༄༅། །ཨ་ལགས་ཚེ་ཐར་ཚང་གི་མཛད་རྣམ་རགས་བསྡུས་བཞུགས་སོ། །

ཞོ་ར་བསྟན་དར།

འཇིགས་མེད་ཀ་དག་དག་པ་ཆེན་པོའི་སྐུ། །འོད་གསལ་དྭངས་མའི་མ་བུ་འདྲེས་གྱུར་ནས། །རྡོ་རྗེ་འཆང་དབང་དབང་ཕྱུག་དྲུག་ལྡན་མཆོག །འགྲོ་མགོན་ཁྱབ་བདག་བདག་སྙིང་པདྨོར་རོལ། །དེ་ལ་འདིར་དུས་ཀྱི་མཐའ་ན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་སྤེལ་བ་ལ། ཤིང་རྟའི་སྲོལ་འབྱེད་གསུམ་པ་མཁན་ཆེན་བོ་དྷི་ས་ཏཱ་སླར་ཡང་གདུལ་བྱའི་དཔལ་དུ་བྱོན་པ་ལྟ་བུའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་དག་གི་རྩེ་མོར་གྱུར་པ། རྗེ་འཇིགས་མེད་འོད་གསལ་རྡོ་རྗེའམ་བླ་མ་ཚེ་ཐར་ཚང་ཞེས་མཚན་སྙན་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་འདོགས་པ་གང་ཉིད། བོད་རབ་བྱུང་བཅོ་ལྔ་བའི་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་གྱི(ཕྱི་ལོ་༡༨༨༠)ལོར་ཡུལ་མགོ་ལོག་གསེར་རྟ་ནས་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་མ་ཡུམ་གྱི་ཚེ་འདིའི་འཚོ་བ་མཐའ་ཅན་དུ་གྱུར་བ་ལ་རྐྱེན་བྱས་ཏེ་འཁོར་བའི་ཆོས་ཉིད་ལ་ཡི་ག་གཏིང་ནས་ལོག་ཅིང་། སྲིད་ལས་ངེས་པར་འབྱུང་བའི་བློ་བཅོས་མ་མ་ཡིན་པའི་ཐུགས་རྒྱུད་བསྐུལ་ནས་དགུང་གྲངས་བཅུ་དྲུག་གི་སྟེང་རབ་ཏུ་བྱུང་སྟེ་བླ་བྲང་དགོན་པའི་ཚོགས་གྲལ་དུ་ཞུགས། སུམ་རྟགས་སྒྲ་སྙན་སྐར་རྩིས་ལ་སོགས་པའི་ཐུན་མོང་གི་རིག་གནས་དང་། བསྡུས་གྲྭ་གོང་འོག །བློ་རྟགས། ཕར་ཕྱིན། རྣམ་འགྲེལ་སོགས་ཀྱི་གཞུང་ལ་སྦྱངས་པ་རྣལ་མར་མཛད། དགུང་ལོ་ཉེར་གཅིག་གི་སྟེང་དབུས་ལྷ་ལྡན་དུ་བྱོན་ནས་འབྲས་སྤུངས་དགོན་པའི་ཚོགས་གྲལ་ལ་ཞུགས་ཏེ་མཛོད། འདུལ་བ། དབུ་མ་ལ་སོགས་པའི་གཞུང་པོ་ཏི་ལྔ་ལ་དཔེ་མེད་དཀའ་སྤྱད་ཀྱི་བརྩོན་པ་དྲག་