༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་འཇིགས་མེད་རབ་གསལ་ཟླ་བ་མཆོག་གི་ལོ་རྒྱུས་བསྡུས་པ།

༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་འཇིགས་མེད་རབ་གསལ་ཟླ་བ་ (1910-1991)མཆོག་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི། ཕྱི་ལོ་༡༩༡༠ བོད་ཟླ་བཞི་པའི་ཚེས་༣༠ ཟླ་བ་གྲོ་བཞིན་འགྲུབ་སྦྱོར་ཉིན། མདོ་ཁམས་སྡེ་དགེ་ལྡན་དིལ་མགོའི་ཁྱིམ་དུ་ཡབ་སྡེ་དགེའི་གཉེར་ཆེན་དིལ་མགོ་བཀྲ་ཤིས་ཚེ་རིང་དང༌། ཡུམ་སྡེ་དགེའི་མདུན་སྐོར་དབེན་ཐོག་ལྷ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འཇམ་མགོན་མི་ཕམ་རྒྱ་མཚོས་ཐུགས་བརྩེ་ཆེན་པོས་རྗེས་སུ་བཟུང་སྟེ། ཡུམ་གྱི་ཆབ་ཞོ་ཞལ་དུ་མ་ཕུལ་བའི་གོང་དུ་འཇམ་དབྱངས་དང་དབྱངས་ཅན་མའི་རིལ་བུ་བསྩལ་ནས། ལྗགས་ལ་ཧྲཱིཿདྷཱིའི་རྒྱས་བཏབ། བྱབས་ཁྲུས་དང༌། ཚེ་འགུགས་མཛད་ཅིང༌། རྒྱ་གར་ལུགས་ལྟར་བཙས་སྟོན་ཡིན་གསུངས་ཏེ་བཟང་གོས་རྒྱས་མདོག་ཁ་རྩེ་མོའི་གྲངས་ལྡན་དང་། བུམ་པ་བཅུད་ལྡན་ཆ་བཅས་འབུལ་གནང་མཛད་དེ། མཚན་བཀྲ་ཤིས་དཔལ་འབྱོར་དུ་གསོལ། རྒན་ཀརྨ་ཆོས་འཛིན་དང་ཡབ་ལས་ཡི་གེ་འབྲི་ཀློག་སྦྱངས། འཇམ་དབྱངས་བློ་གཏེར་དབང་པོ་དང་། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་གསུམ་དགོངས་མཐུན་གྱིས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཐུགས་ཀྱི་སྤྲུལ་པར་ངོས་འཛིན་གནང་སྟེ། དགུང་ལོ་བཅུ་དྲུག་སྐབས་ཞེ་ཆེན་རི་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་གསེར་ཁྲིར་མངའ་གསོལ་ཞུས། རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་གཉིས་ཀྱིས་གཙོས་རིས་མེད་བཤེས་གཉེན་བདུན་ཅུ་ལྷག་ཙམ་ལ་མཉེས་པ་གསུམ་གྱིས་བཀུར་ཏེ་སྔ་འགྱུར་ཕ་ཆོས་བཀའ་གཏེར་གྱིས་མཚོན་གསར་རྙིང་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐིལ་ཕྱིན་མཛད། དབེན་པའི་གནས་སུ་ལོ་ངོ་ཉི་ཤུ་རྩ་གཉིས་ལྷག་གི་རིང་གྲུབ་པའི་ཉམས་བཞེས་གནང་། འབྲུག་ཆོས་རྒྱལ་འཇིགས་མེད་སེངྒེ་དབང་ཕྱུག་ཡུམ་སྲས་ཀྱིས་དབུ་བླར་བཀུར། བལ་འབྲུག་སོགས་སུ་བཤད་སྒྲུབ་ཀྱི་བསྟི་གནས་དུ་མ་ཕྱག་བཏབ། རྙིང་མ་རྒྱུད་འབུམ་དང་། མཛོད་ཆེན་རྣམ་ལྔ་སོགས་གསུང་རབ་པོད་སུམ་བརྒྱ་ལྷག་པར་དུ་བསྐྲུན་ཅིང༌། ཕྱི་རབས་གདུལ་བྱའི་བཙས་སུ་ཟབ་མོ་གཏེར་གྱི་ཕྱོགས་དང༌། དག་སྣང་གི་ཆོས་སྡེ། ཐུན་མོང་བཀའ་རྩོམ་བཅས་གླེགས་བམ་ཉི་ཤུ་རྩ་ལྔ་ལས་བརྒལ་བར་བཞུགས། རྒྱལ་དབང་བཅུ་བཞི་པ་ཆེན་པོ། ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང་། སྨིན་གླིང་ཁྲི་ཆེན། ཁམས་སྤྲུལ་དོན་བརྒྱུད་ཉི་མ། གྲུབ་དབང་པདྨ་ནོར་བུ། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་བདུན་པ་སོགས་ཆོས་བརྒྱུད་རིས་མེད་ཀྱི་ཞལ་སློབ་མང་པོར་གསར་རྙིང་གི་ཆོས་སྐོར་དུ་མའི་དབང་ལུང་ཁྲིད་གསུམ་གྱི་ཆོས་སྦྱིན་རྒྱ་ཆེར་སྤེལ། ཕྱི་ལོ་༡༩༨༨ ནས་བཟུང་ལོ་བཞིའི་རིང་རྙིང་མའི་དབུ་འཛིན་གཉིས་པའི་ཐུགས་འགན་བཞེས་ཏེ། རབ་བྱུང་བཅུ་བདུན་པའི་ལྕགས་ལུག ཕྱི་ལོ་༡༩༩༡ བོད་ཟླ་བརྒྱད་པའི་ཚེས་བཅུ་དགུའི་ཉིན་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པ་འབྲུག་གི་རྒྱལ་ས་ཐིམ་ཕུག་ཏུ་སྐུ་ཞི་བར་གཤེགས་སོ།།

47.2K