༄༅། །གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ལ་རྟོགས་བརྗོད་དང་འབྲེལ་བར་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དཔག་བསམ་ལྗོན་པའི་མེ་ཏོག་ཅེས་བྱ་བ།

འཇིགས་མེད་བསྟན་པའི་ཉི་མ།

རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་ཞབས།

༄༅། །ན་མོ་གུ་རུ་པདྨ་ཀ་ར་ཡེ། རང་བྱུང་པདྨས་འཇིགས་མེད་ཆོས་ཀྱི་ཁྲིར། །སངས་རྒྱས་ཕྲིན་ལས་བྱེད་པོར་དབང་བསྐུར་བ། །སྐལ་བཟང་པདྨོའི་གཉེན་གྱུར་ཡེ་ཤེས་ཀྱི། །འོད་ཟེར་སྣང་བའི་གཏེར་ཆེན་དེ་ལ་འདུད། །ཁྱོད་ཀྱིས་སྔོན་ཚེ་དུས་མཐའི་འགྲོ་བ་ལ། །པདྨའི་ཟབ་གཏེར་སྦྱིན་པར་ཞལ་བཞེས་ལྟར། །བསིལ་ལྡན་ཆོས་ཀྱི་སྣང་བས་འགེང་མཛད་པ། །སངས་རྒྱས་རྡོ་རྗེར་གྱུར་ལ་གསོལ་བ་འདེབས། །དེ་ལས་སླར་ཡང་རབ་ཉི་ཁྲོ་བོའི་ལོར། །ཁམས་ཀྱི་ཤར་ཕྱོགས་རྡོ་རོལ་འཛིན་མའི་ཆར། །བོད་ཆུང་ཞེས་བྱ་སྨུག་པོ་གདོང་རིགས་སུ། །སྐྱེ་བའི་མྱུ་གུ་བཟུང་ལ་གསོལ་བ་འདེབས། །བལྟམས་ཙམ་ཉིད་ནས་ཚེ་རབས་དྲན་པ་དང༌། །སྙིང་རྗེ་ཆེ་ཞིང་ཡི་གེའི་མ་མོ་ཙམ། །སྦྱངས་པས་ཀློག་མཐར་སོན་པའི་མཁྱེན་རབ་ཀྱིས། །དཔྱོད་ལྡན་ཡིད་འཕྲོག་མཛད་ལ་གསོལ་བ་འདེབས། །དེ་ཚེ་སྔགས་སྤྱོད་དཔའ་བོའི་གཟུགས་ཅན་གྱིས། །ཆོས་འཁོར་བསྐལ་པའི་མར་མེ་གསལ་འབར་དང༌། །གླེགས་བམ་གཏེར་ཁ་གཏད་ནས་དེ་དག་གི། །བདག་པོར་ལུང་བསྟན་སྩལ་ལ་གསོལ་བ་འདེབས། །དགུང་གྲངས་བཅོ་ལྔར་ཤེས་རབ་རིན་ཆེན་ལས། །སྐྱབས་སྡོམ་རྡོ་རྗེ་ཕྲེང་བའི་དབང་བསྐུར་དང༌། །ཐུན་མོང་ལམ་རིམ་གདམས་པ་ལེགས་ནོས་ཏེ། །ཉིན་མཚན་ཆོས་ཀྱིས་འདས་ལ་གསོལ་བ་འདེབས། །ཉེར་གཅིག་ལོ་ནང་དྭགས་ལྷ་སྒམ་པོར་བྱོན། །མི་ཕམ་དབང་པོས་དགེ་བསྙེན་ཉིད་དུ་བསྒྲུབས། །ངྷརྨེ་ཤྭ་རར་བཀའ་གདམས་ལམ་རིམ་དང༌། །ཆོས་དྲུག་ཟབ་ཁྲིད་བརྙེས་ལ་གསོལ་བ་འདེབས། །ཅིག་ཆར་གནས་སུ་ཕག་མོ་གསུམ་ལྡན་མར། །མཇལ་བའི་རྐྱེན་གྱིས་གང་སྣང་བདེ་བར་ཤར། །བདེ་བའང་མི་དམིགས་དབྱིངས་དང་རོ་གཅིག་འདྲེས། །ཡེ་ཤེས་བྱིན་ཆེན་ཞུགས་ལ་གསོལ་བ་འདེབས། །ཁམས་སུ་གདན་བཏེགས་ཟེ་ཆེན་ཀུན་རྣམ་དང༌། །ངེས་དོན་ཞབས་སོགས་མཁས་གྲུབ་དུ་མ་ལས། །དབང་ལུང་མན་ངག་བདུད་རྩི་ངོམས་མེད་གསོལ། །ཆོས་ཀྱི་རྒྱ་མཚོར་གྱུར་ལ་གསོལ་བ་འདེབས། །རང་ཡུལ་བཞུད་ཚེ་རྒྱལ་བ་འོད་དཔག་མེད། །མཇལ་ཞིང་ཚངས་དབྱངས་རྔ་སྒྲ་གསན་པའི་མོད། །འཇིག་རྟེན་ཆོས་ཀྱིས་མི་གོས་པདྨ་ལྟའི། །རྒྱལ་སྲས་སྤྱོད་མཆོག་བརྙེས་ལ་གསོལ་བ་འདེབས། །རུ་དམ་གནས་སུ་སྒྲུབ་ལ་རྩེ་གཅིག་ཏུ། །བཞུགས་ཚེ་འཚུབ་ལྷོང་དྲག་པོ་བརྒྱུད་མ་རུ། །བྱུང་རྣམས་ལྟ་དགོངས་ནུས་པས་ཟིལ་མནན་ནས། །རྟོགས་པའི་བོགས་ཆེན་ཐོན་ལ་གསོལ་བ་འདེབས། །དུས་དེར་མནལ་ལམ་ཨོ་རྒྱན་སློབ་དཔོན་ཆེས། །གསེར་མདོག་བདུད་རྩིའི་ཆུ་ཡིས་དབང་བསྐུར་ཞིང༌། །དཀའ་སྤྱད་དུས་སུ་མི་མིན་སྐྱེ་བོ་ཡིས། །མངོན་སུམ་ཞལ་ཟས་ཕུལ་ལ་གསོལ་བ་འདེབས། །བོད་སྐྱོང་མཁའ་འགྲོའི་གཙོ་མོ་ཚེ་རིང་མས། །རང་གི་གནས་སུ་སྤྱན་དྲངས་ཞབས་ཏོག་བསྟབས། །ཕྱོགས་དེར་ལོ་བཞིར་འདས་པར་རིམ་གཉིས་ཀྱི། །རྣལ་འབྱོར་རྒྱུན་ཆགས་བསྐྱངས་ལ་གསོལ་བ་འདེབས། །དེ་ནས་ནམ་ཞིག་བསྟན་བཅོས་ཡོན་ཏན་མཛོད། །གཟིགས་ལས་མོས་གུས་གདུང་བས་རྒྱུད་བསྐུལ་ཏེ། །ཚེ་རབས་མང་པོར་རྗེས་བཟུང་རིགས་ཀྱི་བདག །ཀུན་མཁྱེན་ཞབས་པད་བསྙེན་ལ་གསོལ་བ་འདེབས། །མགོན་དེས་སྔ་འགྱུར་བཀའ་གཏེར་རབ་འབྱམས་ཀྱི། །གདམ་ངག་དབང་བསྐུར་བུམ་པ་གང་བྱོར་སྩལ། །གཞོན་ནུ་སངས་རྒྱས་སྨོན་ལམ་དུས་སྨིན་པའི། །རྟེན་འབྲེལ་སྲོག་རྩ་མཐུད་ལ་གསོལ་བ་འདེབས། །ཐུགས་བསྐྱེད་བཞེས་ཚེ་འོད་སྲུང་རྒྱལ་བ་ཡི། །སྐུ་གདུང་གཏེར་ཁ་བཞེས་པའི་མནལ་ལམ་གཟིགས། །བྱང་ཆུབ་ཆེ་དྲུང་ཡབ་སྲས་ལྷན་ཅིག་ཏུ། །བཟང་སྤྱོད་སྨོན་བཏབ་ལ་གསོལ་བ་འདེབས། །དགོངས་འདུས་དབང་བསྐུར་དུས་སུ་དཔོན་སློབ་གཉིས། །ཉང་རལ་སངས་རྒྱས་གླིང་པར་གྱུར་པའི་ཚུལ། །ཡེ་ཤེས་མེ་ལོང་ངོས་སུ་སྒྲིབ་མེད་གཟིགས། །སྔོན་སྦྱངས་ལས་འཕྲོ་སད་ལ་གསོལ་བ་འདེབས། །བསམ་ཡས་དབུ་རྩེར་གུ་རུའི་སྣང་