པོས་སྦྱངས་པ་དཔྱིས་ཕྱིན་གནང་། རྗེས་སུ་སྔོན་བྱོན་དམ་པའི་བསྟི་གནས་དབེན་པའི་རི་ཁྲོད་མང་བོར་སྒྲུབ་པ་ཉམས་ལེན་གྱི་མྱོང་བཞེས་ལྷུར་ལེན་མཛད་བཞིན་མདོ་སྨད་རྨ་རྒྱལ་གངས་ཀྱི་རི་བོ་ན་བཞུགས་སྐབས། བྷོ་ཊའི་སྔགས་འཆང་ཡོངས་ཀྱི་འཁོར་བསྒྱུར་ཆེན་པོ། གྲུབ་བརྙེས་རིག་པ་འཛིན་པའི་རྩེ་མོར་སོན་པ་གཏེར་སྟོན་འགྲོ་འདུལ་ལས་རབ་གླིང་བའི་ཞབས་ཟུང་གསེར་གྱི་རེ་ཁཱ་གནས་འདིར་བཀོད་པས། རྗེ་འདི་ཉིད་ཀྱི་དྲུང་དུ་ཕེབས་ཏེ་ཆོས་འབྲེལ་ཞིག་སྩོལ་བར་ཞུས་པ་ན། བླ་མའི་རྣལ་འབྱོར་གྱི་ཟབ་ཁྲིད་ཁྱད་པར་བ་ཞིག་གནང་བས་ཚེ་རབས་བླ་མའི་འབྲེལ་ཤེས་ཀྱི་དང་བ་དྲག་པོས་ཕྱིར་མི་ལྡོག་པའི་དད་པ་རྒྱུད་ལ་འཁྲུངས་ཏེ། སྒོ་གསུམ་མཉེས་པས་ཚུལ་བཞིན་བསྟེན་ནས་སྔ་འགྱུར་སྡེ་གསུམ་རྫོགས་པ་ཆེན་པོའི་རང་ལུགས་ཀྱི་བརྒྱུད་པ་མཐའ་དག་དང་། ཁྱད་པར་དུ་ཞལ་ཤེས་སྙན་བརྒྱུད་ཀྱི་མན་ངག་ཐམས་ཅད་བུམ་པ་ཚད་ལྡན་ནས་ཚད་ལྡན་དུ་བྱོ་བ་བཞིན་ཐུགས་ལ་རྫོགས་པར་བླངས། རང་དོན་དང་ཆོས་བརྒྱད་ཀྱི་རྟོག་པས་མ་ལྷད་པར་ངེས་མེད་དྲང་སྲོང་ཆེན་པོའི་བཞུགས་གནས་དམ་པར་རྒྱལ་བ་གོང་མའི་རྣམ་ཐར་ཚུལ་བཞིན་བསྐྱངས་ཏེ་ཉམས་རྟོགས་ཡོན་ཏན་མཆོག་གི་ཀློང་བརྡོལ། དེ་ནས་ཕྱོགས་མེད་ཡུལ་གྲུ་སོ་སོར་ཞབས་ཀྱིས་བཅགས་ཏེ་དབུགས་ཆེ་ཐོགས་ཆུང་ཐོགས་ཀྱི་སྲོག་ལྡན་སེམས་ཅན་མང་པོ་སྲོག་གི་འཇིགས་པ་ལས་བསྐྱབས་ཏེ་འཆི་བླུ་ཚེ་ཐར་བརྗོད་ཀྱིས་མི་ལང་བའི་དགེ་ཚོགས་རླབས་པོ་ཆེ་མཁའ་དང་དང་མཉམ་པར་མཛད་པས། སྐྱེ་བོ་དག་གིས་ཁོང་གི་མཚན་ལའང་བླ་མ་ཚེ་ཐར་ཚང་ཞེས་དགེ་སྦྱོར་ཆེན་པོའི་འཕྲིན་ལས་ཀྱི་ཕྱག་རྗེས་མཚན་ལ་ཐོགས། ཤིང་གླང་ལོར་དགུང་གྲངས་ཞེ་ལྔ་བཞེས་དུས་རེབ་གོང་ཞོ་འོང་ཞུ་རུ་ཞབས་བཏེགས་ནས་ཡུལ་འདིའི་ཨ་ལོ་སྒང་ཟེར་བའི་རི་ངོས་སུ་གཟིམས