ལི་ཡུལ་ཐ་དད་པའི་ལུགས་སུ་བྱས་པས་ཤིང་བསྒྲིགས་དང་བཀོད་པའི་རྣམ་ཆས་ཀྱང་བློ་ཡུལ་དུ་འདོམས་པར་མི་ནུས་པས་ན་བཀའ་ཆེམས་ལས་ཀྱང་། ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི། །རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདི། །མིག་གིས་མཐོང་ཚད་ངན་སོང་སྐྱེ་སྒོ་གཅོད། །གང་དག་འདི་ལ་སྐོར་བ་སུས་བསྐོར་བ། །བཤན་པ་ཡིན་ཀྱང་མཐོ་རིས་གནས་སུ་སྐྱེ། །གང་ཞིག་བསམ་ཡས་འདི་ལ་ཕྱག་འཚལ་བ། །ཐུན་མོང་ཁྱད་པར་ཆེས་ཆེར་རྒྱལ་བར་འགྱུར། །གང་ཞིག་བསམ་ཡས་རྣམ་ཐར་སུས་བརྗོད་པ། །གང་གི་ཐོས་པས་ལས་རྣམས་ཀུན་ལས་གྲོལ། །ཅེས་པས་མཚོན་ན་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པའི་ལས་མཐའ་ལོག་པ་རྣམས་ལ་བསམས་ནས་ཆོས་སྣང་བའི་སྒོ་དད་པ་བླ་ལྷག་ཏུ་བསྐྱེད་འཚལ།  (རྩོམ་ཡིག་འདི་འཇིགས་མེད་གླིང་པའི་གཏམ་ཚོགས་ལས་དྲངས་པའོ། །)

47.2K