༄༅། །བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་ཐར་པ་མདོ་ཙམ་བཀོད་པ་བཞུགས་སོ། །

༧བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཞབས།

ད་ནི་ཨོ་རྒྱན་པདྨའི་གདུང་འཚོབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་པ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་ཐར་པ་མདོ་ཙམ་བཀོད་པ་ནི། དེ་ཡང་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས། མ་འོངས་བོད་ཡུལ་གངས་རི་རྩེ་དགུའི་ཤར༔ རང་བྱུང་ཕག་མོའི་གསང་བའི་ཞིང་ཁམས་སུ༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་སྔགས་ཀྱི་བརྟུལ་ཞུགས་འཛིན༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནམ་གཏེར་རྙིང་བསྟན་པ་སྐྱོང་༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད་པ་འབྱུང་༔ ཞེས་རྡོ་རྗེའི་ལུང་གིས་ཇི་ལྟར་དྲིལ་བསྒྲགས་པ་བཞིན་གུ་རུའི་ཐུགས་ཀྱི་དྭངས་མ་འབངས་རིགས་ཉེར་ལྔའི་ནང་ཚན་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐུ་ཡི་སྤྲུལ་པ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱི་གསུང་གི་སྤྲུལ་པ། རྒྱལ་དབང་པདྨ་ཀ་རའི་ཐུགས་ཀྱི་སྤྲུལ་པ་སྟེ། རྣམ་གསུམ་ཡེ་ཤེས་སྒྱུ་མའི་རོལ་རྩལ་འཕགས་པ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་ཇི་ལྟར་བསྔགས་པའི་མེ་ཏོག་འཐོར་བ་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས། རྒྱལ་སྲས་རིགས་གསུམ་སེམས་དཔའི་གདུལ་ཞིང་། གངས་ཅན་བོད་ཀྱི་ཤར་ཕྱོགས་སྦས་ཡུལ་རྒྱལ་པོ་གསུམ་གྱི་ཡ་གྱལ། པདྨ་རྣམ་པར་བཀོད་པའི་ཞིང་དུ། ཡབ་བྱ་ཁྲིའི་རྒྱུད་པ་སྤུ་བོ་ཀཿགནམ་པའི་རྒྱལ་རྒྱུད་གམ་པ་དཔོན་ཚང་གི་སྲས་ཀཿཐོག་སྤྲུལ་སྐུ་ནོར་བུ་བསྟན་འཛིན་དང་། ཡུམ་གཏེར་ཆེན་རཏྣ་གླིང་པའི་གདུང་རྒྱུད་ལྷོ་ཕྱོགས་དབྱར་རྔའི་སྒྲ་ལྡན་གྱི་ཡོན་ཕུ་ཆོས་རྗེའི་རིགས་ཀྱི་ཁ་ཚར་མ་ཉམས་པ་རྣམ་རྒྱལ་སྒྲོལ་མ་གཉིས་ཀྱི་སྲས་སུ། ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་སྤྱི་ལོ་༡༩༠༤ལོ་ལ་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་པདྨོ་བཞད་པར་གྱུར་ཏོ། །དེར་རིག་འཛིན་གོང་མའི་ལྐོག་གྱུར་གྱི་གནས་མངོན་དུ་གཟིགས་པའི་ལུང་བསྟན་ཇི་ལྟར་བསྩལ་པ་བཞིན་མི་རིང་བ་ན་མཁྱེན་ཀོང་རྣམ་གཉིས་ཀྱི་ཐུགས་སྲས་ཀྱི་ཐུ་བོ་རིག་འཛིན་གོང་མ་བདུད་འཇོམས་གླིང་པས་ལུང་ཟིན་གྱི་ཆོས་བདག་བདེ་གཤེགས་སྨན་པའི་རྒྱལ་པོ་ངུར་སྨྲིག་འཛིན་པའི་ཟོལ་གྱིས་ལྔ་བརྒྱའི་བསྟན་འགྲོའི་མ་འདྲིས་པའི་མཛའ་བཤེས་སུ་བྱོན་པ་རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་། གླིང་བླ་མ་ཐུབ་བསྟན་ཆོས་འབྱོར་གྱིས་གཙོས་པའི་གོང་མའི་དངོས་སློབ་དང་ཡང་སློབ་འགའ་ཤས་པདྨ་བཀོད་དུ་བྱོན་ནས་རིག་འཛིན་བླ་མ་མཆོག་གི་ཡང་སྲིད་དུ་ངེས་པ་རྙེད་ནས་རིགས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་ཏུ་བཟུང་ནས་གསེར་གྱི་ཁྲི་ལ་མངའ་གསོལ། སྐུ་ན་ཆུང་དུས་ནས་ཐེག་པ་ཆེན་པོའི་རིགས་ཀྱི་བག་ཆགས་སད་པས་ཀུན་ལ་ཕན་སེམས་དང་བླ་མའི་ཕྱོགས་སུ་དག་པའི་སྣང་བ་གཅིག་ཏུ་དཀར་ཞིང་། གུ་རུས་མངོན་སུམ་ཞལ་བསྟན་ནས་ཨོ་རྒྱན་འགྲོ་འདུལ་གླིང་པ་ཞེས་མཚན་གྱི་ཅོད་པན་དཔྱངས་ཏེ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་ལུང་བསྟན་དབུགས་དབྱུང་བསྩལ། ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་ལས་སྐྱབས་འགྲོའི་སྡོམ་པ། འཇམ་དཔལ་དབྱངས་དངོས་མི་ཕམ་ཆོས་རྗེའི་ཞལ་སློབ་ཉག་རོང་མཁན་ཆེན་འཇམ་དཔལ་བདེ་བའི་ཉི་མའམ་ཕན་བདེའི་འོད་ཟེར་ཅན་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་དང་། ངག་དབང་དཔལ་ལྡན་བཟང་པོ་སོགས་ནས་ཟབ་མོ་ལྟ་བའི་ལུགས་དང་། རྒྱ་ཆེན་སྤྱོད་པའི་ལུགས་ཏེ་སྲོལ་གཉིས་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་སྡོམ་པ་འབོགས་ཤིང་། བླ་མ་དཀོན་མཆོག་རབ་བརྟན་སོགས་ལས་འབྲི་ཀློག་གི་སྦྱངས་པ་ཅུང་ཟད་མཛད་དེ། སུམ་རྟགས་སྙན་ངག་སྤྱོད་འཇུག་བཤེས་སྤྲིངས་སྡོམ་གསུམ་སོགས་ཀྱི་བཤད་ཁྲིད། བླ་མ་པདྨ་བསྟན་འཛིན་ལས་རྩིས་དཀར་ནག །ཨ་དགེ་དགེ་འདུན་རབ་རྒྱས་ལས་སྨན་གྱི་རྒྱུད་བཞི། མཁན་ཆེན་མཉྫུའི་མཚན་ཅན་ལས་སྔ་འགྱུར་བཀའ་མ། ཟུར་པ་ལུགས་ཀྱི་གསང་སྙིང་བཤད་སྲོལ། མཁན་ཆེན་ཉིད་ཀྱིས་མཛད་པའི་གསང་བ་སྙིང་པོའི་འགྲེལ་པ་སོགས་རྒྱུད་ཀྱི་འགྲེལ་ཊིཀ་མང་པོ། བཀའ་བརྒྱད་སྒྲུབ་དབང་ཆེན་མོ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས། འོད་གསལ་ཐེག་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་པའི་སྙིང་ཐིག་ཡ་བཞི་དང་། རྟོགས་ལྡན་བརྟན་པ་རབ་རྒྱས་ནས་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ནས་བརྒྱུད་པའི་སྙིང་ཐིག་ཡ་བཞིའི་དབང་ལུང་སོགས་མན་ངག་མྱོང་ཁྲིད་ཆེན་མོའི་རྒྱུན་གསན། ཁམས་རི་བོ་ཆེའི་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་བདུད་འཇོམས་ནམ་མཁའི་རྡོ་རྗེའི་མདུན་ནས་སྙིང་ཐིག་ཡ་བཞི་དང་། རྩ་བའི་རྒྱུད་སྒྲ་ཐལ་འགྱུར་དང་དེ་ལས་འཕྲོས་པའི་རིག་པ་རང་གྲོལ་སོགས་གསང་ཆེན་ངེས་པའི་མན་ངག་རྒྱུད་བཅུ་བདུན། གདམས་ངག་མཛོད། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་། ཡང་བྱང་སེམས་བློ་གྲོས་རྒྱལ་མཚན་དང་།  