བརྙན་ནི། །གྲངས་མེད་འཕེལ་བའི་རྒྱུ་ཚོགས་རྟེན་འབྲེལ་ལས། །ཕྲིན་ལས་དབྱར་མཚོ་བཞིན་དུ་རྒྱས་འགྱུར་ཞེས། །ལུང་བསྟན་མེ་ཏོག་འཐོར་ལ་གསོལ་བ་འདེབས། །ཡབ་རྗེའི་སྤྱན་སྔར་སྒྲུབ་པའི་མཎྜལ་དང༌། །འབད་རྩོལ་ཆེན་པོས་སྤྱན་དབྱེའི་ཞབས་ཏོག་མཛད། །བདོག་དགུ་རྩལ་སྤྲུགས་མཆོད་པ་ལན་བཞི་སོགས། །མཉེས་པ་མཐར་ཕྱིན་བསྒྲུབས་ལ་གསོལ་བ་འདེབས། །ཀུན་མཁྱེན་རྗེ་ཡིས་སྙིང་ཐིག་བསྟན་པའི་མཛོད། །བཟུང་ནས་གཞན་དོན་སྤྱོད་པར་བཀས་གནང་ཞིང༌། །ཉིད་དང་དབྱེར་མི་ཕྱེད་པའི་ཞལ་བཞེས་མཛད། །དགོངས་ཀློང་རོ་གཅིག་འདྲེས་ལ་གསོལ་བ་འདེབས། །རིས་བྲལ་རྟེན་གསུམ་དགེ་འདུན་འདུས་པའི་སྡེ། །རྒྱ་ཆེར་མཆོད་ཅིང་སྒྲུབ་གནས་གསུམ་སོགས་སུ། །བསྙེན་སྒྲུབ་སྦྱིན་སྲེག་ཚོགས་ཀྱི་འཁོར་ལོ་ཡིས། །རྩ་གསུམ་དགྱེས་པ་སྐྱེད་ལ་གསོལ་བ་འདེབས། །དུར་ཁྲོད་གཉན་ས་མང་པོར་གཅོད་ཡུལ་མཛད། །ཚར་ལྷོང་མཐར་ཕྱིན་གཅན་གཟན་ཁྲོ་བོ་དང༌། །ཀླ་ཀློ་གཙང་པོ་ལ་སོགས་ཐུག་ཕྲད་དུ། །ཟིལ་གནོན་བརྟུལ་ཞུགས་གྲུབ་ལ་གསོལ་བ་འདེབས། །དབུས་གཙང་མཐའ་དག་འདར་ནུས་བལ་པོའི་དམག །ལྷགས་ཚེ་བེ་ཧར་དབང་བསྡུས་བརྟུལ་ཞུགས་ཀྱིས། །ཕས་རྒོལ་སོས་ཀའི་ཐན་སྤྲིན་བཞིན་མཛད་དེ། །རྒྱལ་བསྟན་ནུས་མཐུས་བསྲུངས་ལ་གསོལ་བ་འདེབས། །རུ་བཞིར་ཐན་པས་ཉེན་ལ་རྗེས་བརྩེ་ཡིས། །སྦྱིན་སྲེག་མཛད་པའི་ཐལ་བ་མཚོར་གཤེགས་པའི། །མོད་ལ་ཆར་གྱི་རྒྱུན་བཟང་འཛད་མེད་བབས། །འགྲོ་མང་སྡུག་བསྔལ་བསྐྱབས་ལ་གསོལ་བ་འདེབས། །གནམ་མཚོར་བདེ་ལྡན་ཞིང་གི་བཀོད་པ་གཟིགས། །ཙ་རི་སེངྒེ་ལ་རྩེར་ཨོ་རྒྱན་རྗེ། །མངོན་སུམ་ཞལ་མཐོང་གསོལ་འདེབས་མཛད་པའི་མོད། །ཡེ་ཤེས་དབྱིངས་གཅིག་གྱུར་ལ་གསོལ་བ་འདེབས། །ཀླུ་རིང་མདུང་རྩེ་གྱ་གྱུའི་གཞི་བདག་དང༌། །ཆུ་རྒྱུད་དགེ་བསྙེན་ལ་སོགས་དྲེགས་པ་རྣམས། །བྱང་ཆུབ་ཐུགས་ཀྱི་ནུས་པས་དབང་གྱུར་ནས། །དང་བས་སྲི་ཞུ་བགྱིས་ལ་གསོལ་བ་འདེབས། །ཆོས་རྒྱལ་སྡེ་དགེའི་བསྟན་སྲིད་སྲུང་བ་དང༌། །བྱང་རྒྱུད་རིག་འཛིན་གླིང་