་ཆུང་ཞིག་བརྒྱབ་ནས་བཞུགས་ཏེ་ཞོ་འོང་ལ་སྟེང་འོང་གི་སྔགས་མང་ལ་ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་རྒྱ་ཆེར་བསྩལ། རྗེས་ཐོག་ཏུ་སྔགས་མང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཞལ་ཁྲིད་གནང་བར་ཞུས་པས། བླ་མ་མཆོག་གིས། གུ་རུ་ཨྱོན་ཆེན་པོའི་རྗེས་འཇུག་ཏུ་ཁས་འཆེས་ནས་མགོ་ལ་རལ་བ་ལྗིད་ཏིག་གེ་རེ་ཁུར་ནས་མ་རྒན་འབྲི་རྒན་འགའ་རེའི་མཆུ་ཏོ་བསྡམ་བཞིན། མྱོས་བྱེད་ཆང་ལ་བག་མེད་དུ་སྤྱད་ནས་སྤྲེའུ་ཁྲོམ་ན་རྩེན་འདྲའི་ལྟ་སྤྱོད་རེ་སྐྱོངས་བཞིན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསླབ་པ་ཞིག་གླེང་རྒྱུར་ངོ་རེ་མི་གནོང་ངམ་གསུངས་ཏེ་བཀའ་བཀྱོན་ཚད་མེད་གནང་བས། ཞུ་བ་པོའི་སྔགས་འཆང་ཡོངས་ཀྱིས་དུས་དེ་ནས་བཟུང་ཆང་དང་སྲོག་གཅོད་ལ་སོགས་པའི་སྲོལ་ངན་རྒྱུན་འབྱམས་ཀྱི་ལས་རྣམས་གཏན་སྤང་གི་ཁས་བླངས་པས་དམ་པའི་ཆོས་འདིའི་བདུད་རྩིའི་གྲུ་ཆར་ཕབས། དེ་ནས་རིམ་བཞིན་སྨད་པ་དང་། གླིང་རྒྱ། རྒྱལ་བོ། ཉང་། དྲ་དྲོང་། ཆུ་མ་ལ་སོགས་པའི་རེབ་གོང་སྟོད་སྨད་ཐམས་ཅད་། དགུ་རོང་། སྣང་ར། ཚོ་དྲུག །སྐྱ་རྒྱ། དོ་ཀྱ། བྲག་ཁང་སྣ་ཁ། ཁམས་ར། དོ་ཤོ་ལ་སོགས་པའི་གཅན་ཚ་ཉིན་སྲིབ། སྐེ་བ། སྨད་པ། ཧོར་རྒྱ། རྡོ་རིལ་ཚང་ལ་སོགས་པའི་ཁྲི་ཀའི་ཡུམ་ཁམས། མདོར་ན་སྒོ་མེ། རྩེ་ཁོག་ཧོར་གཙང་། གཙོས་ལ་སོགས་པའི་ཡུལ་གྲུ་སོ་སོར་ཞབས་ཟུང་གསེར་གྱི་འཁོར་ལོ་ལེགས་པར་བསྒྱུར་ནས་སྨིན་བྱེད་དབང་བཞིའི་གྲུ་ཆར། གྲོལ་བྱེད་ཁྲིད་ཀྱི་གདམས་པ། བཀླགས་ལུང་བརྒྱུད་པའི་བྱིན་རླབས་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཅིང་། གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་འཕྲིན་ལས་ཀྱང་ཆེ་ཆེར་དར་ནས་ཡུལ་ལུང་ཀུན་ཏུ་རྣམ་དཀར་དགེ་བའི་ལེགས་ཚོགས་མཁའ་དང་མཉམ་པའི་བསྟན་འགྲོར་སྨན་པའི་མཛད་འཕྲིན་བློ་ལས་ཡར་བ་བསྐྱངས། དེ་ལྟར་དམ་པ་ཉིད་ཀྱི་ཞལ་ལས་ཀྱང་། ཁོ་བོའི་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོས་ཐོག་འདི་སྲིན་པོ་རྫ་རྒན་ལ་སྐོར་མཐའ་ཕོག་པ་ནི་ཨ་མྱེས་སྲིན་པོ་ཁོ་དཀར་པོའི་ཆོས་ལ་དགྱེས་པའི་སྡོང་གྲོགས་ཀྱི་འཕྲིན་ལས་ཡིན་གསུངས། ཕྱོགས་གང་དུ་ཕེབས་ནའང་འབུལ་བ་མཎྜལ་གྱི་དངོས་རྫས་ཏིལ་འབྲུ་ཙམ་ཡང་མི་བཞེས་པར་ས་གནས་རང་རང་གི་མཐུན་རྐྱེན་དང་དབུལ་པོའི་དུད་ཚང་སོགས་ལ་གནང་སྦྱིན་གཏོང་བ་ཁོ་ན་མཛད། ཉམ་ཐག་གི་འགྲོ་ལ་བརྩེ་བའི་སྙིང་རྗེ་ཆེན་པོས་བདག་པས་གཞན་གཅེས་ཀྱི་མཛད་པ་ལྷུར་བཞེས་གནང་སྟེ་ནད་པ་སོགས་ཀྱི་བཟོད་དཀའ་བའི་ན་ཟུག་བྱུང་ཚེ་དམ་པ་ཉིད་ཀྱི་སྐུ་ལ་བཞེས་ནས་ཕ་རོལ་སྡུག་བསྔལ་གྱིས་དངོས་སུ་སྟོངས་པ་མང་དུ་བྱུང་། ཉིན་ཞིག་སྨད་པ་ནས་ཞོ་འོང་ལ་ཕེབས་པའི་ལམ་དུ་སྤེན་དཀར་ཐང་གི་མཛེ་ཡིས་བཏབ་པའི་ནད་པ་བརྒྱ་ཕྲག་དུ་མས་རྗེ་འདིའི་སྙན་པ་ཐོས་ཏེ་ལམ་ཁར་མཇལ་དུ་ཕྱིན་པས། ནད་ཀྱིས་བཏབ་པའི་བུ་ལ་ལྷག་པར་བརྩེ་བའི་མ་བཞིན་དུ་ཚད་མེད་སྙིང་རྗེ་ཆེན་པོས་སྦྱན་ཆབ་བསིལ་བཞིན་ནད་པ་རེ་རེའི་མགོ་བོ་ཕྱག་གིས་བསྐྱོར་ཏེ། མཁའ་མཉམ་འགྲོ་བའི་སྡུག་བསྔལ་རྒྱུ་དང་བཅས། །བྲལ་ནས་བདག་གི་རྒྱུད་ལ་སྨིན་པར་ཤོག །བདག་གི་ཕན་བདེ་དགེ་ཚོགས་མ་ལུས་པ། །མ་གྱུར་འགྲོ་བར་ཐོབ་ནས་སངས་རྒྱས་ཤོག །ཅེས་དགེ་སྡིག་གཏོང་ལེན་གྱི་སྨོན་ལམ་དག་པའི་མཚམས་སྦྱར་གནང་། རང་ལ་ཉེ་བར་མཁོ་བའི་ཟས་གོས་ཅུང་ཟད་ལྷག་ན་ཉམ་ཐག་གི་རིགས་ལ་ཕངས་མེད་དུ་གནང་ཞིང་ཐ་ན་དཔེ་བཟང་དཀོན་པོ་ཞིག་འཛོམས་ནའང་ལན་གཅིག་མཇལ་ནས་བདག་འཛིན་གྱི་གཞི་རུ་འགྲོ་བ་ཡིན་གསུང་སྟེ་གཞན་ལ་སྦྱིན་པར་མཛད།

དུས་རྒྱུན་ཀུན་སྤང་བརྟུལ་ཞུགས་ཀྱི་གནས་ཁོ་ན་ལ་རོལ་བས་གཞན་བུ་སློབ་སོགས་ཀྱིས་ཁོང་བཞུགས་སར་མེ་ཏོག་དང་སྔོ་ཚོད་ཀྱི་རིགས་བཏབ་ནའང་། ཆགས་ཞེན་དང་རྟག་འཛིན་རྣམ་རྟོག་གི་རྒྱུར་འགྲོ་གསུང་ནས་ཞབས་ཀྱིས་བརྫིས་ནས་ཤུལ་མེད་དུ་གཏོང་བ་སོགས་གཞན་བློར་ཤོང་དཀའ་བའི་མཛད་པ་བླ་ན་མེད་པ་བསྐྱངས། སྐབས་ཤིག་སེམས་རྒྱུད་ཕྲག་དོག་གདོན་གྱིས་མྱོས་པ་དཀར་པོའི་ལས་མཐའ་མཛད་པ་ཞིག་གིས་ཞོ་ལ་དུག་གི་སྦྱོར་བ་བྱས་ནས་དྲངས་ཏེ་སྐུ་བསྙུང་ཚུལ་བསྟན་པ་ན། རེབ་གོང་ཕུར་ཐོགས་སྔགས་མང་གིས་ཡིད་ལ་བརྣག་དཀའ་བའི་རྣམ་པ་ཆེན་པོས་སྨྲེ་ངག་འདོན་བཞིན་དམོད་ཟོར་གྱིས་བསྒྲལ་ལས་བྱེད་པར་རྩོམ་པ་ན། རྗེ་ཉིད་ཐུགས་ཤིན་ཏུ་མ་དགྱེས་པའི་ངང་ནས། རང་ཅག་ཆོས་པ་ཡིན་པས་དེ་འདྲའི་ལས་བཙོག་པ་བྱེད་ག་ལ་འོས། བསད་པ་གསོ་ནུས་ཀྱི་འདྲེན་སྟོབས་མངའ་བའི་སྐྱེས་བུ་ཡིས་གཞན་དོན་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་སྒྲོལ་བ་མ་གཏོགས། རང་ཅག་གི་ལས་ཕྲན་བུ་ལ་ཞེ་སྡང་མཚན་ཉིད་པས་ཤ་འཁོན་སློག་ན། གཏན་གྱི་འདུན་མ་ཐར་པའི་སྲོག་རྩ་བཅད་པ་ལས་གཞན་མེད་པས། ཕྱིས་ང་བླ་མར་བསྟེན་པའི་བརྒྱུད་འཛིན་སློབ་བུ་ཞིག་ཡིན་ཕྱིན་འདི་འདྲའི་ལས་ངན་གཏན་ནས་བསགས་མི་རུང་། སྤྱིར་སྐབས་འདིར་ཁོའི་འདུན་པ་རྫོགས་པར་བྱ་སྙམ་པའི་བསམ་པ་ཡོད་ཀྱང་། ད་ནི་ཁྱེད་ཅག་གི་རེ་བ་བསྐང་བར་བྱའོ་ཞེས་གསུང་གི་གནང་བ་བསྩལ་བས། རེབ་གོང་སྔགས་མང་ཕུར་ཐོགས་སྟོང་དང་ཕྱོགས་མེད་བུ་སློབ་ཡོངས་ཀྱིས་ཚེ་སྒྲུབ་ཞབས་བརྟན་གྱི་རིམ་པ་རྒྱ་ཆེར་སྤྲོས་ཤིང་། རྗེ་ཉིད་ཀྱིས་ཐུགས་དམིགས་དྲག་པོས་བསྐྱེད་རིམ་རྣལ་འབྱོར་གྱི་རྩལ་སྣང་ལ་བརྟེན་ནས་ཉིན་བདུན་ཙམ་གྱི་རིང་སྦྱར་དུག་གི་ནུས་པ་ལྷག་མེད་དུ་གཞིལ། དེ་ནས་རེབ་གོང་དང་། གཅན་ཚ། བ་ཡན། ཁྲི་ཀ །སྒོ་མེ། རྩེ་གཞུང་། ཧོར་གཙང་། ཐེ་བོ། གཙོས་སོགས་ཡུལ་གྲུ་ཀུན་ལ་ཞབས་སོར་བཀོད་ནས་སྲོག་གཅོད་དང་། ཨ་རག །ཐ་མ་ཁ། དོན་མེད་དམོད་སྔགས་ཀྱི་རིགས་རྣམས་གཏན་སྤང་གི་གནས་ལ་བཀོད་ནས་འཆི་མེད་མཚོ་སྐྱེས་རྒྱལ་བའི་རྗེས་འཇུག་རྣམ་དག་ཏུ་བསྒྲུབས། གཞན་འཇིག་རྟེན་པའི་ལྷ་ལ་གསོལ་ཁ་རྒྱག་པ་དང་། གཤིན་པོའི་འདས་མཆོད་ཀྱི་སྐབས་སུ་ཤ་ཁྲག་གི་གསོལ་སྟོན་དང་ཆོ་ངེ་འདེབས་པའི་སྨྲེང་བརྗོད་ཀྱི་དོད་དུ་མ་ཎི་མགུར་དབྱངས་སོགས་ཀྱི་སྲོལ་བཏོད་ནས་ལུགས་ངན་གྱི་བྱ་བཞག་ཐམས་ཅད་བཅོས་བསྒྱུར་མཛད།

རྗེས་ནས་དགུང་གྲངས་གྱ་དྲུག་བཞེས་དུས་སྐུ་ལ་བསྙུང་བཞེས་ཀྱི་ཚུལ་ཙམ་མཛད་པ་ན་བུ་སློབ་མང་པོས་བརྟན་བཞུགས་ཀྱི་གསོལ་བ་བཏབ་པས། རྗེ་ཉིད་ཀྱིས། སྐྱེ་འཆི་ལ་རང་དབང་དཀའ་བས་ནམ་འཆི་ལ་ངེས་པ་མེད། གང་ལྟར་ང་འདས་པའི་འོག་ཏུ་སྒྱུ་ལུས་ཀྱི་བེམ་པོ་ལ་སྐུ་གདུང་གི་མིང་བཏགས་ནས་མཆོད་ཡུལ་དུ་བཞག་པ་དེའི་ཁྱེད་ཅག་ལ་འབྲས་བུ་ཅི་ཡང་མི་འབྱུང་། གལ་སྲིད་ཁྱེད་ཅག་ལ་དད་པ་ཡོད་ན་ངས་ད་སྔར་བཤད་པའི་རྒྱུ་འབྲས་བླང་དོར་གྱི་མན་ངག་ཟབ་མོ་རྣམས་བློ་ལས་མ་འདོར་བར་ཡིད་ལ་ཟུངས་དང་ཕན་བདེ་འདོད་དགུ་མཐའ་དག་གི་འབྱུང་ཁུངས་དེ་ཉིད་ཡིན་ནོ་གསུངས། ཡང་སློབ་བུ་ཞིག་གིས་སེམས་ཅན་ལ་དད་པ་སྐྱེ་ཆེད་ཐུགས་དམ་ལ་བཞུགས་པར་ཞུ་ཞུས་པས། ཐུགས་དམ་ལ་འདུག་པའི་བློ་གདེངས་མེད་པ་མིན་ཡང་འཇིག་རྟེན་ལྟར་སྣང་གི་མཛེས་ཆོས་ལ་རེ་བ་མེད། འཆི་ལ་ཐུག་ན་ཐུགས་དམ་མི་དགོས། ཚེ་འདིའི་སྙན་གྲགས་ལ་ཞེན་པའི་ཆོས་བརྒྱད་ཀྱི་ཨ་འཐས་དྲག་པོ་ཤི་ནའང་སྤང་འདོད་མེད་པ་བདུད་ཀྱི་གཞན་དབང་དུ་གྱུར་པ་ཁོ་ན་ཡིན་གསུངས་ཏེ། གདུལ་བྱའི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལས་ཐུགས་ཀྱི་སྲས་མཆོག་གཅིག་