དུང་དཀར་ངེས་དོན་རྒྱ་མཚོ་གཉིས་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀླག་ལུང་ཡོངས་རྫོགས་རེ་གསན། སྔགས་བཙུན་དགེ་འདུན་རྒྱ་མཚོ་ལས་གཏེར་ཆེན་པདྨ་གླིང་པའི་ཆོས་སྐོར་བཅུ་གསུམ་ཡོངས་རྫོགས་དང་། ཀུན་མཁྱེན་མཛོད་བདུན། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་ལས་བེེ་རོའི་རྣམ་འཕྲུལ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཕྱག་བཞེས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྒྲུབ་ཕྲིན་དང་འབྲེལ་བའི་སྤྲོས་བཅས་དབྱངས་རོལ་གར་འཆམ་ལ་སོགས་པ་དང་། གཞན་ཡང་ཟབ་ཆོས་དུ་མ་གསན། བི་མ་ལས་ལོ་བརྒྱ་རེ་ན་བོད་དུ་ཉིད་ཀྱི་རྣམ་རོལ་རེ་འབྱོན་པ་ཞལ་གྱིས་བཞེས་པ་བཞིན་དངོས་སུ་བྱོན་པར་ཡོངས་སུ་གྲགས་པ་སྨྱོ་ཤུལ་མཁན་ཆེན་ངག་དབང་དཔལ་བཟང་པོ་སྟེ། དེའི་དངོས་སློབ་བྱ་བྲལ་བ་སངས་རྒྱས་རྡོ་རྗེ། བླ་མ་ཨོ་རྒྱན་རིག་འཛིན། ཀཿཐོག་ཕྱག་ཚ་སྤྲུལ་སྐུ། མཆོག་སྤྲུལ་འགྱུར་མེད་རྡོ་རྗེ། སྤུ་སྟོད་ཕུ་ལུང་དགོན་གྱི་སྤྲུལ་སྐུ་སངས་རྒྱས་སོགས་འཕགས་ཆེན་ས་ལ་བཞུགས་པའི་སྐྱེས་མཆོག་མང་དུ་བསྟེན་ཏེ་ཕན་ཚུན་ཟབ་ཆོས་ཀྱི་སྐྱེས་མཆོག་ཏུ་གྱ་ནོམ་པ་འབུལ་རེས་མཛད་པ་དང་། ལྷག་པར་ཕུག་ཁུང་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ངེས་དོན་དབང་པོ་དང་། གཏེར་སྟོན་ཟིལ་གནོན་ནམ་མཁའི་རྡོ་རྗེ་གཉིས་ནས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་རང་ངོ་སྤྲད་ཅིང་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ཁྲི་ལ་མངའ་གསོལ་བར་བྱེད་པའི་བདག་རྐྱེན་བླ་ན་མེད་པ་མཛད་པའི་རིགས་ཀྱི་བདག་པོ་བཀུར་བར་མཛད་པ་ཡིན་ལ། ཁྱད་པར་རྫ་ཕུག་ཁུང་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ངེས་དོན་དབང་པོ་ནི་མི་ལོ་བཅུ་དྲུག་གི་ཡུན་ལ་བསྟེན་ནས། མཁྱེན་ཀོང་རྣམ་གཉིས་དང་ཆོས་རྗེ་མི་ཕམ་རིན་པོ་ཆེ་སོགས་ནས་བརྒྱུད་པའི་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་དང་། ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་ཆོས་སྐོར་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པར་གསན། དེ་ཡང་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་རྟགས་བརྒྱད་འཆང་བ། །ཞེས་འབྱུང་བ་ལྟར་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ནས་ཐུན་མོང་ཕྱི་ཡི་རྒྱུད་སྡེ་རྣམས་ཀྱི་རྗེས་གནང་དང་དབང་། ཐུན་མིན་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། གསང་སྙིང་གི་མུན་སེལ་སྐོར་གསུམ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་རྩ་འགྲེལ། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་སྐུ་མཆེད་དང་། པདྨ་འགྱུར་མེད་རྒྱ་མཚོའི་གསུང་གསང་སྙིང་གི་འགྲེལ་པ། མཁས་པ་ཆེན་པོ་ཀོང་པོ་བ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་འབུམ་སྐོར། གཏེར་ཆེན་གཏེར་ཕྲན་གང་ན་སུ་བྱོན་རྣམས་ཀྱི་ཆོས་སྐོར་སོགས་བཀའ་གཏེར་ཕྱོགས་ཀྱི་ཆོས་རྒྱུན་བཞུགས་སོ་ཅོག་གནས་དུས་སོ་སོར་སྐུ་ངལ་ལ་མ་འཛེམ་པར་འབད་པ་ཆེན་པོས་གསན་ཞིང་། དེ་ཙམ་དུ་མ་ཟད་སྟོན་པ་ཐུབ་པའི་དབང་པོས། རྒན་པའམ་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པས་ཕྱག་བྱས་ཏེ། །བྲམ་ཟེ་གཙང་མའི་མེ་ལ་བཞིན། །ཞེས་ཇི་ལྟར་གསུངས་པ་དང་རྗེས་སུ་མཐུན་པར་དམ་པ་རྣམས་ཀྱི་མཚན་ཉིད་ནི་རང་གི་ཆེ་བ་ཤོར་གྱི་དྭོགས་པ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་ཏུ་རྟོག་པའི་གཞན་དབང་དུ་རྣམ་པ་ཀུན་ཏུ་འགྲོ་བ་མ་ཡིན་པས་དུས་སྐབས་ཅི་རིགས་པར་ཡོངས་སུ་གྲགས་པའི་བླ་ཆེན་ནམ་ཉམས་ཆུང་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་པ་སོགས་རྣམ་པ་གང་ཅི་ཡང་རུང་དོན་ལ་ཆོས་ཁུངས་ཀྱི་བརྒྱུད་པ་གཙང་བར་བཞུགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ཕྱིན་དེ་དང་དེ་དག་རང་གི་བསྟི་གནས་སུ་ཚུར་གདན་འདྲེན་པའམ་ཕར་བཅར་བ་སོགས་གང་དགོས་ཡུལ་དུས་གནས་སྐབས་བླ་མའི་བཀའ་དགོངས་སོགས་དང་སྦྱར་ཏེ་བསྟེན་ནས་བཀའ་གཏེར་དབང་ལུང་གི་རྒྱུན་ཁ་དཀོན་རིགས་མཐའ་དག་དང་། རྗེས་གནང་། བཀླག་ལུང་། ཆོས་འབྲེལ་ཚུན་འབད་པ་ཆེན་པོས་གསན། དེ་ཡང་ཆོས་དོན་གཉེར་བ་ཁ་ཅིག་གི་ལུགས་ལྟར་བསྟེན་བྱ་སློབ་དཔོན་མཁས་པའི་ཡོན་ཏན་ནམ་གྲུབ་པའི་ཉམས་རྟོགས་མངའ་བའི་གྲགས་པ་ཐོབ་པའམ་སྲིད་ཕྱོགས་ནས་གོ་ས་མཐོན་པོར་བཞུགས་པ་རྣམས་ལ་དེ་ལ་སྐུ་ཡོན་འདི་དང་འདི་ལྟ་བུ་མངའོ་ཞེས་ཟུར་བསྟོད་དང་བཅས་ཏེ་ཀུན་གྱི་མདུན་མངོན་གསལ་དུ་བསྟན་པ་དང་། འཇིག་རྟེན་སྐྱེ་བོའི་ལྟར་སྣང་དུ་ལུགས་གཉིས་གང་ས་ནས་ངན་ངོན་གྱི་ཚུལ་དུ་བཞུགས་པ་ལྟ་བུ་རྣམས་ལ་གཞན་ངོར་མི་མངོན་པའི་ཐབས་སུ་གསང་བའི་སྒོ་ནས་བསྟན་པ་སོགས་མཛེ་ཡིས་ཤི་བའི་སྐྱེ་བ་བདུན་པའི་མཾ་ས་རེ་བས་བསླངས་དགོས་པ་དང་དྭོགས་པས་འཛེམ་དགོས་པ་ལྟ་བུའི་བསྟེན་ཚུལ་དེ་རིགས་མིན་པར། གུས་པ་དང་། ཞེ་ས་དང་། བཀའ་བཞིན་བྱེད་པ་དང་། གསུང་མི་གཅོག་པ་དང་། མཛད་པ་མི་བརྟག་པ་དང་། ངོ་མི་བརྟག་པ་དང་། ཉེས་པར་ལྟ་བ་མེད་པ་ཕྱི་བཞིན་དུ་འབྲངས་པར་བྱའོ་ཞེས་སྟོན་པས་ཇི་སྐད་གསུངས་པའི་དོན་ལས་མི་འདའ་བར་བསྟེན་པ་སོགས་མདོར་ན་གསལ་བཀྲ་ལས་གསུངས་པའི་སློབ་དཔོན་གྱི་རྣམ་པ་དྲུག་གང་དུ་གཏོགས་པ་དེ་དག་ལ་འདུ་ཤེས་བཞི་དང་། ཤེས་བྱ་ལྔ་དང་། དམ་ཚིག་གི་གནས་དྲུག་ལ་སོགས་པ་མདོ་རྒྱུད་ནས་ཇི་སྐད་གསུངས་པ་བཞིན་གྱི་བླང་དོར་གྱི་གནས་ལ་མ་རྨོངས་པའི་ཆ་ནས་མཉེས་པ་གསུམ་གྱི་སྲི་ཞུས་བསྟེན་པར་མཛད་པ་ནི་ཉིད་ཀྱི་གསུང་ལས། རང་ནས་ཀྱང་དངོས་སུ་བླ་མ་རྣམས་ཀྱི་ཐུགས་དང་འགལ་བའི་བྱ་བ་ཕྲ་མོ་ཙམ་ལྟ་ཅི། ཐ་ན་བྱ་བ་དེ་ནི་མ་འོས་སོ་སྙམ་པའི་ཉམས་ཆག་ཀྱང་བསགས་མ་མྱོང་བ་འདི་ངའི་ཡོན་ཏན་གྱི་གཙོ་བོ་ཡིན་ཞེས་གསུངས། དེ་ལྟར་གནས་དུས་སོ་སོར་དགེ་བའི་བཤེས་གཉེན་རྣམས་ལས་གསན་བསམ་མཛད་པའི་སྐབས་བླ་ན་མངོན་པར་མཐོ་བའི་མཚན་སྙན་གྱི་རོལ་མོ་སྐྱེ་རྒུའི་ཐོས་འཛིན་གྱི་བཅུད་དུ་ལོན་པར་འཁྲོལ་བའང་མགོན་པོ་གང་གི་གསུང་ལས་འདི་སྐད་དུ། ཐོགས་མེད་གོམས་པའི་ལས་དང་བག་ཆགས་ཀྱི། །ལུས་འདིའི་དབང་པོའི་དང་པོར་སད་པའི་ཚེ། །རིག་བྱེད་མཁས་པའི་སློབ་དཔོན་སྔགས་འཆང་གིས། །ཉི་མ་རྒྱལ་མཚན་བཏགས་ལ་གསོལ་བ་འདེབས། །ཡབ་རྗེ་ལྷ་རིགས་འཇམ་དཔལ་ནོར་བུ་ལ། །ཌཱ་ཀིས་ཕ་བས་ལྷག་པའི་བུ་འབྱུང་ཞེས། །ལུང་བཞིན་མ་བཙས་གོང་ནས་བཏགས་པའི་མིང་། །ཡེ་ཤེས་རྡོ་རྗེར་གྲགས་ལ་གསོལ་བ་འདེབས། །འཆི་མེད་ཡང་གསང་གོ་དཱ་ཝ་རི་ན། །པདྨའི་རྒྱལ་ཚབ་ནམ་མཁའི་རྣལ་འབྱོར་གྱིས། །འཇིགས་བྲལ་བདེ་ཆེན་རྡོ་རྗེ་དྲག་པོ་ཞེས། །མིང་དབང་ཅོད་པན་བྱིན་ལ་གསོལ་བ་འདེབས། །མཁས་བཙུན་བཟང་པོའི་ཁྱུ་མཆོག་མཁན་ཆེན་རྗེར། །ཐ་སྙད་རིག་ལམ་གནས་ལ་སྦྱངས་པའི་ཚེ། །མཚོ་བྱུང་དགྱེས་པའི་ལང་ཚོ་སྔོན་མེད་ཀྱི། །ཟླ་བ་གསར་པར་བཏགས་ལ་གསོལ་བ་འདེབས། །ཐུགས་རྗེའི་བདག་ཉིད་མཉྫུའི་མཚན་ཅན་ལས། །བདག་རྒྱུད་སོ་ཐར་དགེ་བསྙེན་སྡོམ་ལྡན་དུ། །སྒྲུབ་ཚེ་འགྱུར་མེད་དགེ་ལེགས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བར་གྲགས་ལ་གསོལ་བ་འདེབས། །སེམས་དཔའ་ཆེན་པོ་ངག་དབང་དཔལ་ལྡན་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གོ་བགོས་ཚེ། །རྒྱལ་སྲས་བློ་གྲོས་དྲི་མེད་ཕན་བདེའི་ཟླ། །འོད་ཟེར་དཔལ་འབར་བཏགས་ལ་གསོལ་བ་འདེབས། །དྲིན་ཅན་རིགས་ཀྱི་བདག་པོ་ངེས་དོན་དབང་། །གང་གིས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེར། །བཅུག་ཏེ་ཉེ་བའི་སྲས་སུ་དབང་བསྐུར་ཚེ། །རྡོ་རྗེ་འདུས་རྩལ་གྲགས་ལ་གསོལ་བ་འདེབས། །དྲན་མཆོག་རྒྱལ་པོ་འཁྲུལ་ཞིག་ཆོས་ཀྱི་རྗེས། །མན་ངག་སྙིང་ཐིག་ཡང་གསང་བླ་མེད་ཀྱི། །དར་དུ་བཅུག་ནས་སྙན་བརྒྱུད་གཏད་པའི་ཚེ། །ཡན་པ་བློ་བདེར་བཏགས་ལ་གསོལ་བ་འདེབས། །རིགས་འདུས་པདྨ་ཐོད་ཕྲེང་ཡབ་ཡུམ་གྱིས། །གསང་ཆེན་ལམ་གྱི་ཤིང་རྟར་དབུགས་ཕྱུང་སྟེ། །ལུང་བསྟན་སྨོན་ལམ་དབང་ཆེན་བསྐུར་བའི་མིང་། །འགྲོ་འདུལ་གླིང་པར་བསྔགས་ལ་གསོལ་བ་འདེབས། །ཞེས་སོགས་ཀྱིས་ཇི་ལྟར་མངོན་པར་བསྟོད་པར་མཛད་པའི་ཡུལ་དམ་པ་རྣམས་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པར་གསན་པ་མཐའ་དག་འདིར་སྨོས་ཀྱིས་མི་ལངས་པར་མ་ཟད་ཞིབ་ཅིང་ཕྲ་བ་མགོན་པོ་གང་གིས་གསན་ཡིག་རིན་ཆེན་སྒྲོན་མེ་ལས་ཞལ་གསལ་བས་ན་ཉི་མའི་འོད་ཟེར་གྱི་མདུན་དུ་སྒྲོན་མེ་བཏེགས་པའི་སྤྲོས་པ་སྐྱུང་བར་བྱས་སོ། །

སྒྲུབ་པ་ཉམས་བཞེས་ཀྱི་སྐོར་ཡང་བླ་མ་རྣམས་ནས་ཇི་ལྟར་གསན་པ་རྣམས་གསན་པ་ཙམ་དུ་མ་བཞག་པར་རིགས་བདག་བླ་མའི་བཀའ་བཞིན་གནས་ཆེན་གངས་བྲག་དབེན་གནས་སྒྲུབ་ཕུག་རྣམས་སུ་རྩ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་། སྒྲུབ་སྡེ་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞི་ཡི་གཞུང་བསྲང་ནས་གྲངས་དུས་ཚད་མའི་བསྙེན་པ་དུས་སྐབས་དང་མཐུན་པ་ཉམས་བཞེས་མཛད་པས་དངོས་ཉམས་རྨི་ལམ་གང་རུང་དུ་རང་རང་གི་གཞུང་ལས་ཇི་སྐད་བཤད་པ་བཞིན་གྲུབ་པའི་རྟགས་དང་མཚན་མ་ཐོན། མཆོག་ཐུན་གྱི་དངོས་གྲུབ་ལ་མངའ་དབང་འབྱོར། བུདྡྷ་ཚེ་ཕུག་ཏུ་རྡོ་རྗེ་ཚེ་ཡི་སྒྲུབ་པ་མཛད་པས་མགོན་པོ་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཤིང་ཚེ་ཆང་བདུད་རྩི་ཁོལ། རྟོགས་པ་ཀློང་དུ་གྱུར་པའི་འཕགས་པའི་གང་ཟག་རྣམས་ནི་ཆོག་འཛིན་དངོས་ཞེན་བདུད་ཀྱི་རྗེས་སུ་ནམ་ཡང་འགྲོ་བ་མ་ཡིན་གཤིས་རྒྱུད་ལས་ཇི་སྐད་གསུངས་པ་ལྟར་གྱི་གསང་བ་བཅུ་ཡི་རྒྱ་ལས་ནམ་ཡང་འགོངས་པར་མི་མཛད། མཚོ་སྐྱེས་ཐུགས་ཐིག་དང་གྲོ་ལོད་སོགས་བླ་མ་ཞི་དྲག་སྐོར། རྟ་མགྲིན་དང་ཕུར་པ་སོགས་ཡི་དམ་གྱི་སྐོར། མཁའ་འགྲོ་ཞི་དྲག་གི་སྐོར་སོགས་དགོངས་གཏེར་གྱི་རིགས་སུ་གྱུར་པ་མ་གཏོགས་ས་གཏེར་རྩ་གསུམ་སྒྲུབ་སྐོར་རྒྱས་འབྲིང་བསྡུས་གསུམ་དང་། སྐུ་གསུང་ཐུགས་རྟེན་ལ་སོགས་པ་དང་། དམ་རྫས་མྱང་གྲོལ་ཆེན་མོ་ལ་སོགས་པ་རང་སྐལ་དུ་བཞུགས་པ་མང་ཞིག་ཡོད་ཀྱང་། སྔ་འགྱུར་བཀའ་མ་དང་གཏེར་སྙིང་གི་བསྟན་པ་སྐྱོང་བ་ཁོ་ན་ལ་ཐུགས་ཕྱོགས་ཏེ་རྩོལ་བ་མ་གནང་། དེ་ཡང་ལོ་རྒྱུས་ལུང་གི་བྱང་བུ་ལས། དེ་ཡང་གདོང་དམར་བོད་ཡུལ་མཐའ༔ ཁ་ཁྲ་མོན་གྱི་ས་མཚམས་ནི༔ སྤ་གྲོ་སྟག་ཚང་དཔལ་གྱི་ཕུག༔ སེངྒེ་བསམ་གྲུབ་ཀེའུ་ཚང་དུ༔ ཁྲོ་བས་ཁྲོ་བ་འདུལ་བའི་ཕྱིར༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ དབང་དྲག་འཆོལ་བའི་སྐུར་ལངས་ཏེ༔ མོན་བོད་གངས་ཅན་མཐའ་དབུས་ཀྱི༔ འདྲེ་བགེགས་རྒྱལ་བསེན་དམ་སྲི་བཏུལ༔ དྲེགས་ལྡན་ལྷ་འདྲེ་གཞི་བདག་ཚོགས༔ དབང་སྡུད་སྲོག་སྙིང་དངོས་སུ་བླངས༔ གནས་དང་གཏེར་གྱི་གཉེར་ཁ་གཏད༔ དངོས་ཀྱི་གདུལ་བྱས་སྒོ་ཕྱེས་ཏེ༔ བརྒྱུད་ནས་མ་འོངས་ལས་ཅན་དོན༔ སྨིན་གྲོལ་སྐྱེ་རྫོགས་གདམས་པའི་ཚུལ༔ མང་དུ་བསྟན་ཅིང་སོ་སོར་སྦས༔ དེ་དག་ཀུན་གྱི་སྙིང་པོའི་བཅུད༔ རྩ་གསུམ་ཐུགས་ཀྱི་སྒྲུབ་པའི་སྐོར༔ ཟབ་རྒྱས་ཁ་ཚང་དོན་འདྲིལ་བ༔ འབྲོག་བན་ལོ་ཙཱར་བརྩེ་བས་གདམས༔ རྒྱས་བསྡུས་སྐོར་ཚོ་བཞི་རུ་ཕྱེས༔ རྒྱས་པ་བདེ་གཤེགས་ཡོངས་འདུས་སྐོར༔ སྐུ་ཚབ་ཡིད་བཞིན་དཔལ་འབར་དང་༔ མྱང་གྲོལ་བདེ་ཆེན་རིལ་བུར་བཅས༔ མོན་གྱི་སྟག་ཚང་དཔལ་ཕུག་གི༔ སྒོ་གདོང་སེངྒེ་འདྲ་བའི་མགུལ༔ རྡོ་རྗེའི་ཀེའུ་ཚང་སུལ་དུ་གཏམས༔ འབྲིང་པོ་རིག་འཛིན་ཡོངས་འདུས་སྐོར༔ བོད་ཁམས་བདེ་བའི་མན་ངག་དང་༔ བདག་གི་ཕྱག་མཚན་ཐུགས་རྟེན་བཅས༔ མཆིམས་ཀྱི་གནམ་ལྕགས་འབར་བའི་བྲག༔ མཁར་རྔ་འདྲ་བའི་ལོགས་སུ་སྦས༔ བསྡུས་པ་གསང་བ་ཡོངས་འདུས་སྐོར༔ པདྨ་བཀོད་ཀྱི་ལམ་ཡིག་དང་༔ སྦས་ཡུལ་བདེ་བའི་མན་ངག་བཅས༔ རྒྱ་ལ་དཔལ་གྱི་རི་བོའི་འགྲམ༔ ཕ་ཝང་རྟེན་སྒམ་འདྲ་བར་སྦས༔ ཀུན་གྱི་སྙིང་པོའི་ཞུན་ཐིག་ནི༔ ཡང་གསང་འདུས་པ་རྩ་བའི་སྐོར༔ ཐུགས་ཀྱི་ཐིག་ལེ་དྭངས་མའི་བཅུད༔ ཕྱི་རོལ་གདོས་པོའི་ས་གཏེར་དུ༔ སྦ་ཞིང་འཇོག་པར་བློས་མ་ཐོངས༔ ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔ དགོངས་ཀློང་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་གཟུངས་སུ་གཏམས༔ ཞེས་འབྱུང་བ་བཞིན་ནོ། །

དགུང་ལོ་བཅུ་གསུམ་ཐོག་གུ་རུ་དངོས་སུ་མཇལ་བའི་སྣང་ཉམས་ཤིག་གི་རྗེས་ཐོག་ཏུ་བུ་མོ་འགའ་ཞིག་ནས་ཤོག་སེར་བརྡ་ཡིག་ཅན་གྱི་བྱང་བུ་ཁ་ཤས་ཕྱག་ཏུ་ཕུལ་བ་དང་། དགུང་ལོ་ཉེར་བཞི་སོན་པའི་སྐབས་ནའང་སྤོ་བོ་དགའ་བ་ལུང་གི་རང་བྱུང་རྟ་ཕག་ཡབ་ཡུམ་གྱི་གསང་བའི་གནས་ནས་ཤོག་སེར་མཁའ་འགྲོའི་བརྡ་ཡིག་ཅན་ཞེང་དུ་སོར་གསུམ་དང་རིང་ཐུང་མཐོ་གསུམ་ཙམ་ཡོད་པ་ཞིག་དངོས་སུ་ཕྱག་ཏུ་སོན་ཅིང་། དེ་བཞིན་དུ་དགུང་ལོ་སུམ་ཅུ་པའི་ཐོག་སྤ་གྲོ་སྟག་ཚང་དུ་ཕྲིན་ལས་ལྷ་མཆོག་ཕུར་པའི་བསྙེན་སྒྲུབ་ལ་བརྩོན་ཞིང་བཞུགས་པའི་སྐབས་ན་ཤོག་སེར་ཞིག་ཕྱག་ཏུ་སོན་པ་སོགས་སྔ་ཕྱིར་ཤོག་སེར་ཅི་རིགས་ཕྱག་ཏུ་སོན་ཀྱང་གནས་དུས་གྲོགས་འཁོར་སོགས་ཀྱི་ཕྱི་ནང་གི་རྐྱེན་དུ་མས་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། དགོངས་གཏེར་སྐོར་ནི་དགུང་ལོ་ལྔ་པའི་ཐོག་ནས་དགོངས་གཏེར་བྱུང་བ་ཡིན་ཞེས་བླ་མ་དཀོན་རབ་ནས་གསུངས་ཞེས་ཐོས། དགུང་ལོ་བཅུ་གསུམ་གྱི་ཐོག་ཏུ་ཕེབས་པའི་ཚེ་ན་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་གྲོ་ལོད་ཀྱི་བསྙེན་སྒྲུབ་མཛད་པའི་སྐབས་སུ་རྗེ་ཉིད་ཀྱི་དགོངས་གཏེར་པདྨའི་སྲོག་སྒྲུབ་ཀྱི་སྐྱེད་རྫོགས་སྐོར་དགོངས་པ་ཀློང་བརྡོལ་དུ་ཤར་ཞིང་། ཕྱིས་དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་པའི་སྐབས་ན་གོང་མ་ཁྲག་འཐུང་བདུད་འཇོམས་གླིང་པའི་གྲོ་ལོད་ཀྱི་བསྙེན་སྒྲུབ་མཛད་པའི་ཚེ་བླ་མ་དྲག་པོའི་གསང་སྒྲུབ་པདྨའི་སྲོག་སྒྲུབ་སླར་ཡང་དགོངས་པའི་ཀློང་ལས་ཐོལ་བྱུང་དུ་གསལ་བར་ཤར་བ་བཞིན་གཏན་ལ་འབེབས་པར་མཛད། དེ་བཞིན་ལྷོ་མོན་སྤ་གྲོ་སྟག་ཚང་དུ་ཕུར་སྒྲུབ་མཛད་པའི་སྐབས་ཕུར་པའི་ཆོས་སྐོར་ཇི་ལྟར་བཀའ་བབས་པའི་ཚུལ་ནི་རེག་ཕུང་རྩ་གཞུང་ལས། ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཁྲུམས་སྟོད་ཀྱི་ཉ་བར་མོན་སྤ་གྲོ་སྟག་ཚང་སེང་ཕུག་ཏུ་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས་ཤིག་རྨི་ལམ་དུ་མཚོ་རྒྱལ་ཡིན་སྐད་བུ་མོ་རྒྱན་བཟང་མ་ཞིག་གིས་གནམ་ལྕགས་ཀྱི་ཕུར་པ་མཐོ་གང་ཙམ་པ་ཤིན་ཏུ་སྒྲོས་གཙང་ཞིག་གཏད་ནས། འདི་གུ་རུ་རིན་པོ་ཆེ་གནས་འདིར་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་དུས་སྡེ་བརྒྱད་དམ་ལ་འདོགས་ཤིང་རྒྱལ་བསེན་ཚར་གཅོད་བྱེད་ཀྱི་ཕྱག་མཚན་ངོ་མ་དེ་རེད། ཕྱིས་གུང་ཐང་ལ་ཁར་ཕེབས་སྐྱེལ་གྱི་དུས་སུ་ཁོ་མོར་གནང་བ་ཡིན། ད་ལན་ཁྱེད་ལ་སྦྱིན་པ་ཡིན་གྱི་སྙིང་ནོར་དུ་འཆོང་ཞེས་རུམ་དུ་བཅུག་བྱུང་བ་དགའ་ཆེ་བས་ཕྱག་ནས་བཙན་ཐབས་སུ་འཕྲོག་སྟེ། ཐོག་མར་དབང་བཞི་ལེན་དགོས་སྙམ་སྤྱི་བོ་དང་མགྲིན་པར་གཏུགས་སྙིང་ཁར་རེག་མ་ཐག་ཕྱག་མཚན་ཕུར་པ་དང་རང་ལུས་དབྱེར་མེད་དུ་འདྲེས་ནས་ཁོག་སྟོད་ད་ལྟའི་ལུས་འདི་རང་ལ་ཁོག་སྨད་ལྕགས་ཕུར་མེའི་ཚ་ཚ་འཕྲོ་བར་གྱུར་ཏེ་ངག་ནས་ཀི་ལ་ཡ་སྒྲོགས་པས་ས་ཀུན་གཡོ་བ་སྙམ་བྱེད། དེར་བུ་མོ་དེས་འོ་དབང་དང་བྱིན་རླབས་དངོས་གནས་དེ་རེད། རྒྱུད་ལུང་མན་ངག་གཅིག་སྒྲིལ་གྱི་གཏེར་མཛོད་དེ་ཡིན། འདི་ཡལ་བར་མ་དོར་ལ་དགོས་པ་ཆེན་པོ་ཡོད། སྔོན་དུས་གུ་རུ་རིན་པོ་ཆེའི་དྲུང་ནས་དབང་དང་གདམས་ངག་བཀའ་རྫོགས་ལུང་རྫོགས་སུ་ཞུས་པ་ཨེ་དྲན་ཟེར་ཞིང་ལག་ནས་འཇུས་ཏེ་འཐེན་བྱུང་བས་གཉིད་སད། དེ་འཕྲལ་གྱི་སྔར་གྱི་བག་ཆགས་མང་པོ་འལ་འོལ་དྲན་ཅིང་། ཁྱད་པར་ཕུར་པའི་ཆོས་སྐོར་བཀྲ་ལམ་གྱི་ཡིད་ངོར་གསལ་བ་བྱུང་སྟེ། རིག་པའི་ཀློང་ནས་གང་བརྡོལ་བརྡ་ཐད་ཀར་བསྒྱུར་ན་གཏེར་སྟོན་གོང་མ་གཉིས་ཀྱི་ཆོས་སྐོར་ལས་ཀྱང་རྒྱས་ཤིང་མན་ངག་ཕྲིན་ལས་ལས་ཚོགས་ཀྱི་རིམ་པ་སྔར་མ་གྲགས་པའང་ཇི་སྙེད་ཅིག་སྣང་མོད་ཀྱི། འོན་ཀྱང་དེང་དུས་འདི་རིགས་གསར་དུ་འབེབས་པ་ངལ་བ་དོན་མེད་དུ་མཐོང་ནས་བཏང་སྙོམས་སུ་བཞག །ཕྱིས་རང་ལོ་ཞེ་ལྔ་པ་ས་བྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་ཕྱི་ནང་གི་རྐྱེན་དུ་མས་བསྐུར་ཏེ་རང་སྐལ་ཡལ་བར་མི་དོར་བའི་ས་ཁོངས་འཛིན་ཕྱིར་སྙིང་པོའི་ཞུན་ཐིག་རྩ་ཐོ་ཙམ་གཏན་ལ་ཕབས་པ་སྟེ། ཆོས་བདག་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་གཉེར་ཁ་ཐུབ་པར་མཛོད་ཅིག །ཅེས་གསུངས་པ་ལྟར་དང་། ཆོས་ཀྱི་བདག་པོ་རྣམས་ཀྱང་ལུང་དུ་བསྟན་པ་ནི། ཕུར་པ་སྤུ་གྲི་རེག་ཕུང་གི་རྩ་གཞུང་ཕབས་ཟིན་པའི་རྗེས་ཐོག་ཏུ་འཁྲུལ་སྣང་ལ་གཡུའི་ཁྱི་མོ་ཡིད་དུ་འོང་བ་ཞིག་མདུན་དུ་བྱུང་ནས་དགའ་བའི་ཉམས་ཀྱི་འདི་སྐད་དོ། །དམ་ཅན་ཐམས་ཅད་འདུ་བའི་གནས༔ དམ་མེད་ཤིན་ཏུ་དབེན་པའི་ཚལ༔ དམ་ཚིག་ཅན་གྱི་ཚོགས་ཁང་དུ༔ དམ་པའི་བརྡ་ཚིག་འདི་ལྟར་རོ༔ སྔོན་གྱི་ལས་སྨོན་དུས་སུ་སྨིན་པ་ལས༔ མ་འོངས་འགྲོ་བ་ཀུན་ལ་ཕན་པའི་སྨན༔ གཅིག་སྒྲིལ་མཆོག་གི་གསང་བའི་མཛོད་འདི་ཉིད༔ སློབ་དཔོན་རྣམ་གསུམ་(གུ་རུ་རིན་པོ་ཆེ། བི་མ་མི་ཏྲ། བེེ་རོ་ཙ་ན།) དགོངས་པའི་མཐིལ་ཡང་ཡིན༔ བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་རུ༔ ཐེག་པ་རིམ་པ་དགུ་ཡི་མདོ་ཆིངས་ཀྱི༔ བཅིངས་པ་ཚིག་ཉུང་དོན་རྒྱས་ཡི་གེའི་རིས༔ ཀུན་གསལ་ངོས་ནས་འཇའ་ཚོན་ལྟ་བུར་ཤར༔ ཀུན་བཟང་བརྒྱུད་པ་གསུམ་གྱི་སྙིང་བཅུད་འདི༔ དུས་བབས་མནོག་པའི་ཆོས་སུ་ཤེས་མོད་ཀྱང་༔ ཛྙཱ་ན་བཛྲ་ཀརྨ་མ་ཎི་དང་༔ པུཎྱེ་པདྨ་ཨོོ་ཌིའི་མིང་ལ་གདམས༔ རོང་ཆེན་བཞི་དང་ཤོད་ཆེན་བཞི་ལ་སྤེལ༔ བསྟན་པའི་མེ་རོ་ཅུང་ཟད་སོས་པར་འགྱུར༔ ཁྱད་པར་སྙིང་པོ་དོན་ལ་དགའ་བ་ཡི༔ རང་བྱུང་མཚན་བཟང་ཁྱེའུ་སྤྲེལ་ལོ་པ༔ དེ་ཉིད་ཀུན་བཟང་ཆོས་སྐུའི་ཀློང་དུ་ཐིམ༔ ནམ་མཁའ་ལས་བྱུང་རང་བྱུང་ཆེན་པོ་འོ༔ སྟག་མོ་སྒྲ་ལ་རྔམ་འདྲའི་ཁྱི་མོ་ང་༔ སྔོན་ཚེ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ གུ་རུ་ཆེན་པོའི་བཀའ་བཏགས་རྡོ་རྗེ་བཟུང་༔ ལས་འཕྲོ་ཅན་གྱི་ཕྱོགས་ལ་ཕྲིན་འདི་སྒྲོགས༔ མ་བསླུ་མི་བསླུ་བསླུ་བར་མི་འགྱུར་རོ༔ ས་མ་ཡ༔ ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ། །ཞེས་སོ། །(འདིར་ཞུ་དགོས་པ་ཞིག་ལ། སྐྱབས་རྗེ་མཆོག་ནས་ཕུར་པ་སྤུ་གྲི་རེག་ཕུང་གཏེར་ནས་བཞེས་རྗེས་ལོ་གསུམ་གྱི་བཅད་རྒྱ་དམ་པོ་མཛད་ནས་དབང་དང་པོ་དེ་ལུང་ཟིན་གྱི་སྐྱེས་བུ་བཞི་ལ་གནང་དགོས་པས། དེའི་ནང་དུ་བྱ་བྲལ་སངས་རྒྱས་རྡོ་རྗེ་དང་། གོ་འཇོ་བླ་ཆུང་ཨ་ཕོ་ཤེས་རབ་རྒྱ་མཚོ། ད་ལྟ་མཚན་མ་ངེས་པ་ཇོ་ལགས་ཤིག །ཁོ་བོ་ཁོག་མིང་དུ་བསོད་ནམས་དོན་གྲུབ་བཅས་མི་བཞི་ཡི་སྟེང་དུ་རང་ཉིད་ལོ་ན་ཆེས་ཕྲ་བས་ཁོ་བོའི་སྐྱེད་བྱེད་དམ་པ་ཚེ་དབང་དོན་གྲུབ་ཡོང་ན་ཆོག་པའི་ཞལ་བཞེས་མཛད་པ་ལྟར་མི་ལྔ་ཡོད་པ་ལུང་བསྟན་འདི་ཡིན་ནམ།)

ངོ་མཚར་སྐུ་ཡི་ཡོན་ཏན་ནི། སྤྱིར་འཛམ་གླིང་ལས་ཀྱི་ས་པ་འདིར་སྐྱེས་པའི་མི་ཡི་རིགས་རྣམས་ཕལ་ཆེར་ཡུལ་སོ་སོའི་ཕྱི་ཡི་འབྱུང་ཁམས་ཚ་གྲང་སོགས་རྒྱུ་རྐྱེན་ལ་བརྟེན་པའི་ནང་ལུས་ཀྱི་སྨིན་སོ་བྱད་དབྱིབས་ཁ་དོག་སོགས་སོ་སོའི་རིགས་ཀྱི་སྡེ་ཚན་ཕན་ཚུན་བལྟས་པས་ངོ་འཕྲོད་ཐུབ་པ་འབྱུང་བ་ཡིན་ཏེ། དཔེར་ན་བོད་ཀྱི་མི་རིགས་རྣམས་ལ་བྱད་དབྱིབས་ཕལ་ཆེར་ལེབ་མོའམ་སྒོར་མོ་སྣ་གཟེངས་མཐོ་བ་མ་ཡིན་པ་གཅིག་ལ་གཅིག་འདྲ་བ་ཡོང་བ་བཞིན། རྗེ་ཉིད་ཀྱང་འཁྲུངས་ཡུལ་བོད་དུ་ཡིན་པ་ལྟར་དེ་ལྟར་སྐུ་བརྗིད་བོད་ཀྱི་མི་རིགས་སྤྱི་དང་འདྲ་བ་ལྟ་བུ་མཇལ་དགོས་མོད། འོན་ཏེ་རྗེ་འགྲོ་བའི་མགོན་པོ་འདི་ནི་སྐུ་ཤ་ཤིན་ཏུ་འཇམ་ཞིང་དྭངས་པ། སྤྱན་དཀར་ནག་འབྱེད་ལ་དྭངས་པ། ལྗགས་མཆོག་ཏུ་བདེ་ཞིང་མཉེན་པས་བཀླག་ལུང་སོགས་གནང་བའི་སྐབས་ན་པུ་སྟི་རེ་ཡུད་ཙམ་ན་གྲུབ་པ། དབུ་སྐྲའི་ཁ་དོག་གནག་ཅིང་ཤིན་ཏུ་སྟུག་ལ་ཕན་ཚུན་མ་འཛིང་བ་སོགས་མཚན་དཔེའི་ཡོན་ཏན་མང་པོ་ཀུན་གྱི་མཐོང་ཆོས་སུ་མངའ་ཞིང་། ཁྱད་པར་ཤངས་ཀྱི་གཟེངས་མཐོ་ལ་ཤངས་རྩེ་ཡིད་ཙམ་གུག་པ་དེ་ཡང་། ཨ་ཙརྱ་གཞོན་ཚུལ་དཀར་དམར་མདངས༔ ཞེས་སོགས་གུ་རུའི་བླ་སྒྲུབ་བླ་མ་སྤྲུལ་པའི་སྐུའི་ལུགས་སུ་སྒྲུབ་པའི་སྒྲུབ་ཐབས་རྣམས་ལས་ཇི་སྐད་བསྐྱེད་དགོས་པར་གསུངས་པ་དང་འདྲ་བའི་ཞལ་གྱི་དཀྱིལ་འཁོར་ལས་ཅན་རྣམས་ཀྱིས་ཡིད་ཀྱི་འབད་པ་ཆེན་པོས་བསྐྱེད་མ་དགོས་པ་དངོས་སུ་མཇལ་བ་ཙམ་གྱིས་ཨོ་རྒྱན་དངོས་ཉིད་མཇལ་བ་འདྲ་བ་མཐོང་ན་མི་མཐུན་པ་མེད་པའི་སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་ནི་སྔོན་རྗེ་ཉིད་རིག་སྔགས་འཆང་བའི་ཆ་ལུགས་སུ་བཞུགས་པའི་སྐབས་ན་སྦྲོན་པའི་སྐུ་པར་རྣམས་ལ་མཇལ་བས་ཀྱང་དང་བའི་དད་པ་རང་བཞིན་ཤུགས་ལ་འཆར་ཐུབ་པ་ཡོད་ཅིང་། བཀོད་པ་སྐུ་རྩ་ཁམས་ཅིར་སྣང་ཡེ་ཤེས་ཀྱི་ཁམས་སུ་རྣམ་པར་དག་པས་ཐུན་མོང་སོ་སོར་སྐྱེ་བོའི་སྣང་ངོར་ཡང་མི་ལོའི་བགྲང་བྱ་ལོ་མང་འཚོ་ཞིང་གཞེས་པའི་རིང་ལའང་ལང་ཚོ་རྒུད་པ་མེད་པའི་ཉམས་ཀྱིས་སྒེག་པ། ཐབས་ཤེས་ཉི་ཟླའི་རྒྱུ་བ་འོད་གསལ་ཆོས་སྐུའི་དབྱིངས་སུ་དག་པས་གསུང་གི་གདངས་ལ་འཛེར་བག་སོགས་མེད་ཅིང་ཤིན་ཏུ་གསལ་ལ་ཟབ་ཅིང་སྙན་པ། གཞན་ལ་གསུང་ཞིག་བྱོན་ཡང་། དམུ་རྒོད་སོ་སོའི་སྐྱེ་བོའི་ངག་བརླང་བོར་སྨྲ་བ་མི་གཙང་ལྟ་བུའི་ཚིག་ལས་ལྡོག་པའི་སྙིང་ལ་འབབ་པ་སྦྲང་རྩི་ལྟ་བུའི་ཚིག་དང་། བདེན་པར་སྨྲ་བ་མེ་ཏོག་ལྟ་བུའི་ཚིག་སྟེ་པདྨའི་ལྗགས་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདོམས་པར་མཛད་པའི་རྗེས་སུ་གུས་ཤིང་སྨྲ་བ། སྐྱེ་རྒུ་མཆོག་དམན་སྤྱི་དང་། ཁྱད་པར་སྔོན་ལས་ཀྱི་འཚོ་གོས་གནས་མལ་སོགས་ཀྱིས་ཕོངས་པའི་སྐྱེ་བོ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་བསྡུས་པའི་བསྟོད་དང་དབུགས་དབྱུང་སྤྲོ་བ་བསྐྱེད་པ་སོགས་བསྡུ་བའི་དངོས་པོ་རྣམ་པ་བཞི་ཡི་སྒོ་ནས་རང་རང་གི་རེ་འབྲས་སྐོང་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ནས་བསྐྱེད་བསྲིང་བའི་རྒྱལ་བའི་རིགས་ཀྱི་མྱུ་གུ་ཡོན་ཏན་མངོན་པར་འབར་བའི་སྟོབས་ཀྱིས་འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྟག་ཏུ་མཆོད་པའི་བྱ་བ་ལ་བརྩོན་པ། དེ་ཡང་ཞི་བ་ལྷས། མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་སྨོན་པ་ལྟར་སྐལ་ལྡན་ལས་འཕྲོ་ཅན་རྣམས་ནི་བྱིན་རྒྱུད་རྟོགས་པའི་ཡེ་ཤེས་རྒྱུད་ལ་འཆར་ཞིང་། ཚེ་གཅིག་ལ་མགོན་པོ་གང་གི་རྒྱལ་ས་སྙོགས་པའི་སླད་དུ་ཡིད་ཁྱེད་ཤེས་ཀྱི་དད་པ་ལ་བརྩོན་པར་གྱུར་པའི་ཡེ་ཤེས་སྒྲིབ་བྲལ་ཆེན་མོའི་སྐུ་བརྙན་ནོ། །

རྨད་བྱུང་གསུང་གི་ཡོན་ཏན་ནི་གསུང་ཡི་གེའི་འཁོར་ལོ་སྤྲིན་དུ་ཤར་བ་ན་རྩོམ་པ་པོ་ཕལ་བ་ཞིག་གིས་ཚིགས་སུ་བཅད་པ་ལ་འགྲེལ་མཁས་ཀྱང་ལྷུག་པར་སྨྲ་བ་ལ་སྡུག་པ། ལྷུག་པར་རྩོམ་པ་ལ་མཁས་ཀྱང་ཚིགས་སུ་བཅད་དེ་སྨྲ་བ་ལ་སྡུག་པ། ཚིག་ལ་བྲིམས་ཀྱང་དོན་གྱི་སྙིང་པོ་དབེན་པ་ལ་སོགས་པ་ལྟ་བུ་མིན་པར་མིང་གི་མངོན་བརྗོད་ཀྱིས་སྒོ་ཀུན་ནས་ཕྱུག་ཅིང་། མཁས་རྣམས་ཁོང་ནས་སྤྲོ་བ་བསྐྱེད་པའི་སྙན་ལ་འཇེབས་པའི་སྡེབ་སྦྱོར་ཕུན་སུམ་ཚོགས་པའི་ཚིག་བཅད་ལྷུག་སྤེལ་མ་གང་ཞིག་གསུང་ཡང་ཐོགས་སྡུག་མི་མངའ་བ་རྟོག་གེ་བ་རྣམས་ནས་ནམ་ཡང་འབིགས་པར་མི་ནུས་པའི་ལོ་རྒྱུས་གཏན་ཚིག་གི་ཁུངས་བཙན་པ། མདོར་ན་དོན་བཟང་པོ། ཚིག་འབྲུ་བཟང་པོ། ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་སྟེ་དམ་པའི་ཆོས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པར་ཚང་བ། དེ་བཞིན་དུ་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་སྒྲིག་དང་འབྲེལ་བ། ཆོག་སྒྲིག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་དམ་པའི་མན་ངག་དང་འབྲེལ་བ་སྟེ། འབྲེལ་བ་བཞི་ལྡན་གྱི་ཚུལ་དུ་གང་དགོས་པར་གསུངས་པའི་སྐྱེད་རྫོགས་སྒྲུབ་ཕྲིན་ཆོག་སྒྲིག་སྐོར་གང་ཞིག་མཛད་ཀྱང་ཡེ་ཤེས་པའི་ལྷ་རྣམས་དམ་ཚིག་པའི་རྟེན་དུ་དངོས་སུ་དགུགས་པའི་སྣང་ཉམས་འཆར་ནུས་པའི་གསུང་བེེ་རོ་ཙ་ན་དངོས་བྱོན་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་དང་རྣམ་དབྱེར་མ་མཆིས་པ། དེ་ཡང་དཔལ་སྤྲུལ་ཆོས་ཀྱི་དབང་པོས། ཕན་དང་སྒྲུབ་པ་ལྷུར་ལེན་དམ་པའི་གཞུང་། །སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་ཏེ། །ཕལ་དང་གྲོང་པའི་ཚིག་གིས་ཡང་དག་ལམ། །ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན། །ཞེས་གསུངས་པ་ལྟར་སྙིང་ནས་ཐར་པ་དོན་དུ་གཉེར་བ་ཅན་དག་ལ་ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པ་སོགས་རང་རང་གི་ཁམས་སམ་དབང་པོ་དང་འཚམས་པའི་མན་ངག་མྱོང་ཁྲིད་གང་ཞིག་གནང་ཡང་ཚིག་གི་ན་ཡམ་གྱི་ལོ་མས་དོན་གྱི་རྩ་བ་སྒྲིབ་པ་ལྟ་བུའི་པྲ་ཡལ་བ་མ་ཡིན་སྨན་པ་མཁས་པའི་མེ་བཙའ་གཞན་དུ་འཕྱུག་པ་མེད་པར་གནད་ཐོག་ཏུ་བཏབ་པ་བཞིན་རྒྱུད་ཐོག་ཏུ་འཕྱུག་པ་མེད་པར་བཀལ་ཏེ་སྒོམ་ཆེན་པ་རྣམས་ཤེས་ཉམས་གནད་ཀྱི་ཟུག་རྔུ་ལས་ཅིག་ཅར་གྲོལ་བར་བྱེད་པ་ཀློང་ཆེན་པའི་གསུང་ལྟ་བུ། མགུར་དང་ཚོགས་གླུའི་སྐོར་གང་ཞིག་མཛད་ཀྱང་། གདུལ་བྱའི་རྒྱུད་ལ་ངེས་འབྱུང་གི་བསྐུལ་མ་ཐེབས་པ་དང་། ཚེ་འདི་ཕྱིའི་འཁྲུལ་སྣང་བག་ཆགས་ཐམས་ཅད་རང་འགགས་སུ་འགྲོ་ཞིང་། སྣང་སེམས་ཐམས་ཅད་ལྷ་དང་བླ་མའི་སྣང་བ་འཆར་བ་རིག་འཛིན་འཇིགས་མེད་གླིང་པའི་གསུང་དང་རྣམ་དབྱེར་མ་མཆིས་པའི་ཚུལ་རྡོ་རྗེའི་མགུར་གླུར་མཇལ་བས་རྟོགས་སོ། །དེ་ཡང་རང་རེ་ནང་པ་སངས་རྒྱས་ཀྱི་རྗེས་འཇུག་ཏུ་རློམ་པ་ཀུན་ནས་རང་རང་གི་བློ་དང་འཚམས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རང་རང་གང་ལ་མོས་པ་བཞིན་དུ་དེ་དང་དེ་དག་གི་ཐེག་པ་སོ་སོ་ན་བཞུགས་ཡོད་པའི་དེ་དག་ལ་ཐོས་བསམ་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་ན་ལྟར་སྣང་བརྒྱ་བཤིག་སྟོང་བསྒུལ་གྱི་བསྟན་པའི་སྲི་ཞུ་མ་འགྲུབ་ནའང་དོན་ལ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ནང་འགལ་ཕུང་འཁྲོལ་དུ་མི་འགྱུར་བ་སོགས་ལ་དེ་རང་ཆེ་བ་ཡིན་ཞེས་གསུངས།  དེར་མ་ཟད་འཆོས་སྐྱོབ་གཉིས་ལྡན་གྱི་བསྟན་བཅོས་རྩོམ་པ་ལ་རྩོམ་པ་པོའི་མཚན་ཉིད་གསུམ་ཀ་ཚང་བའི་སྐྱེས་བུ་ཆེན་པོ་དེས་སྔ་འགྱུར་རིང་ལུགས་འཛིན་པ་རྣམས་ལ་སྨན་དུ་རེ་བའི་ཐུགས་བསྐྱེད་རྣམ་པར་དག་པས་འཐོར་བ་བསྡུད་པ། གབ་པ་ཕྱུངས་པ། རྒྱས་དོན་བསྡུ་བ། བསྡུས་དོན་བཀྲལ་བ། འཁྲུག་པ་སྡེབ་པ་བཅས་ཀྱི་སྒོ་ནས་སྔ་འགྱུར་བསྟན་པའི་རྣམ་གཞག་སོགས་བསྟན་བཅོས་གལ་འགངས་ཆེ་བ་སྣ་ཚོགས་པ་བསྡོམས་པོད་ཉི་ཤུ་རྩ་ལྔ་སྐོར་སྔ་འགྱུར་བཀའ་མའི་རྒྱབ་ཆོས་གསར་བསྒྲིགས་དང་བཅས་པ་བསྡོམས་པོད་བཅུ་ཕྲག་ལྔ་ལྷག་ཅིག་བསྟན་པའི་བཙས་སུ་བསྐྲུན། ཕྱི་མཐར་གཟིགས་པའི་གསུང་རྟེན་པུསྟི་ཀ་བརྒྱ་ཕྲག་མང་པོ་རྒྱ་གར་འཕགས་པའི་ཡུལ་དུ་སྤྱན་དྲངས་ནས་སྔ་འགྱུར་བཀའ་མ་རིན་པོ་ཆེ་དེང་སང་དཔེ་རྒྱུན་དང་། དབང་ལུང་གི་རྒྱུན་གཉིས་ཀ་སྲོག་མཐུད་དུ་བྱུང་ངོ་། །

ཐུགས་རྒྱུད་རྣམ་པ་ཀུན་ཏུ་ཞི་བ་དྲི་མེད་ནམ་མཁའི་རང་བཞིན་ལྟར་ཡངས་ཤིང་དུལ་བའི་ཡོན་ཏན་ནི། དགུང་ལོ་གཞོན་པའི་དུས་ནས་ཀྱང་ཐུགས་གཤིས་རང་བཞིན་གྱིས་བཟང་ཞིང་དུལ་བའི་ཕྱི་ནང་སྐུ་འཁོར་ཞལ་སློབ་དང་། རྒན་གཞོན་བར་མའི་སྐྱེ་རྒུ་སུ་འདྲ་ཞིག་ལའང་ཐ་ན་སྤྱན་གྱིས་གཟིགས་ཕྱོགས་དང་གསུང་གིས་བགྲོ་བ་ཚུན་བསྡིགས་པའི་རྣམ་པ་སྐད་ཅིག་ཙམ་ཡང་མི་མཛད་པ་ཙམ་དུ་མ་ཟད། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་བཀུར་བ་ལས་མི་ཆོས་ཀྱི་འཕེར་རྒྱ་དང་། ལྷ་ཆོས་ཀྱི་ཤེས་རྒྱ་ལ་སོགས་པའི་སྒོ་ནས་ཕ་རོལ་རྣམ་པར་གནོན་པའི་གཟི་བྱིན་བསྒྲུབ་པ་ལ་ཀུན་ཏུ་ཆེ་ཐང་མི་བསྐྱེད། རྗེ་ཉིད་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོར་བཞུགས་ཤིང་མཚན་སྙན་གྱི་གྲགས་པ་འཛམ་གླིང་ན་ཁྱབ་པས་ཆོས་ལུགས་ཕྱོགས་རིས་ཅན་ནམ་འདོད་རྔམས་ཅན་རྗེ་འདི་ཉིད་ལ་མ་དད་པས་བླ་དཔོན་མི་དྲག་འགའ་ནས་རང་འདོད་དང་། སྲིད་དོན་ཁོ་ནའི་ཆེད་དུ་རྗེ་ཉིད་བེད་སྤྱོད་གཏོང་བ་སོགས་ཀྱི་སྐབས་སུའང་གཞན་ཕྱོགས་ཀྱི་འདོད་པ་ཉམས་པ་དང་། རང་ཕྱོགས་སྲུང་ཞིང་དཔུང་སྟོབས་བསྐྱེད་པ་ལ་སོགས་པ་གཏན་ནས་མི་མཛད་པ་སྨོས་ཅི། གནོད་ལན་ཕན་པས་འཇལ་བ་ནི། །སྐྱེས་བུ་དམ་པའི་ངང་ཚུལ་ཡིན། །ཅེས་པ་ལྟར་རྟག་ཏུ་རྒྱལ་སྲས་ཞི་བ་ལྷའི་རྣམ་པར་ཐར་པ་ཁོ་ནའི་རྗེས་སུ་བཅོས་མ་མིན་པར་སོང་། ཆོས་ཅན་འཁྲུལ་བའི་རྟོག་ཚོགས་བཟང་ངན་ཐམས་ཅད་ཆོས་ཉིད་ཀ་དག་གི་ཀློང་དུ་དབྱེ་བསལ་མེད་པར་རོ་མཉམ་པའི་གཉུག་མར་གནས་པའམ་གློ་བུར་ལྷག་པའི་སྐྱེ་བོ་བཟང་ངན་སུ་ཞིག་ནས་ཡིན་པ་དང་མ་ཡིན་པ་གང་ཞིག་ཞུས་ཀྱང་དེ་ཁོ་ནའོ། །དེ་དེ་བཞིན་ནོ། །ཤིན་ཏུ་ལེགས་སོ། །ཞེས་ཞུ་བ་པོའི་ཚིག་གི་རྗེས་སུ་བྲག་ཆ་བཞིན་དུ་བཟློ་བ་ཙམ་ལས་གཞན་པས་ངེས་ངེས་ཏིག་ཏིག་གི་རྩིས་བརྡབ་གང་ཡང་མེད། དེ་ཙ་ན་ངེས་པ་དོན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལ་གོ་མྱོང་རྟོགས་གསུམ་ཡོད་པ་རྣམས་ནི་སླར་ཕྱིར་མི་ལྡོག་པའི་དད་པའི་ས་ལ་བཀོད་དོ། །རླབས་ཆེན་ཕྲིན་ལས་དུས་ལས་མི་ཡོལ་བའི་མཛད་པ་ཡང་། སྦས་ཡུལ་རྒྱལ་པོ་པདྨ་བཀོད་དུ་སྦས་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གསར་དུ་བཏབ་སྟེ་དགེ་འདུན་གྱི་སྡེ་བཙུགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་བཞེད་བོད་ལ་མཐའ་དམག་མི་འབྱུང་བའི་སོ་ཁ་སྲུང་བའི་བསྟན་པའི་བཙས་སུ་ཡོངས་སུ་གྲགས་པའི་ཁོངས་སུ་གཏོགས་པ་ཀོང་ཡུལ་བུ་ཆུ་གཏེར་གྱི་ལྷ་ཁང་དང་ཉེ་བ་ན་བདེ་ཆེན་སྟེང་གི་ལྷ་ཁང་ཉམས་གསོ། ཟངས་མདོག་དཔལ་རིའི་ཞིང་བཀོད་རྟེན་དང་བརྟེན་པར་བཅས་པ་དང་། སྔགས་སྡེ་བླ་མ་གླིང་།  སྒྲུབ་སྡེ་རྣམ་གྲོལ་ཆོས་གླིང་སོགས་གསར་དུ་བཙུགས་པ། རྒྱ་གར་གྲོང་ཁྱེར་མཱན་ཌི་དང་ཉེ་བ།  ར་ཧར་སའམ་མཚོ་པདྨ་ན་སྒྲུབ་སྡེ་དང་ལྷ་ཁང་། རྒྱ་གར་ཀ་སྤུངས་ན་ཟངས་མདོག་དཔལ་རིའི་ཞིང་བཀོད། རྡོ་རྗེ་གླིང་དུ་ཚེས་བཅུའི་དུས་མཆོད་ཀྱི་ཚོགས་པ། ཕྱི་གླིང་ཨ་རིའི་ཡུལ་དུ་ཆོས་ཚོགས་ཡེ་ཤེས་སྙིང་པོ་དང་། ཨོ་རྒྱན་ཆོས་རྫོང་། ཧྥ་རན་སེ་ལ་རྡོ་རྗེ་སྙིང་པོ་དང་།  ཨོ་རྒྱན་བསམ་ཡས་ཆོས་གླིང་སོགས་དུས་སྐབས་དང་མཚམས་པར་བསྐྲུན། སྤྱིར་རྗེ་འདི་ཉིད་ནི་སྡོམ་པ་དང་སྡོམ་པ་མིན་པའི་ཀུན་རྟོག་གི་དྲ་བ་ལས་ཡོངས་སུ་འདས་ཀྱང་། གཞན་རྒྱུད་ཀྱི་ཡོན་ཏན་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་ལ་མཁན་པོའི་བདག་རྐྱེན་མཛད་དུ་གཞུག་ནས་ངེས་པ་ལྔ་དང་བྲལ་ཞིང་། འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་དང་མི་ལྡན་པའི་བློ་གསལ་གཞོན་ནུ་མང་པོར་བསྐུལ་མ་གནང་སྟེ་མཁན་ཆེན་ཞི་བ་འཚོའི་སྡོམ་པའི་རྒྱུན་མ་ཉམས་པ་ལས་བསྙེན་པར་རྫོགས་སུ་བཅུག་པ་སོགས་བསྟན་རྩ་དགེ་འདུན་གྱི་སྡེ་ལ་སྨན་པའི་སླད་དུ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་འཕགས་པའི་གང་ཟག་རེ་རེ་ནས་ཡིན་ཀྱང་སྤེལ་གང་ཐུབ་མཛད། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་སྲུང་བ་རྣམས་ལ་དངོས་པོའི་མཐུན་རྐྱེན་སྦྱོར་བ་སོགས་མཛད་པ་དང་། ལྷག་པར་དུ་རིགས་ཀྱི་བདག་པོ་ཕུག་སྤྲུལ་འགྱུར་མེད་ངེས་དོན་དབང་པོའི་ཞལ་ནས། ངས་རིན་ཆེན་གཏེར་མཛོད་ལན་གྲངས་ཚར་ལྔ་བཏོན་པ་ཡིན། ཁྱེད་ནས་ཚར་བཅུ་འདོན་ཡོང་ཞེས་ལུང་བསྟན་པ་བཞིན། ཐོག་མར་དགུང་ལོ་ཤིན་ཏུ་གཞོན་པའི་སྐབས་ན་སངས་རྒྱས་གླིང་པའི་གཏེར་གནས་ཀོང་པོ་བྲག་གསུམ་མཚོ་རྫོང་དུ་གཏེར་མཛོད་དབང་ལུང་གསུངས། དེ་སྐབས་འབྲུག་ལྷ་རིན་ཆེན་སྟེང་ན་སྐུ་ཞབས་སྐལ་བཟང་ལགས་ཞུ་བ་ཡུལ་དེར་མཁྱེན་པ་ཆེ་བར་གྲགས་པ་ཞིག་བཞུགས་པ་ནས་ལོ་ངོ་ཉི་ཤུའང་མ་ལོན་པའི་བྱིས་པ་ཞིག་ནས་གཏེར་མཛོད་འདོན་པ་འདི་ཤིན་ཏུ་མི་རིགས་སོ་སྙམ་སྟེ་སོམ་ཉི་མང་དུ་བྱུང་ནས་སུན་ཕྱུང་བའི་སླད་དུ་ཉམས་སད་པར་བྲག་གསུམ་མཚོ་རྫོང་ཁུལ་དུ་བརྟོལ་ནས་དཔྱད་པས་རྗེ་ཉིད་ནས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཤིན་ཏུ་རྣམ་པར་དག་པའི་སྒོ་ནས་གསུངས་པ་མཇལ་བས་ཤིན་ཏུ་གནོང་ཞིང་འགྱོད་དེ་བཤགས་པ་ཕུལ། རིང་པོར་མ་ལོན་པ་རང་གི་རིགས་སྲས་ཀུན་བཟང་དང་། འགྱུར་མེད་ལགས་གཉིས་འཁྲིད་དེ་རྗེའི་ཞབས་སར་བཅར་ནས་ཕ་བུ་གསུམ་ཀ་རྗེས་སུ་འཛིན་པར་གསོལ་བ་བཏབ་པ་བཞིན་རྗེས་སུ་བཟུང་བས་རིམ་བཞིན་ཐུགས་ཀྱི་སྲས་སུ་གྱུར། ལྷག་པར་སྐུ་ཞབས་འགྱུར་མེད་ལགས་ནི་གཞོན་པའི་དུས་ནས་བཟུང་ཕྱིས་རྗེ་ཉིད་རྒྱ་གར་དུ་ཞལ་བསྒྱུར་ཏེ་ཀ་སྤུངས་སུ་རྒྱུན་གཏན་ལྟ་བུར་བཞུགས་གདན་འཇགས་པའི་བར་དུ་མཉེས་པ་གསུམ་གྱི་སྲི་ཞུ་སྒོ་ཀུན་ནས་བསྒྲུབ་པར་བྱེད་པའི་ཐུགས་སྲས་ཀྱི་དྭངས་མ་ཞིག་ཏུ་གྱུར། ལྷ་ས་དང་། བསམ་ཡས། ཁྲ་འབྲུག་ཅེས་བོད་ཀྱི་ཆོས་འཁོར་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་གཙོས་པའི་གནས་ཆེན་ཁྱད་པར་འཕགས་པ་སོ་སོར་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ལན་གྲངས་བཅུ་ཐམ་པ་གསུངས། པདྨ་གླིང་པའི་ཆོས་སྐོར་བཅུ་གསུམ་ལན་གསུམ། སྐུ་གོང་མ་ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་ཆོས་ཀྱི་དབང་ལུང་ལན་གྲངས་མང་པོ། སྔ་འགྱུར་བཀའ་མའི་དབང་ལུང་ཡོངས་རྫོགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། སྔ་འགྱུར་རྙིང་མའི་རྒྱུད་འབུམ་བཀླག་ལུང་། བཀའ་བརྒྱད་སྒྲུབ་དབང་ཆེན་མོ། ཀར་གླིང་ཞི་ཁྲོའི་རྒྱབ་ཆོས། འཇའ་ཚོན་པོད་དྲུག་གི་གཙོས་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར། གཞན་ཡང་ཡུལ་ཕྱོགས་རིང་པོ་ནས་འོངས་པའི་དོན་གཉེར་ཅན་གྱི་སློབ་བུ་རྣམས་དཀའ་ཚེགས་ཆུང་ཞིང་། འདོད་དོན་བདེ་བླག་ཏུ་སྨིན་པ་སོགས་ཀྱི་རེ་འབྲས་ཡོངས་སུ་གྲུབ་པར་མཛད། གཞན་ལ་ཕན་པའི་ཕྲིན་ལས་གཞན་རྣམས་སྨོས་ཅི། སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱར་བར་གསུངས་པ་ཕྱག་ལེན་དུ་ཡང་དག་པར་ཐེབས་པར་རིན་ཆེན་བཙོ་བཀྲུ་ཆེན་མོ་དང་། ཟླ་ཤེལ་བདུད་རྩི་མ། སྤྲོས་མེད་དཔའ་བོ་གཅིག་སྒྲུབ། སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་སོགས་ནད་བརྒྱ་སྨན་གཅིག་མ་བགྲང་ལས་འདས་པས་གཙོས་སྨན་གྱི་རིགས་སྣ་ཚོགས་པ་གནས་དང་དུས་ཀྱི་རྒྱུ་རྐྱེན་བཟང་པོ་དང་འཚམས་པ་བསྡུ་སྒྲུབ་མཛད་དེ། མཐོང་ཚོར་མྱོང་རེག་གི་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་བསྐྱངས་པ་འདི་གཅིག་པུའི་བཀའ་དྲིན་ཡང་གཞལ་དུ་མེད། གནོད་སྦྱིན་ཙིའུ་དམར་གཙོས་གང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་རྩལ་ཆོས་སྐྱོང་སྲུང་མ་རྣམས་ནས་ཕྲིན་ལས་ཇི་ལྟར་བཅོལ་བ་བཞིན་ཐོགས་པ་མེད་པར་བསྒྲུབས་པ་དང་། གནོད་སྦྱིན་བཤན་པ་དམར་ནག་གྲྭ་གཞོན་སྤྲུལ་ནས་ཇག་པ་བཏུལ་བ་སོགས་སྲུང་སྐྱོབ་མ་གཡེལ་བ་བུ་བཞིན་དུ་སྐྱོང་བའོ། །

སྐུ་ཚེའི་བར་སྨད་མཚམས་ནས་གློ་བའི་སྙུན་གཞི་ཇེ་སྡུག་ལྟ་བུར་སོང་སྟེ་མགུལ་གློ་རྒྱུན་མཐུད་ཁོག་ཅིང་། ལྗགས་དབུགས་མི་བདེ་བ་སོགས་སྙུན་གྱི་རྣམ་པ་ཚབ་ཆེར་བཞེས་པའི་སྐབས་ལ་བྱང་གླིང་ཨ་རིའི་ཡུལ་གྱི་ཞིང་ཆེན་ཁཱ་ལོ་ར་ཌོ་ཟེར་བའི་གྲོང་ཁྱེར་ནང་། སྐུ་འཁོར་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་སྨན་ཁང་དུ་སྨན་པ་མཁས་པའི་སར་བརྟག་དཔྱད་བྱེད་དུ་ཕེབས་སྐབས་སྨན་པས་མི་འདི་ད་ལྟ་བར་དུ་ཅི་འདྲ་བྱས་ནས་འཚོ་ཐུབ་པ་ཡིན་གློ་བ་ཕལ་ཆེར་མེད་པ་ཤར་ཚར་འདུག་ཟེར་ནས་ཧ་ལས། དེའི་རྗེས་སུའང་ཨ་རིའི་ཞིང་ཆེན་གཞན་དང་། བལ་ཡུལ། ཞང་ཀང་། ཧྥ་རན་སི་སོགས་སླར་ཡང་ཕེབས་ཏེ་ལོ་ཤས་རིང་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ནི་དབང་བཅུ་མངའ་བའི་ཡོན་ཏན་སྟོབས་སུ་གྱུར་པ་ཁོ་ནའོ། །མཐར་གནས་མེད་སྤྲུལ་སྐུའི་བླ་མའི་ཡོན་ཏན་གྱིས་གདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་དུས་ལ་བབས་པ་ན། ཐུན་མོང་མ་ཡིན་པ་སངས་རྒྱས་སྤྲུལ་པ་སྐུའི་གཟུགས་རང་ངོས་ནས་འཆི་ལུགས་བཟང་ངན་གྱི་སྤྲོས་པའི་རྣམ་བཞག་ཀུན་ལས་ཡོངས་སུ་འདས་མོད། གདུལ་བྱ་གཞན་རྣམས་བསྟན་པ་ལ་གཟུད་པའི་སླད་དུ་ལམ་ཐགས་ཀྱི་བདེན་དོན་སྟོན་པར་བྱ་བའི་ཕྱིར་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཐུགས་ཆོས་ཟད་བློ་འདས་ཆེན་པོའི་དགོངས་པའི་དབྱིངས་སུ་དེངས་པའི་རྟགས་སུ་ཕྱིའི་སྐུ་གདུང་ཁྲུ་གང་ཙམ་ཞིག་རྗེས་འཇུག་གི་དད་པའི་རྟེན་དུ་བཞག་ནས་བཀའ་དང་བསྟན་བཅོས་རྣམས་ལས་གསུངས་པ་ལྟར། བྲི་གང་བྲལ་བའི་ཉི་མ་གླིང་ཆེན་གཞན་ལ་བསྐོར་བའམ།  ཕྱི་གླིང་པའི་འདོད་ཚུལ་བཞིན་འཛམ་གླིང་ཉི་མའི་དཀྱིལ་འཁོར་ལ་བསྐོར་བར་འདོད་ཀྱང་རུང་སྟེ། གང་ལྟར་གཡོ་བའི་ཆོས་ལས་མ་འདས་པའི་གཤིས་ཀྱིས་ས་སྟེང་གི་ཆུ་སྣོད་བྱེ་བ་བརྒྱ་ཕྲག་མང་པོར་སྣང་བའི་ཉི་མའི་གཟུགས་བརྙན་ལ་འཕེལ་འགྲིབ་སྣང་བ་བཞིན་དུ་རེ་ཞིག་ཞིང་འདིར་སྣང་བའི་གཟུགས་སྐུའི་སྣང་བརྙན་བསྡུས་ཏེ་པདྨ་འོད་ཀྱི་ཕོ་བྲང་ན་རྟག་ཏུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་དུ་འཕེལ་འགྲིབ་བྲལ་བར་བཞུགས་པའི་སྤྲུལ་གཞི་སངས་རྒྱས་པདྨ་འོད་འབར་གྱི་ཐུགས་ཀར་བསྡུས་སོ། །

ཐུགས་སྲས་སློབ་མའི་ཚོགས་ཀྱི་རིགས་འདིར་འབྲི་མ་ལང་བའི་རྒྱུ་མཚན་ནི། དགུང་ལོ་ཆེས་གཞོན་པའི་དུས་ནས་དབང་ལུང་བཀའ་ཆོས་གནང་བ་དབུ་ཚུགས་པ་ནས་བཟུང་སྐུ་ཚེ་མཐར་ཕྱིན་པའི་བར་དུ་བོད་དང་བོད་ཆེན་པོ། འབྲས་ལྗོངས་དང་འབྲུག་ཡུལ། ལ་དྭགས་དང་བལ་ཡུལ། རྒྱ་གར་དང་རྒྱ་ནག །ཡོ་རོབ་དང་ཨ་རི་ལ་སོགས་སུ་ཆོས་ཀྱི་འཁོར་ལོ་གྲངས་ཀྱིས་མི་ཆོད་པ་བསྐོར་བས། གནས་དུས་དེ་དག་གི་སྐབས་སོ་སོར་བརྒྱ་སྟོང་ཁྲི་ཕྲག་མང་པོ་འཛོམས་པའི་དངོས་སློབ་རྣམས་ནི་མི་བརྗེད་པའི་བཟུང་ཐོབ་པའི་སྐྱེས་བུ་འགས་ནི་འབྲི་བར་ནུས་པ་མ་གཏོགས་བརྗེད་ངེས་ཆེ་བའི་མི་ལ་ཡོན་ཏན་མེད། །ཅེས་པ་ལྟར་བདག་ལྟ་བུས་འབྲི་བར་མ་ལངས་པས་མཉམ་པ་ཉིད་དུ་བཞག །གང་ལྟར་ཡང་བླ་ཆེན་གདུགས་ཐོགས་མི་ཆེན་དབང་བཙན་དང་མཁས་པའི་གྲགས་པ་ཐོབ་པ། གྲུབ་པའི་ཉམས་མྱོང་ཡོད་པ་རྣལ་འབྱོར་པ་ཕོ་མོ། དད་དང་མོས་གུས་ཁོ་ནས་གྲོལ་བ་ཐོབ་པ་བགྲང་ལས་འདས་པ་བྱུང་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པའོ།། །།དུམ་བུ་འདི་མགོན་པོ་གང་གི་གདུང་སྲས་ཕྲིན་ལས་ནོར་བུའི་གསུང་ལས་བཏུས་སོ། །

(རྩོམ་ཡིག་འདི་ནི་ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་བརྩམས་པའི་སྔ་འགྱུར་རྙིང་མའི་བྱུང་བ་མདོ་ཙམ་བརྗོད་པ་ཞེས་པའི་དེབ་ལས་ཁོལ་དུ་ཕྱུང་བ་ཡིན།)

47.2K