༄༅། །རཱ་ག་ཨ་སྱའི་རང་རྣམ་བསྡུས་པ་བྱེ་བ་རིང་བསྲེལ་བཞུགས་སོ། །

མཁས་གྲུབ་ཀརྨ་ཆགས་མེད་ཞབས།

༄༅། །ན་མོ་གུ་རུ་དྷརྨ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །འདྲེན་མཆོག་འོད་མཚན་ཅོད་པན་ཅན་ལ་འདུད། །རྡོ་རྗེའི་སྤུན་གྱུར་ཀརྨ་རྡོ་རྗེ་ཡིས། །སྤྲང་པོ་བདག་གི་རྣམ་ཐར་བྲིས་ཞེས་གསུངས། །བསྟན་པའི་སྙིགས་མ་དུས་ངན་སྙིགས་མ་ལ། །སྤངས་རྟོགས་ཡོན་ཏན་རི་བོང་རྭ་འདྲ་བའི། །དཀོར་ཟན་བདག་འདྲར་བླ་མའི་མིང་ཐོགས་ཤིང་། །དད་ལྡན་ཀུན་གྱིས་བཀུར་སྟི་བྱེད་པ་དང་། །སྐུ་སྐྱེ་དབོན་རིགས་དགེ་བཤེས་མང་པོ་ཡིས། །དབང་ལུང་ལ་སོགས་གསན་མཁན་མང་ན་ཡང་། །མུ་གེ་བྱུང་ན་ཆོ་ལེ་ཟས་མཆོག་ལྟར། །ཡིན་སྙམ་སྐྱོ་བ་མ་གཏོགས་དགའ་རློམ་མེད། །འོན་ཀྱང་ཚིག་གི་བརྒྱུད་པ་མ་ཆད་ཙམ། །དབང་ལུང་མཎྜལ་ཚུལ་དུ་ཕུལ་འགྲུབ་ན། །དེང་སང་ཕན་པ་ཆེ་སྙམ་སེམས་ཁུར་བྱས། །མི་འགྱུར་རྡོ་རྗེའི་སྐྱེས་རབས་རྒྱས་པ་ནས། །སྐྱེ་བ་ཕལ་ཆེར་འབྲལ་བ་མེད་པ་དང་། །དག་པའི་སྐྱེ་བར་དཔོན་སློབ་རེས་མོས་དང་། །མ་དག་སྐྱེ་བ་རྣམས་སུ་མཐུན་གྲོགས་གྱུར། །ཁྱད་པར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཆ་ཤས་དང་། །སད་ན་ལེགས་ཀྱི་སྐྱེ་མཐར་ལུང་བསྟན་ཅིང་། །བདུད་འདུལ་རྡོ་རྗེའི་ས་གཏེར་ལུང་བསྟན་ལས། །ལོ་ཙཱ་ཀླུ་ཡི་རྒྱལ་མཚན་སྤྲུལ་པ་རུ། །གསུངས་ཤིང་གཏེར་སྟོན་ཉིད་ཀྱིས་ངོས་བཟུང་ཡང་། །འགྲོ་དྲུག་ཡི་དམ་ལྷ་ཡི་ཡང་སྤྲུལ་དུ། །གསུངས་པ་ལྟར་དུ་དགོངས་པ་ཅན་གྱི་ཚིག །བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གསུངས་པ་དེ་ལ་དགོངས་པ་ཡིན་བསམ་ནས། །ཁོ་བོ་སྤྲུལ་པ་ཡིན་སྙམ་རློམ་སེམས་མེད། །བདག་ནི་ཐ་མལ་དམངས་རིགས་ཁྱིམ་སྐྱེས་ཀྱང་། །ཨ་ནུ་སྔགས་འཆང་པདྨ་དབང་དྲག་གིས། །བུ་ཡིན་གསུངས་ནས་བརྩེ་བས་རྗེས་སུ་བཟུང་། །དྲུང་པ་ཀརྨ་བསྟན་འཕེལ་བླ་མ་ཝ། །རྒྱ་ར་བ་སོགས་མངོན་ཤེས་ལྡན་པ་བཞིས། །སྔགས་པའི་བུ་གསུངས་དེ་ཕྱིར་ཡིན་ངེས་སྙམ། །ཡིན་ཀྱང་མངའ་ཞབས་སྡེ་མེད་ཅི་ཕན་ཀྱང་། །ཁྲི་སྲོང་གདུང་རིགས་མཁའ་སྤྱོད་པ་དང་ནི། །གདུང་རིགས་ཡིན་པས་ལྷ་སྲུང་འཁོར་རམ་སྙམ། །ཆུང་ནས་རབ་བྱུང་རྩ་བཞི་སྲོག་ལྟར་བསྲུངས། །སྡོམ་གསུམ་རྩ་བ་མ་ཉམས་ཡིད་ཆེས་ཀྱང་། །ཉེས་ལྟུང་ཕྲ་ཞིབ་ཆར་རྒྱུན་གྲངས་མང་ཞིང་། །ཚུལ་ཁྲིམས་མཆོག་འཛིན་རློམ་སེམས་བདག་ལ་མེད། །གར་སོང་གར་བསྡད་དཀོར་གྱི་ཆར་བབས་པས། །ལྷ་བུའི་བདུད་དང་དངོས་གྲུབ་འབྱེད་དཀའ་ཡང་། །བྱང་ཆུབ་སེམས་བསྐྱེད་མ་ཉམས་སྟོབས་དང་ལྡན། །འཁོར་གསུམ་ཡོངས་དག་བསྔོ་སྨོན་ཐུབ་སྙམ་པས། །དཀོར་གྱིས་ལྟུང་དོགས་མེད་ཅིང་འབྲེལ་ཐོགས་ཀྱི། །དངོས་པོ་ཆུད་མ་ཟོས་པའི་གདེང་ཚོད་ནི། །ཐུབ་པས་གསུངས་པའི་མདོ་རྒྱུད་དཔང་པོ་ཡིན། །མི་ཆེན་བླ་ཆེན་མང་པོས་བསྐུར་སྟི་བྱས། །འོན་ཀྱང་ང་ཆེ་སྙམ་པའི་ང་རྒྱལ་མེད། །བླ་མ་ཡི་དམ་ཐུགས་རྗེ་ཡིན་ནམ་སྙམ། །ལྷ་ཚོགས་བརྒྱ་ཕྲག་ལྷག་གི་བསྙེན་སྒྲུབ་ཐེམས། །ཉམས་དང་རྨི་ལམ་རྟགས་མཚན་མ་ཐོན་མེད། །འོན་ཀྱང་ནུས་པ་ཆེ་སྙམ་ང་རྒྱལ་མེད། །ཉམ་ཆུང་བསྟུན་ས་གང་རྙེད་མ་གཏོགས་པ། །མཐུ་རྔམ་བསྡིག་ཏུ་ཁ་ནས་འདོན་མ་མྱོང་། །དྲག་སྔགས་གབ་བཞག་གདམས་པ་ཕྱུག་ན་ཡང་། །རྒྱུ་འབྲས་ལ་འཇིགས་རྣོ་ཚད་བྱེད་མ་མྱོང་། །འོན་ཀྱང་རང་ལ་གནོད་བྱེད་ཅི་བྱུང་ཀུན། །ཡུན་མི་རིང་པར་མེ་ལྕེར་སྦྲང་མ་བཞིན། །བཀའ་སྲུང་ཆོས་སྐྱོང་འཁོར་རྟགས་མངོན་སུམ་གསལ། །འོན་ཀྱང་ལས་སྦྱོར་མ་བྱས་བསམ་ངན་མེད། །དེ་ཕྱིར་རང་ལ་ཕྱི་མའི་ཁུར་པོ་མེད། །ཡོན་ཏན་སྣ་མང་མ་བསླབ་དགུ་གཅིག་བསླབས། །འབྲེལ་ཐོགས་བླ་མ་སུམ་ཅུ་སོ་བདུན་བསྟེན། །ཡོན་ཏན་མཐར་ཕྱིན་སྣ་གཅིག་མ་ལོབ་མེད། །དེང་སང་གདམས་པ་ཕྱུག་འདིས་ཕན་པ་བྱུང་། །ཁྲིད་རིམ་འགའ་ཐོབ་རང་སེམས་ངོ་བོ་རྟོགས། །ཡེངས་དང་མ་ཡེངས་དྲན་དང་མ་དྲན་མེད། །ཐམས་ཅད་འགྱུར་མེད་ཆོས་སྐུ་ཀ་ནས་དག །རྒྱལ་བ་ཀུན་གྱི་ཐུགས་དང་རང་གི་སེམས། །འགྲོ་དྲུག་སེམས་རྒྱུད་སྣོད་བཅུད་འཁོར་འདས་ཀུན། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན་དུ་འདྲེས། །སྣ་ཚོགས་སྣང་བ་གཟུགས་སྒྲ་དྲི་རོ་རེག །མ་འདྲེས་སོ་སོར་གསལ་ཡང་ངོ་བོ་སྟོང་། །མེ་ལོང་གཟུགས་བརྙན་ཆུ་ཟླ་ལྟ་བུར་རྟོགས། །སྒོམ་ཆེན་མིང་བཏགས་རུང་ཙམ་ཡིན་སྙམ་བགྱིད། །ལྟ་བ་འཁོར་འདས་དབྱེར་མེད་དོན་རྟོགས་པས། །གསང་སྔགས་ཁྲོམ་བཤད་བྱས་ཀྱང་སྐྱོན་མེད་སྙམ། །རྒྱ་བོད་གྲུབ་ཆེན་ཡི་དམ་ཆོས་སྐྱོང་ཚོགས། །དངོས་སུ་ཞལ་མཐོང་གསུང་ཐོས་མ་མཆིས་ཀྱང་། །ཉམས་དང་རྨི་ལམ་མཚམས་སུ་མཐོང་ཐོས་མང་། །བདུད་ཀྱིས་བསླུ་བ་ཡིན་མིན་འབྱེད་དཀའ་ཡང་། །མཆོག་འཛིན་མེད་ཅིང་ཉམས་རྟོགས་འཕེལ་བའི་ཕྱིར། །བྱིན་རླབས་ཅུང་ཞིག་ཞུགས་རྟགས་ཡིན་ནམ་སྙམ། །ལུགས་གཉིས་འཁོས་ཀ་ཅི་ཡང་མེད་ན་ཡང་། །མི་འགྱུར་རྡོ་རྗེ་ལ་སོགས་སྐྱེས་ཆེན་འགའ། །སློབ་མར་གྱུར་ཅིང་དབང་ལུང་ཁྲིད་རྒྱུན་འཕེལ། །སྔོན་གྱི་སྨོན་ལམ་རྣམ་པར་དག་པ་དེས། །རང་ལས་བརྒྱུད་པའི་དབང་ལུང་ཁྲིད་ལ་སོགས། །ཡོན་ཏན་གང་ཡང་ཕན་ཐོགས་འགྲིམ་ཁ་ཚ། །བསྙེན་སྒྲུབ་སུས་བྱས་རྟགས་ཐོན་བར་ཆད་མེད། །ཉམས་ལེན་སུས་བྱས་ཡིད་ཆེས་ཉམས་རྟོགས་སྐྱེ། །དམ་ཚིག་སེལ་མེད་ཡོན་ཏན་ཡིན་ནོ་སྙམ། །བློ་མི་གཏད་པའི་མི་ལ་ཅི་ཆ་ཡོད། །དངོས་སུ་སྐྱེ་བ་དྲན་པ་མ་མཆིས་ཀྱང་། །སྒྲུབ་ཡུན་རིང་ཞིང་ཐུགས་དམ་འཕེལ་བའི་ཚེ། །ཉམས་དང་རྨི་ལམ་འཁྲུལ་བའི་སྣང་བ་ལ། །སྔོན་གནས་སྐྱེ་བ་མང་པོ་དྲན་སྙམ་བགྱིད། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །བསྟོད་ཡུལ་མཆོག་དམན་བར་མ་སུ་ལ་ཡང་། །སྒྲོ་སྐུར་མེད་པར་བསྟོད་པ་བྱས་ན་ཡང་། །ཕན་ཆེ་མ་བྱུང་ན་ཡང་ཉེས་མི་འབྱུང་། །གསུངས་པ་བཞིན་དུ་རྫུན་ཚིག་མ་འདྲེས་པར། །དྲང་པོའི་གཏམ་གྱིས་སྨྲས་པ་འདི་ལྟ་སྟེ། །ཐུབ་པའི་ཞལ་མཐོང་འཕགས་པ་ཀུན་དགའ་བོའི། །སློབ་མར་གྱུར་པའི་དགེ་སློང་ཅིག་ཡིན་དྲན། །ཀླུ་སྒྲུབ་སློབ་མ་པཎྜི་ཏ་ཅིག་སྟེ། །ཀླུ་སྒྲུབ་འདས་ནས་མྱ་ངན་བྱེད་པའི་ཚེ། །མཁའ་འགྲོའི་ཟླ་གྲགས་ལུང་བསྟན་བྱུང་ཚུལ་དྲན། །ཡོལ་མོ་གངས་ར་ཡིན་ནམ་རྒྱ་བལ་མཚམས། །ཞིང་སྐྱོང་མཁའ་འགྲོ་མ་རུ་སྐྱེས་པའི་ཚེ། །ཚེ་རིང་མ་དང་ཉམས་མགུར་བྱས་པ་དྲན། །ཁྲི་སྲོང་ལྡེའུ་བཙན་སྲས་གསུམ་ཐ་ཆུང་