པུ་རྗེ་ཤེས་རབ་རྒྱལ་མཚན་ལ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རྒྱལ་བསྟན་གྱི་གཉེར་གཏད་ཅིང་དམ་པ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། ཟིལ་གནོན་ཞེས་པ་མེ་རྟ་(སྤྱི་ལོ༡༩༦༦)ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞིའི་ཉིན་བཞུགས་གནས་ཨ་ལོ་སྒང་དུ་གཟུགས་སྐུའི་བཀོད་པ་བསྡུས་ནས་ནུབ་ཕྱོགས་བདེ་ལྡན་ཞིང་དུ་གདུལ་བྱའི་འགྲོ་དོན་གཞན་ལ་དགོངས། དེ་ལྟར་སྐུ་ཚེ་གང་པོར་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་ཟམ་མ་ཆད་པར་བསྐོར་བས་བསྟན་འགྲོར་སྨན་པའི་མཛད་རྗེས་ཀྱི་རི་མོ་བསྲུབ་མེད་དུ་བཀོད་པ་ལགས་ཤིང་། ཐུགས་ལས་འཁྲུངས་པའི་བུ་སློབ་ཀྱང་ཕྱག་ན་པདྨོ་མི་གཟུགས་སུ་བྱོན་པ་རྗེ་བཙུན་ཤེས་རབ་རྒྱལ་མཚན། ཉམས་དང་རྟོགས་པའི་ཐུགས་རྒྱུད་ཕྱུག་པ་གཙོས་དཔལ་སྤྲུལ། མཉམ་ཉིད་ལྟ་བའི་བཙན་ས་ཟིན་པ་གཏེར་རྒན་ཚང་། རིམ་གཉིས་རྟོགས་པའི་རྣལ་འབྱོར་བ་ཆེན་པོ་སྐུ་གཞོགས་ཨ་འདར་ཚང་། དགུ་རོང་སྤྲུལ་སྐུ་གར་དབང་མཁྱེན་བརྩེ་གཡུང་དྲུང་། ཚེ་དང་སྒྲུབ་པ་སྙོམས་པའི་རྫ་ཨ་ཁུ་ཚུལ་ཁྲིམས་འོད་ཟེར། གནས་ལྔ་མཐར་སོན་ཨ་ཁུ་བསོད་ནམས་རྒྱལ་མཚན་སོགས་བསྟན་པ་འཛིན་པའི་སྐྱེས་བུ་བགྲང་ལས་འདས་པ་བྱུང་། དམ་པ་འདིའི་ལྗགས་རྩོམ་གྱི་ཕྱོགས་ལ་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་ག་དང་། སྔོན་འགྲོའི་ས་བཅད་དོན་གསལ་སྣང་བ། ཀུན་བཟང་ཞལ་ལུང་གི་ས་བཅད་མདོར་བསྡུས། སྔོན་འགྲོ་གཏོང་ཚུལ་ནོར་བུ་ཀེ་ཏ་ཀ །འདོན་ཆོག་ཆོས་སྤྱོད་ཀྱི་སྐོར་སོགས་ཚིག་སྙན་ལ་དོན་ཟབ་པ། བརྗོད་འབྲེལ་ཞིང་བབས་བརླིང་བའི་ལེགས་བཤད་རྨད་དུ་བྱུང་བ་ཁོ་ནའོ། །

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K