༄༅། །ཨཱརྱ་པ་ལོའི་གླིང་གི་གཏམ་བདེན་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅། །འདུལ་འཛིན་བསྟན་པའི་ཆུ་འགོ་ཞི་བ་འཚོ། །སངས་རྒྱས་གཉིས་པར་རྩོད་མེད་ཨོ་རྒྱན་རྗེ། །རྒྱལ་བསྟན་མགྲོན་པོར་འབོད་པ་ལྷའི་མེ་ཏོག །བསྟན་པ་རྒྱ་མཚོའི་རྩ་ལག་གསུམ་ལ་འདུད། །དེ་ལ་འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱིས་ཡབ་མེས་ཀྱི་ཞལ་ཆེམས་གཟིགས་པས། གངས་རིའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་བའི་བྱེད་པོ་རང་ཉིད་དུ་ལུང་བསྟན་པར་ཡིད་ཆེས་ཤིང་། སློབ་དཔོན་ཧྭ་ཤང་ཆེན་པོའི་ལུང་བཞིན་དགེ་བ་བཅུའི་མདོ་དང་། རྡོ་རྗེ་གཅོད་པ། སཱ་ལུ་ལྗང་པ་གསུམ་གཟིགས་པས་དམ་པའི་ཆོས་ཀྱི་ལྟ་སྤྱོད་འབྲས་བུ་གསུམ་ག་ལ་ལྷག་པར་དད་ཀྱང་། མ་ཞང་ལ་སོགས་པའི་བདུད་བློན་རྣམས་ཀྱི་གཞན་དབང་གིས་བཀབ་པ་སྙིང་སྟོབས་ཀྱི་གོ་ཆ་དང་། སྦྱོར་བ་དང་ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱིས་ནག་པོའི་རྩ་ལག་མཐའ་དག་ཚར་བཅད་དེ། མཁན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། བོད་ཀྱི་འདྲེ་སྲིན་གདུག་པས་བར་གཅོད་བརྩམས་ནས་བཀྲ་མི་ཤིས་པ་ཆེན་པོ་བཏང་། དེར་མཁན་པོས་ལུང་བསྟན་ཏེ། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་སྤྱན་དྲངས། ལྷ་སྲིན་དམ་ལ་བཞག །བྲག་དམར་མགྲིན་བཟང་ལ་མངའ་གསོལ་མཛད་པས་ལྷ་རྣམས་ཕྱི་རོལ་དུ་ཐོན་ནས་སླར་ནང་དུ་ལོག །བོད་ཡུལ་བཟང་པོར་གཏོང་ཕྱིར་ངམ་ཤོད་ནེ་ཐང་དུ་བསྒྱུར། གཙང་པོ་སྦུབས་སུ་འཇུག་ནུས་པ་ཤེས་ཕྱིར། ཀླུ་རྫིང་དང་ཟུང་མཁར་ནས་ཕུ་ཆུ་བཏོན། གསེག་མ་ནེ་ཐང་དུ་བཏང་བས་བདུད་བློན་རྣམས་རྫུ་འཕྲུལ་ལ་སྐྲག་ནས། ཨ་ཙ་ར་འདིས་བོད་ཡུལ་བཟང་པོར་བཏང་རྗེས་རྒྱལ་སྲིད་རྒྱ་གར་ལ་སྤྲོད་དོ་ཞེས་དབྱེན་བཅོས་ནས་སློབ་དཔོན་བཞུད་པར་ཞུ་བ་ཕུལ་བས། བཙན་པོ་མ་མཉེས་ཀྱང་མ་དག་པའི་སྣང་ངོར་གཤེགས་པ་ལྟར་མཛད་དེ་སྒྲུབ་གནས་དང་གངས་བྲག་རྣམས་བྱིན་གྱིས་བརླབས། སླར་མཁན་སློབ་གཉིས་ཀ་གདན་འཛོམས་ཏེ་སའི་དཔྱད་གཟིགས་ནས་མཚོ་མོ་མགུལ་དང་། ཧས་པོ་རིའི་བར་ན་ས་གཞི་འཇག་སྐྱ་སྐྱ་ཆད་དེ་བ། ཕང་ཕུང་སྣ་ཚོགས་འདུག་པ་དེ་འཁར་གཞོང་མར་ཁུས་བཀང་བ་འདྲ་བས་སའི་དཔྱད་ལེགས་པར་བསྟན་ནས་ཕྱག་འཁར་གྱིས་ས་རིས་བཅད། བོད་འབངས་ཁ་ལོག་གིས་དོགས་ནས་ཐབས་ལ་མཁས་པས་ཝ་ལུང་གྲོག་པོ་གསེར་བྱེས་འགེངས་པ་དང་། གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་པ་ལ་སོགས་པའི་གདམ་པ་མི་གཅིག་པ་ལྔ་བསྐུར་བས་ལྷ་ཁང་བརྩིག་པར་ཁ་འཆམ་ཡང་། ཏ་ར་ཀླུ་གོང་ཆོས་ལ་གནག་ཅིང་བོན་གྱི་ཕྱོགས་འཛིན་པས་ལྷ་ཁང་བཞེང་བ་ལ་གེགས་བྱེད་པ་མཐའ་ལ་སྤྱུགས། དེས་བོད་འབངས་ཀུན་བྲེད་དེ་ཁ་རོག་པར་འདུག་པའི་སྐབས། གཙུག་ལག་ཁང་གི་ཆོ་ག་མཛད་པས་ས་པྲ་ལེགས་ཤིང་ས་ཞག་དཀར་པོ་དང་། ནས་འབྲས་ཕུལ་དོ་རེ་བྱུང་། དེ་ནས་མཆོད་རྟེན་བཞིའི་ཕུར་པ་བཏབ་རྗེས། བཙན་པོས་ལྷ་ཁང་བརྩིག་པའི་ཞུ་བ་མཛད་པས། སློབ་དཔོན་གྱི་ཞལ་ནས། བཙན་པོ་ཉིད་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ཡང་ཇོ་མོ་སྒྲོལ་མ་ཡིན། མཐར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཇོ་མོ་སྒྲོལ་མས་གསོལ་བ་འདེབས་པ་ཡིན་པས་ཐོག་མར་ཇོ་མོའི་ལྷ་ཁང་རྩིགས་ཤིག་ཅེས་ལུང་བསྟན་པས། ལྷོ་ངོས་སུ་ཨཱརྱ་པ་ལོའི་གཙུག་ལག་ཁང་འདི་བརྩིགས་པ་ཡིན་ཏེ། དེའི་ཚེ་སེ་ཕུང་ལ་གནས་པའི་ཀླུས་སེ་ཕུང་གཅོད་པར་ཤེས་ནས་མ་བཟོད་དེ་མལ་གྲོ་གཟི་གཅན་ལ་སོགས་པ་ཐམས་ཅད་སྦྲན་པས་ཉིན་བར་མིས་བརྩིགས་པ་མཚན་མོ་ལྷ་འདྲེས་བཤིག་ནས་ས་རྡོ་རང་གནས་སུ་བསྐྱལ་བས། སློབ་དཔོན་པདྨས་དྲག་པོའི་སྦྱིན་སྲེག་ལན་གཉིས་དང་། མཆིམས་ཕུར་ཀླུ་འདུལ་གྱི་དགོངས་པ་ལ་བཞུགས་ནས་ཀླུ་ལ་སོགས་པའི་འདྲེ་སྲིན་དམ་འོག་ཏུ་བཙུད་ཅིང་ཚར་གཅོད་ལོག་གནོན་གྱི་ཚུལ་དུ་སེ་ཕུང་འཁྱུད་མོར་བསྡམས་པ་ལ་སྲོག་ཤིང་བྱས་ནས་འཕགས་པ་སེངྒེ་སྒྲའི་སྐུར་བཞེངས་པ་ད་ལྟ་གློ་འབུར་གཡོན་ལོགས་ན་བཞུགས། དེ་ནས་ལྷ་ཁང་གེགས་མེད་དུ་གྲུབ་པ་དང་བཙན་པོ་ན་རེ། ད་ནི་ལྷ་ཁང་ཚར་ལེགས་ཏེ་ལྷ་ཇི་ལྟར་བགྱི་ཞུས་པས། ཡོ་བྱད་བསྡོགས་ཤིག །ལྷའི་བཟོ་བོ་འོང་གི་གསུངས། དེར་རྒྱ་མཚན་མ་ཅན་བྱ་བ་སྤྲུལ་པའི་བཟོ་བོ་པིར་ཕྱག་པ་གང་དང་། ཚོན་རྩིའི་ཀོང་བུ་ཀོང་ཟེ་གང་ཁྱེར་བ་ཞིག་བྱུང་བ་ན་རེ། འཇིམ་གཟུགས་དང་རི་མོ་བྱེད་པ་ལ་འཛམ་བུའི་གླིང་ན་ང་མཁས། ལྷ་རྒྱ་གར་དང་རྒྱ་ནག་གང་གི་ལུགས་སུ་བྱ་ཟེར། སློབ་དཔོན་གྱི་ཞལ་ནས། སྟོན་པ་རྒྱ་གར་དུ་བྱོན་པ་ཡིན་པས་དེའི་ལུགས་སུ་བྱའོ་གསུངས། དེ་ལ་བཙན་པོས། བོད་ནག་པོ་ལ་དགའ་བ་རྣམས་དད་དུ་རེ་བ་ལགས་པས། ལྷའི་གཟུགས་བརྙན་བོད་དང་མཐུན་པར་འཚལ་ཞིུས་པས། སློབ་དཔོན་གྱིས། འོ་ན་བོད་འབངས་ཀུན་སྡུས་ཤིག་གསུངས་པ་ལྟར་བྱས་ནས། ཕོ་ལ་མཚར་བ་ཁུ་སྟག་ཚབ་ལ་དཔེ་བྱས་རྟེན་གྱི་གཙོ་བོ་སེམས་ཉིད་ངལ་བསོ་བཞེངས། མོ་ལ་མཚར་བ་ཅོག་རོ་བཟའ་བུ་ཆུང་ལ་དཔེ་བྱས་འོད་ཟེར་ཅན་མ་ཕྱག་བཞི་པ་བཞེངས། དེ་བཞིན་དུ་ཅོག་རོ་བཟའ་བུ་སྨན་ལ་དཔེ་བྱས་རྗེ་བཙུན་སྒྲོལ་མ་ཞབས་ལ་ཕྱགས་གསོལ་བ་བཞེངས། ཐང་བཟང་སྟག་ལོ་ལ་དཔེ་བྱས་ཏེ་སྤྱན་རས་གཟིགས་ཡི་གེ་དྲུག་པ། རྨ་གཡས་སྐོར་ལ་དཔེ་བྱས་ནས་རྟ་མགྲིན་ཞབས་བཞི་ཕྱག་བརྒྱད་པ་སྒྱུ་འཕྲུལ་གྱི་ལུགས་ལྟར་བཞེངས་ནས་སྒོ་སྲུང་གི་ཚུལ་དུ་བྱས། དེ་རྣམས་གྲུབ་འཕྲལ་བཙན་པོས་བཟོ་བོ་ལ་བྱ་དགའ་གཏང་བའི་སྟ་གོན་བྱས་པ་ན། བཟོ་བོ་གར་སོང་མ་བྱུང་བས་སྤྲུལ་པ་ཡིན་པར་རྩོད་པ་བྲལ། དེའི་ཚེ་སློབ་དཔོན་གྱིས་མངའ་གསོལ་མཛད་པའི་ནུབ་མོ་ཨཱརྱ་པ་ལོའི་ཡང་ཐོག་ཏུ་འོད་ཟེར་ཉི་མ་ཤར་བ་ལྟར་བྱུང་བ། དེ་ཅི་ཡིན་ཞུས་པས། དེ་ནི་བོད་ལ་ཨ་མི་དེ་ཝས་དགོངས་པའི་རྟགས་ཡིན་པས། ཡང་ཐོག་ཏུ་ལྷ་ཁང་བྱ་དགོས་པར་ལུང་བསྟན་པས་སྟེང་དུ་སྣང་བ་མཐའ་ཡས་གཙོ་འཁོར་ལྔ་བཞེངས། དེ་བཞིན་དུ་ནུབ་ཀྱི་གློ་འབུར་ལ་འཇམ་དཔལ་སྨྲ་སེང་གཙོ་བོར་བཞུགས་པའི་རིགས་གསུམ་མགོན་པོ་དང་། མེས་དབོན་རྣམ་གསུམ།(བཙན་པོའི་སྐུ་རུས་ལ་ཙནྡན། གུ་གུལ་གྱི་ཤ། དངུལ་གྱི་པགས་པ་གཡོགས་ཟེར་བ་སྣང་།) སྒོ་རྒྱ་ཅན་དུ་ཕྲ་མེན་མཆོད་རྟེན། བཙན་པོས་སློབ་དཔོན་ཆེན་པོར་རྟ་མགྲིན་སྒྲུབ་པའི་ལུང་ཞུས་ནས་བསྒྲུབས་པས། ཟླ་བ་ཕྱེད་ན་རྟ་མགྲིན་གྱིས་རྟ་སྐད་ལན་གསུམ་བཏོན་པ་འཛམ་བུའི་གླིང་སུམ་གཉིས་སུ་ཐོས་ཏེ། རྒྱལ་པོའི་ཆབ་སྲིད་ཀྱང་དེ་ཙམ་མོ་གསུངས་པ་ལྟར། གནས་སྐབས་ཀྱི་རྟེན་འབྲེལ་མཆོད་རྟེན་དཀར་པོ་གཙོ་བོར་ གྱུར་པའི་ནང་གཟུངས་ལ་དམིགས་ཏེ་རྒྱ་གར་གྱི་མཆོད་རྟེན་པདྨའི་སྙིང་པོ་ཅན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་སྤྱན་དྲངས་པའི་ཕྱིར་སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་བཞི་བཏང་ནས་ཆུ་བོ་གངྒཱ་ཚུན་ཆད་དབང་དུ་བསྡུས་ནས་རྡོ་རིང་བསླངས་པས་བཙན་པོས་སྤྲུལ་པར་ཡིད་ཆེས། ཕྱི་ནས་དད་པ་དང་བསོད་ནམས་ལ་མངོན་པར་འདུན་པ་དག་གིས་གསར་དུ་བཞེངས་པ་རྣམས་ནི་རང་རང་གི་མངོན་རྟོགས་ཀྱིས་གསལ་ལ། སྔགས་ཀྱི་སྡེ་སྣོད་ནི་རྣམ་པར་འཁྱམས་བཞིན་དུ་བླ་མེད་ཀྱི་སྔགས་སྐུ་རྣམ་པར་ཤེས་པའི་སྒོག་ཏུ་གྱུར་པའི་གསལ་འདེབས་ཙམ་འཚལ་ན་བདུད་རྩི་སྨན་སྒྲུབ་ཀྱི་བརྟེན་པའི་འཁོར་ལོ། བདུད་རྩི་རང་བྱུང་། ཕྱོགས་བཅུ་ཁྲོ་བོ། རྟ་མགྲིན་དབང་། སྐུ་གདུང་འབར་བ། མཁའ་མཉམ་ཀློང་། ཆེ་མཆོག་རྩ་བ། འཆི་མེད་རྡོ་རྗེ་སྟེ་དཀྱིལ་འཁོར་བདུན་དང་། སྦྱོར་བ་བརྒྱད་ཀྱི་ངེས་པ་རྫོགས་པའི་ཕོ་བྲང་ཉིད་དུ་བརྟག་ཅིང་། དེའི་རྟེན་གཞལ་ཡས་ཁང་བློས་བསླངས་ཀྱི་ཚུལ་དང་ཉེ་བར་རྟ་མགྲིན་ལྕགས་རལ་ཅན། ཕྱག་རྡོར་དྲག་པོ་སུམ་སྒྲིལ། གཡོན་ངོས་སུ་རྟ་མགྲིན་ཡང་གསང་རྣམས་བཞུགས་པ་ལ་ཆོས་སྣང་བའི་སྒོ་དང་པོ་བླ་ལྷག་ཏུ་བསྐྱེད་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། མཎྜལ་དང་ཡན་ལག་བདུན་པ། བསྔོ་བ་སྨོན་ལམ་ཁྱད་པར་ཅན་སོགས་རང་རང་གི་དགེ་ཚོགས་ཐར་པ་ཆ་མཐུན་དུ་འགྱུར་བའི་བསག་སྦྱང་ལ་འབད་འཚལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །སོགས་བརྗོད། སྐུ་གཉེར་བློ་གསལ་གྱི་ངོར་མ་ཧཱ་སིནྡྷ་པ་ཨ་བྷ་ཡ་དྭཱི་བས་སོ། ། (རྩོམ་ཡིག་འདི་འཇིགས་མེད་གླིང་པའི་གཏམ་ཚོགས་ལས་དྲངས་པའོ། །)

47.2K