བ། །མཇིང་ཡོན་སད་ན་ལེགས་སུ་བདག་གྱུར་དྲན། །དུས་གསུམ་མཁྱེན་པའི་ཕྱག་མཛོད་པ་རུ་གྱུར། །རང་བྱུང་རྡོ་རྗེའི་སློབ་མ་རྒྱ་ནག་གི། །རྒྱལ་པོས་བསྙེན་བཀུར་ཞབས་ཏོག་བྱས་པ་དང་། །ཀོང་པོའི་ཡུལ་དུ་རྫོགས་ཆེན་རྣལ་འབྱོར་པ། །གནས་སྒོ་འབྱེད་ཅིང་རྫོགས་ཆེན་གཏེར་སྒོ་ཐོན། །བུ་གཅིག་ཀརྨ་པ་ལ་ཕུལ་བྱས་ནས། །སྐུ་གསུམ་ངོ་སྤྲོད་ཐོབ་པའང་དྲན་པར་སྣང་། །ལྷ་སར་ཚོང་དཔོན་འབྱོར་བ་ཆེན་པོ་ཅན། །ཇོ་ཤཱཀ་གཉིས་ལ་བསྙེན་བཀུར་དཔག་མེད་བྱས། །ཡིག་དྲུག་དུང་ཕྱུར་ཐོན་པའང་དྲན་པར་སྣང་། །ཐལ་ཐོལ་མང་དུ་དྲན་པའི་རློམ་སེམས་མེད། །བཅུ་གསུམ་ལོ་ལ་སྒྲུབ་པ་གྲོང་ཆོག་གཉིས། །རེས་མོས་བྱས་ཏེ་ཕན་ཐོགས་ཆེ་བར་གྲགས། །སྤྱོད་པ་མ་ངེས་གཉོམ་ཆུང་ས་བཟུང་བས། །ཕ་ཡུལ་མི་རྣམས་ལྷག་པར་དད་འདུན་ཆེ། །བཅུ་གསུམ་ལོ་ནས་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་ནས་ལོ་བདུན་དབང་ལུང་ཁྲིད་ཆར་ཕབ། །གདུལ་བྱ་གང་བྱུང་ཆོས་ཕྱོགས་ཅི་ཐེབས་བྱས། །ཕུག་སྲིས་བསགས་པའི་བཅང་བཟུང་བྱས་པ་མེད། །མཚམས་སྒྲུབ་ཐོན་ནས་ཡུན་རིང་ཐུགས་དམ་འཕེལ། །རྣམ་གཡེང་འཕེལ་ན་ད་ནི་མྱུར་དུ་འཆི། །ཚེ་ནི་རིང་ངམ་ཐུང་བར་གྱུར་ཀྱང་འདྲ། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབ་ལ་སྐྱེ་བ་ནི། །གནམ་ཆོས་དགོངས་གཏེར་གཉིས་ཀའི་ལུང་བསྟན་དང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་གསལ། །ཡི་དམ་ལྷ་ཡིས་རང་ལ་ལུང་བསྟན་དང་། །རང་གིས་གསལ་བར་མཐོང་བས་ཐེ་ཚོམ་མེད། །བསྟན་པ་འདི་ཙམ་ངེས་པར་ཡོད་སྙམ་བགྱིད། །དེ་མིན་རང་གིས་དྲན་ཤེས་མེད་ན་ཡང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་དང་། །གནམ་ཆོས་ལུང་བསྟན་མཐུན་ཏེ་བརྗོད་བྱས་ན། །འདི་ནས་འཕོས་ཏེ་འོད་དཔག་མེད་པའི་དྲུང་། །དགེ་སློང་ལུས་གྱུར་ཞིང་དེར་རྟག་ཏུ་འདུག །དེ་ཡི་སྤྲུལ་པ་ལྔ་ནི་འབྱུང་བ་སྟེ། །གཅིག་ནི་ཤར་ཕྱོགས་སྨན་བླའི་ཞབས་དྲུང་དུ། །འགྲོ་ལ་རྟག་ཏུ་གཟིགས་ཞེས་བྱང་ཆུབ་སེམས། །སྐུ་མདོག་སྔོན་པོ་སྨན་བླའི་ཞབས་འབྲིང་བྱེད། །གཅིག་ནི་ཟངས་མདོག་དཔལ་རིར་ཨོ་རྒྱན་དྲུང་། །རིག་འཛིན་རྨ་བྱའི་རྒྱལ་མཚན་ཅན་ཞེས་པ། །སྐུ་མདོག་ལྗང་ཁུ་ཁྲོ་བོའི་ཆ་ལུགས་ཅན། །ཨོ་རྒྱན་ཆེན་པོའི་ཞབས་འབྲིང་སྒྲུབ་མཛད་ཅིང་། །རང་གི་ཆོས་བརྒྱུད་རྣམས་ཀྱི་སྲུང་སྐྱོབ་བརྩོན། །གཅིག་ནི་མི་འགྱུར་རྡོ་རྗེའི་གདུང་རིགས་སུ། །སྐྱེས་ནས་གསང་སྔགས་རྙིང་མའི་བསྟན་པ་འཛིན། །གཅིག་ནི་ཞྭ་དམར་བརྒྱད་པའི་དབོན་པོ་རུ། །སྐྱེས་ནས་ཀཾ་ཚང་བསྟན་ལ་ཕན་ཐོགས་ཆེ། །ནུས་པའི་མཐུ་ཡིས་མཐའ་དམག་ཟློག་པར་ནུས། །གཅིག་ནི་མ་འོངས་ཚེ་ལོ་དྲུག་བརྒྱའི་དུས། །རྡོ་རྗེ་གདན་དུ་དགེ་སློང་ཞིག་ཏུ་སྐྱེ། །གནས་བརྟན་བཅུ་དྲུག་དངོས་མཇལ་བསྙེན་བཀུར་བྱེད། །དེ་ནས་འཁོར་བར་སྐྱེ་བ་མི་ལེན་ཏེ། །སྤྲུལ་པ་སྤྲུལ་གཞི་དགེ་སློང་དེ་ལ་ཐིམ། །ཞིང་འདིའི་བསྐལ་ཆེན་བཅོ་ལྔ་ཙམ་སོང་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར། །མངོན་པར་རྫོགས་པར་སངས་རྒྱས་དེ་ཡི་མཚན། །བདེ་གཤེགས་པདྨ་ཆུ་སྐྱེས་དྲི་མེད་ཅེས། །སྐུ་མདོག་དཀར་པོ་སྤྲུལ་སྐུའི་ཆ་ལུགས་བསྒྱུར། །དེང་སང་འབྲེལ་ཐོགས་འགྲོ་བ་ཕལ་ཆེ་བ། །རིམ་གྱིས་ཞིང་ཁམས་དེ་རུ་སྐྱེ་བར་གསུངས། །རང་བསྟོད་མི་ཆོས་བླ་མའི་རྫུན་སྨྲས་ན། །སྡོམ་པ་འཆོར་བས་དེ་ལ་སྐྲག་པ་ཆེ། །རྫུན་ཚིག་མེད་པར་བཤད་ན་ཉེས་པ་མེད། །རྡོ་རྗེའི་སྤུན་གྱུར་ཀརྨ་རྡོ་རྗེ་ཡིས། །བྲིས་གསུངས་ཕྱིར་ན་གང་དྲན་ཐལ་ཐོལ་བྲིས། །རྒྱས་པར་མི་འགྱུར་རྡོ་རྗེའི་བཀས་བསྐུལ་ནས། །སྡེབ་མ་སུམ་བརྒྱ་པོ་ཏི་ཆེ་ཡོད་དེ། །དབང་ཁྲིད་ལུང་ཐོབ་རྣམས་ལ་བསྟན་རུང་གི། །གཞན་ལ་བསྟན་ན་ལོག་ལྟ་གཤེ་སྐུར་འཕེལ། །གཤེ་སྐུར་བྱས་ཀྱང་འཛིན་མེད་བྲག་ཆ་བཞིན། །བསྟོད་སྨད་ཚིག་ལ་འཛིན་པ་མེད་སྙམ་བགྱིད། །ད་ནི་ཚེ་མཇུག་དགུན་ཁའི་ཉི་མ་བཞིན། །སྐྱིད་ཡུན་སྡུག་ཡུན་ཐུང་བས་གང་བྱུང་བཟོད། །དེ་སྐད་གང་དྲན་བྲིས་པས་ཉེས་མཆིས་ན། །མཁྱེན་ལྡན་རྣམས་ཀྱི་དགོངས་པས་མི་ཁྲེལ་ཞུ། །དེ་སྐད་གསེར་མཁན་མདོ་རུ་བྲིས་པའོ།། །།

རྩོམ་སྒྲིག་པ། ཀ་དག

47.2K