གི་ས་འདུལ་དུས། །མི་མཐུན་བདུད་དཔུང་ཕམ་པའི་རྟགས་མཚན་གྱིས། །གྲགས་པའི་རྒྱལ་རྔ་བརྡུང་ལ་གསོལ་བ་འདེབས། །བྲ་རོང་ཕྱོགས་སུ་བུད་མེད་གླུ་སྐད་དང༌། །ལྷུན་གྲུབ་སྟེང་དུ་ཚོགས་ཟངས་སྒྲ་གསན་པས། །ལྐོག་གྱུར་བདེ་སྡུག་དུ་མའི་ངང་ཚུལ་མཁྱེན། །རྟེན་འབྲེལ་རང་བྱན་ཆུད་ལ་གསོལ་བ་འདེབས། །བྲག་དཀར་སྤྲེལ་རྫོང་འཕགས་པའི་སྒྲུབ་གནས་སུ། །རྩ་གསུམ་བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་གཞོལ། །དག་པ་རབ་འབྱམས་རང་སྣང་རིས་མེད་ཀྱི། །དགོངས་པའི་རྩལ་ཆེན་རྫོགས་ལ་གསོལ་བ་འདེབས། །སོག་ཡུལ་བྱོན་ཚེ་གྲོག་པོ་སྐམ་པོའི་ནང༌། །དལ་འགྲོའི་ཀླུང་ཆེན་འབབས་པའི་དགེ་མཚན་གྱིས། །ཡིད་དྲངས་ཧར་ཧན་ཏ་ལེ་བླ་མ་ཞེས། །སྐྱེ་དགུས་མགྲིན་གཅིག་བསྔགས་ལ་གསོལ་བ་འདེབས། །ཇུ་ནང་དཔོན་གྱིས་ཞུས་ཏེ་མཆོད་གནས་མཛད། །ཕྱོགས་དེར་ཕན་བདེའི་ལེགས་ཚོགས་སྤེལ་སླད་དུ། །མངོན་མཁྱེན་ནུས་སྟོབས་ཟད་མི་ཤེས་པ་བསྟན། །འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། །ངག་དབང་ཝང་དང་སྒོ་མེ་ཆོས་རྗེས་མཚོན། །སྐལ་ལྡན་མང་པོར་སྙིང་ཐིག་ཆོས་ཆར་ཕབ། །རྣལ་འབྱོར་དབང་ཕྱུག་བྱམས་པ་དགེ་ལེགས་ཀྱིས། །འཇིག་རྟེན་བླ་མར་བསྔགས་ལ་གསོལ་བ་འདེབས། །གོང་མའི་ལུང་གིས་མདའ་ཚན་བཅུ་གཉིས་ཀྱི། །བླ་མར་བསྐོས་སོགས་རྙེད་བཀུར་ཆེར་བྱུང་ཡང༌། །ཞེན་མེད་སྨོན་ལམ་མཐུན་པའི་གདུལ་བྱའི་ཆེད། །དགོངས་ཏེ་བོད་ཡུལ་བྱོན་ལ་གསོལ་བ་འདེབས། །ཡོངས་ཤར་ཤུག་ཆེན་གཉིས་སུ་གཙུག་ལག་ཁང༌། །བསྐྲུན་ཚེ་རྡོ་ཡི་གླེགས་བུའི་གཏེར་ཁ་ཕྱུངས། །བསྐལ་བཟང་རྒྱུད་རིས་བཀའ་འགྱུར་གླེགས་བམ་སོགས། །དཀོན་མཆོག་རྟེན་མང་བཞེངས་ལ་གསོལ་བ་འདེབས། །སླར་ཡང་སྡེ་དགེ་ལྷོ་བྱང་ཁམས་ཧོར་དང༌། །རྡོ་འཛི་སྨར་དང་ཟླ་སྙི་གསེར་ཁོག་ཀུན། །ཞབས་ཀྱིས་ལེགས་བཅགས་སྐྱེ་དགུ་བགྲང་ཡས་པ། །ཞལ་མཐོང་འབྲེལ་བས་བསྡུས་ལ་གསོལ་བ་འདེབས། །དེ་དག་རྣམས་སུ་འཁོན་སྡུམ་འདྲེ་འདུལ་དང༌། །མངོན་ཤེས་ལ་བརྟེན་བླང་དོར་གནས་མང་བསྟན། །མཆོད་སྦྱིན་སྲོག་བསླུ་རྟེན་བཞེངས་རྒྱས་པར་སྤེལ། །གཞན་ཕན་སྒོ་མཐའ་ཡས་ལ་གསོལ་བ་འདེབས། །ལྷག་པར་དབང་བསྐུར་སྦྱིན་སྲེག་རབ་གནས་དང༌། །གནས་ལུང་མྱོང་གྲོལ་བདུད་རྩིའི་སྦྱིན་པ་སོགས། །རྣམ་མང་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཡིས། །གདུལ་བྱའི་དོན་ཆེན་བསྒྲུབས་ལ་གསོལ་བ་འདེབས། །དེ་ཚེ་སྒྲུབ་བརྩོན་ངག་དབང་ཆོས་འབྱོར་དང༌། །ངོར་ཆེན་བྱམས་པ་ནམ་མཁའ་འཆི་མེད་སོགས། །དམ་པ་མང་པོར་ཟབ་ཆོས་བདུད་རྩི་བཞེས། །འཆད་སྤེལ་ཕྲིན་ལས་བསྐྱངས་ལ་གསོལ་བ་འདེབས། །རབ་ཡིད་ལྕགས་རྟར་འབྲོང་རི་སྨུག་པོའི་ཞོལ། །སྤྱང་ཚང་ལུང་པ་པདྨའི་དབྱིབས་ཅན་དུ། །ལྷ་ཁང་སྒྲུབ་སྡེའི་བཀོད་པ་གསར་བསྐྲུན་ནས། །མི་གཡོའི་ཆོས་སྟན་བཟུང་ལ་གསོལ་བ་འདེབས། །གནས་དེར་གཏན་པ་མེད་པའི་ཆོས་སྦྱིན་ལ། །མདོ་ཁམས་སྡེ་དགེ་ནས་བཟུང་རྒྱལ་རོང་དང༌། །རེབ་ཀོང་སོགས་ཡུལ་བར་གྱི་གདུལ་བྱའི་ཚོགས། །ཉི་ཟེར་རྡུལ་བཞིན་འཁྲིགས་ལ་གསོལ་བ་འདེབས། །སྙིང་ཐིག་གོང་འོག་མཛོད་བདུན་ངལ་གསོ་གསུམ། །རྒྱུད་འབུམ་ལ་སོགས་ཆོས་འཁོར་འབྱམས་ཀླས་ཀྱིས། །རྙིང་བསྟན་གྲུ་བཞིར་རྒྱས་པའི་ས་བོན་བཏབ། །བསྟན་འཛིན་ཕྲེང་བ་སྤེལ་ལ་གསོལ་བ་འདེབས། །ཁྱད་པར་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །རྫོགས་ཆེན་སྙིང་ཐིག་སྒོམ་པའི་རྣལ་འབྱོར་ཁྱུས། །མདོ་ཁམས་རི་སུལ་ཀུན་ཏུ་ཁྱབ་མཛད་པ། །སངས་རྒྱས་གདུང་འཚོབ་ཆེ་ལ་གསོལ་བ་འདེབས། །ཁྱིམ་གནས་རྣམས་ཀྱང་ཡང་དག་ལྟ་བ་དང༌། །མི་འཚེའི་བརྟུལ་ཞུགས་འཛིན་ལ་རབ་སྦྱར་ཞིང༌། །ཡན་ལག་བརྒྱད་པའི་ཁྲིམས་དང་ཡིག་དྲུག་སྒྲས། །ས་སྟེང་རྒྱས་པར་བཀང་ལ་གསོལ་བ་འདེབས། །རྨོངས་རྟུལ་བླུན་པོ་འདུས་པའི་མཐའ་འཁོབ་ཏུ། །མཐོ་རིས་ཐར་པར་བགྲོད་པའི་ལམ་བཟང་པོ། །ཚོང་དུས་སྲང་ལྟར་གསལ་བ་ཁྱོད་ཀྱི་དྲིན། །ལོང་བ་མིག་འབྱེད་ཁྱོད་ལ་གསོལ་བ་འདེབས། །ཇོ་ཤཱཀ་ཞལ་བལྟར་ལམ་གྱིས་ངལ་བ་རྣམས། །དབུགས་འབྱིན་ཟས་ཀྱི་ཡོ་བྱད་རྐྱེན་སྦྱར་ཞིང༌། །བསམ་ཡས་ཞིག་གསོར་སྟོང་དངུལ་གསུམ་ལྷག་གིས། །མཐུན་རྐྱེན་ཞབས་ཏོག་ཕུལ་ལ་གསོལ་བ་འདེབས། །མཆུ་ཟླའི་ཚེས་བཅུར་བདེ་གཤེགས་རིགས་འདུས་ཀྱི། །དཀྱིལ་འཁོར་བཞེངས་སྒྲུབ་མཆོད་པའི་རྒྱུན་བཙུགས་ཏེ། །འགྲོ་བའི་རེ་སྐོང་བསོད་ནམས་དཔག་བསམ་ཤིང༌། །ཕ་མཐའ་ཡས་པར་བསྐྲུན་ལ་གསོལ་བ་འདེབས། །དེ་ལྟར་སངས་རྒྱས་ཞིང་ལ་དགེ་རྩ་བསྐྱེད། །ཐེག་མཆོག་ཆོས་ལ་བྱ་བ་རྒྱ་ཆེར་མཛད། །གྲངས་མེད་གདུལ་བྱའི་འཇིག་རྟེན་སྨིན་མཛད་ཅིང༌། །སྐུ་ཚེ་མཐར་ཕྱིན་བཞུགས་ལ་གསོལ་བ་འདེབས། །ཁྱུ་མཆོག་ཆོ་འཕྲུལ་ཟླ་བའི་བཅུ་གསུམ་ཉིན། །འཇའ་འོད་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༌། །དེ་ཡི་ནམ་ཕྱེད་ལོངས་སྐུའི་ཆས་ཞུགས་ཏེ། །འོད་གསལ་ཆོས་སྐུར་གཟིམས་ལ་གསོལ་བ་འདེབས། །ཁྱོད་སྐུ་ཞུགས་ཀྱིས་སྦྱངས་པའི་ལྷག་མས་ཀྱང༌། །བསྟན་འགྲོའི་དོན་ཆེན་བྱེད་པར་ཞལ་གྱིས་བཞེས། །དུས་རྣམས་ཀུན་ཏུ་རྩི་སྨན་སྡོང་པོ་ལྟར། །ལུས་ཅན་ཉེར་འཚོར་གྱུར་ལ་གསོལ་བ་འདེབས། །མགོན་ཁྱོད་རྣམ་ཐར་ནོར་བུའི་རྒྱུད་མངས་ནི། །མོས་གུས་སོར་རྩེས་བསྐུལ་བའི་རྟོགས་བརྗོད་དབྱངས། །ཅུང་ཟད་བླངས་འདིས་བདག་དང་འགྲོ་བ་ཀུན། །ཐེག་མཆོག་བཤེས་གཉེན་དམ་པས་རྗེས་འཛིན་ཤོག །ཚེ་རབས་ཕྲེང་བར་དཔལ་ལྡན་བླ་མ་མཆོག །ཐབས་ཚུལ་ཀུན་གྱིས་མཉེས་པ་ལྷུར་ལེན་ཅིང༌། །བཀའ་བཞིན་སྒྲུབ་པའི་བརྩོན་འགྲུས་མཐར་དབྱུང་སྟེ། །ས་གསུམ་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་གམ་དུ་འཁོད་པའི་དགེ་ཚུལ་འཇིགས་མེད་ཆོས་ཀྱི་བློ་གྲོས་ཀྱིས་གྲུབ་རྗེའི་རྣམ་ཐར་གསོལ་འདེབས་གོ་བདེ་བ་ཞིག་རྩོམ་ཞེས་ནན་གྱིས་བསྐུལ་བ་ལྟར། འཇིགས་མེད་བསྟན་པའི་ཉི་མས་རིག་འཛིན་བརྒྱུད་པའི་ཕྲེང་བར་གསོལ་བ་བཏབ་སྟེ། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ལ་བྲིས་པ་འབྲེལ་ཚད་རིག་འཛིན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

རྩོམ་སྒྲིག་པ། འཁྲུག་ཞིག

47.2K