༄༅། །ཤར་རྫོགས་ཆེན་ཞི་བ་འཚོའི་སྐུ་ཕྲེང་དང་པོ་ཀུན་མཁྱེན་བསྟན་པའི་ཉི་མའི་རྣམ་ཐར་རགས་བསྡུས་བཞུགས་སོ། །

ལྷ་ལྕམ་དཀོན་གྲགས།

བསྟན་འགྲོའི་རྩ་ལག་དམ་པ་ཤར་རྫོགས་ཆེན་ཞི་བ་འཚོའི་མཛད་རྣམ་མདོར་བསྡུས་སུ་འགོད་པ་ལ། འཕགས་ཡུལ་དུ་སྤྱིར་ནང་པའི་གྲུབ་མཐའ་བཞི་ལས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པ་ཆེན་པོ་སློབ་དཔོན་ཞི་བ་འཚོ་ཞེས་ཡོངས་སུ་གྲགས་པ་གང་གི་གསང་བ་གསུམ་གྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་རྩྭ་རྩེའི་ཟིལ་ཐིགས་ཙམ་ཡང་བརྗོད་པར་མི་ནུས་ལ། ཚུར་མཐོང་ཐུན་མོང་དུ་སྣང་བའི་མཛད་རྣམ་དག་ཀྱང་རྒྱ་བོད་ཀྱི་རྣམ་ཐར་ཚད་ལྡན་དུ་མར་མང་དུ་བཞུགས་པས་འདིར་བྲི་བའི་ངལ་བ་མི་དགོས་སོ། །དེ་ནས་རང་ཅག་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དུ་གྱུར་པ་ཤར་ཞི་བ་འཚོའི་སྐྱེས་ཕྲེང་དང་པོ་ཀུན་མཁྱེན་བསྟན་པའི་ཉི་མ་རིན་པོ་ཆེ་ནི། སྔོན་མཁན་ཆེན་བདག་ཉིད་ཆེན་པོའི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སད་པ་ལས། འབལ་སྨད་ཤར་ཚང་ཞེས་ཡུལ་དགེ་མཚན་གྱི་ལེགས་ཚོགས་རྣམ་པར་བཀྲ་བ་རུ། ཡབ་རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་དང་ཡུམ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་མཚན་དཔེའི་གཟི་བྱིན་གྱི་པདྨོ་གསར་དུ་བཞད། དེའི་ཚུལ་ཅུང་ཟད་སྤྲོ་ན། ཡབ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཉིད་ཁམས་ཕྱོགས་སུ་བྱོན་ནས་རྡོ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་ཞབས་ལ་གཏུགས་ཤིང་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ། ཟབ་རྒྱས་ཆོས་ཀྱི་བགོ་སྐལ་དབང་ཁྲིད་རྒྱབ་བརྟེན་ལུང་མན་ངག་དང་བཅས་པ་འདོད་རྒུར་མནོས་པ་ལས། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་པའི་ལས་ལ་གཞོལ་བས་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་དབང་འབྱོར་ཞིང་སློབ་ཚོགས་རྒྱུ་སྐར་ལྟ་བུའི་ཁྲོད་ན་ཟླ་བའི་དཀྱིལ་འཁོར་ལྟར་གསལ་བ་རྡོ་རྗེ་གདུང་ཆེན་འཛིན་པ་བཞིའི་གྲལ་དུ་འཁོད། དེ་ནས་བླ་མས་མདོ་སྨད་རེབ་གོང་ཕྱོགས་སུ་ཕྱིར་བྱོན་ནས་ཀློང་ཆེན་སྙིང་ཐིག་གི་བསྟན་པ་སྤེལ་དགོས་ཤིང་། དེ་ལ་རྟེན་འབྲེལ་གྱི་གནད་ཀྱང་ཤིན་ཏུ་ཆེ་བ་ཞིག་ཡོད་དེ། ཉིད་ཀྱིས་མཚན་ལྡན་ཕྱག་རྒྱ་མ་ཞིག་ལེགས་པར་བསྟེན་ན་མཁན་སློབ་ཆོས་གསུམ་གྱི་རྣམ་པར་སྤྲུལ་བ་རྒྱལ་བསྟན་མཁའ་རུ་འདེགས་པའི་སྐྱེས་ཆེན་དམ་པ་རེ་འབྱོན་པར་འགྱུར་རོ་ཞེས་སྒྲིབ་བྲལ་གསལ་གཟིགས་ཀྱི་ལུང་བསྟན་རྣམ་པར་གསུངས་པ་ནང་བཞིན་མདོ་སྨད་འབལ་གྱི་མཐོན་པོ་བཅུ་གསུམ་གྱི་ནང་ཚན་ཇོ་མོ་ལྷ་ལྕམ་གྱི་མདུན་ལུང་རྫོགས་ཆེན་གུར་གཞིས་སུ་རབ་བྱུང་བཅུ་བཞིའི་ལྕགས་མོ་སྦྲུལ་ཏེ་སྤྱི་ལོ་1821ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། མཚན་ལ་ཀུན་མཁྱེན་བསྟན་པའི་ཉི་མ་ཞེས་གསོལ། རྡོ་གྲུབ་དབང་མཆོག་གིས་ཞི་བ་འཚོའི་རྣམ་སྤྲུལ་དུ་ངོས་འཛིན་གནང་ཞིང་སྔ་འགྱུར་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པར་ལུང་བསྟན་དབུགས་དབྱུང་བསྩལ། དེ་ནས་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི། །བསྟན་པ་མཁའ་ལ་ཉི་མ་ཤར་བ་བཞིན། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་མཛད་པའི། །མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །ཞེས་གསོལ་འདེབས་མཛད། གཞོན་ནུ་ཉིད་ནས་ཡབ་རྫོགས་ཆེན་རིན་པོ་ཆེ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་མཁས་གྲུབ་དུ་མ་རིགས་ཀྱི་བདག་པོར་བསྟེན་ནས་མདོ་རྒྱུད་མན་ངག་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་ཚན་ཚང་ལ་མ་ནོར་བའི་དབང་ཁྲིད་གདམས་པའི་རིམ་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་མནོས་པ་དང་། ཡབ་ཀྱིས་མཛད་པའི་མདོ་རྒྱུད་རིན་པོ་ཆེའི་མཛོད་སོགས་རྫོགས་པར་གསན་ཏེ་ཉམས་སུ་བཞེས་པ་ལས། རྟོགས་པ་ཀློང་དུ་གྱུར་ཅིང་སྒོམ་པ་མངོན་དུ་གྱུར་ནས་མདོ་སྨད་ཀྱི་བསྟན་འགྲོའི་རྩ་ལག་ཆེན་པོར་མངའ་དབང་འབྱོར་ཏེ་ཡབ་རྗེ་བླ་མ་རྫོགས་ཆེན་པའི་རྒྱལ་ཚབ་དང་མདོ་སྨད་རེབ་གོང་ཕྱོགས་ཀྱི་མཁས་གྲུབ་བྱེ་བའི་གཙུག་གི་ཅོད་པན་གཅིག་པུར་གྱུར། གཞན་ཡང་གནས་མཆོག་བྲག་དཀར་སྤྲེལ་རྫོང་སོགས་ངེས་མེད་ཀྱི་རི་ཁྲོད་ཀུན་ཏུའང་ཚིག་དང་གོ་ཡུལ་ཙམ་དུ་མ་སོང་བར་དད་བརྩོན་ཤེས་རབ་ཆེན་པོ་ཉེ་བར་བརྟེན་ཏེ་གདམས་པའི་གནད་ཀུན་གོ་མྱོང་རྟོགས་གསུམ་གྱི་ཀློང་ཆེན་པོར་གྱུར། དེ་ནས་གདུལ་བྱའི་ཁམས་དབང་དང་འཚམ་པར་བློ་སྦྱོང་དང་བསླབ་བྱ། དབང་ཁྲིད་མན་ངག་ངོ་སྤྲོད་བཅས་ཀྱི་སྒོ་ནས་སྐལ་ལྡན་གྱི་སློབ་མ་མང་དུ་བསྐྱངས་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་ཚུལ་ནི། དེ་ཡང་སྔོན་གྱི་ལོ་རྒྱུས་དཔེ་རྙིང་འགར་མཆོག་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་རེ་མཇལ་རྒྱུ་འདུག་པ་འདིར་བཀོད་ན་མཛད་རྣམ་སྙིང་བསྡུས་ཀྱི་སྒོ་ནས་མཚོན་པར་ནུས་པས་དེ་ཉིད་ཆ་ཚང་དུ་འགོད་པ་ལ། དེ་ཡང་ནགས་རྒྱའི་གཅོད་རྒན་རིན་པོ་ཆེ་ཆོས་དབྱིངས་ཡེ་ཤེས་ཀྱི་རྟོགས་བརྗོད་མུ་ཐི་ལ་ཡི་འཕྲེང་བ་ལས། བཅུ་གཉིས་ལོན་པ་ལྕགས་མོ་ཡོས་བུའི་ལོའི། །ཆུ་སྟོད་ཟླ་བའི་ཚེས་བཞིའི་དུས་ཆེན་ཉིན། །ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་རིན་པོ་ཆེའི། །ཐུགས་སྲས་བཛྲ་པྲ་ཛྙཱས་མཁན་པོ་མཛད། །ལྔ་སྡེའི་སྤྱན་སྔར་བསླབ་གཞི་ལྔ་འཛིན་པའི། །དགེ་བསྙེན་བར་མ་རབ་བྱུང་སྡོམ་པ་ཟུང། །བླངས་ཚེ་ཁོང་གི་བླ་མའི་མཚན་གདགས་ཅེས། །རབ་བྱུང་མིང་ལ་ཆོས་དབྱིངས་ཡེ་ཤེས་བཏགས། །ཞེས་དང། སྟོན་དུས་མཁན་ཆེན་ཞི་འཚོ་སྤྲུལ་པའི་སྐུར། །ཞུས་ནས་ཞི་ཁྲོའི་འཕྲད་ཚད་རང་གྲོལ་གྱི། །དབང་ཆེན་སྨིན་གླིང་རྡོར་སེམས་དབང་ལུང་བསྩལ། །རྭ་སྐོར་སེར་མོ་སྤྱི་ཡི་ཚོགས་དབུས་ནས། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡི། །དབང་ཆེན་བསྐུར་ནས་ཆོ་ག་གསར་དུ་བཙུགས། །ཞེས་གསུངས་། དེ་མིན་གནམ་རྫོང་རྫ་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་མཐོང་བ་དོན་ལྡན་ལས། དེ་ནས་མཁན་ཆེན་ཞི་བ་འཚོའི་གྲྭ་པ་བྱས་ནས་རེབ་གོང་ལ་སོང། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས། སྙན་བརྒྱུད་མཁའ་འགྲོའི་བརྡ་དབང་དང། བདེ་མཆོག་ལྷ་བཅུ་གསུམ་མའི་དབང་། འཇམ་དབྱངས་དཀར་པོའི་རྗེས་གནང། བྱང་སྒྲ་མི་སྙན་གྱི་ཚེ་དབང་སོགས་དབང་ལུང་འགའ་ཞིག་དང་། མདོ་རྒྱུད་མཛོད་ཀྱི་སྐབས་བདུན་པ་ཡན་ཆད་ཀྱི་ཁྲིད་ཐོབ་བོ། །ཅེས་དང་། རིག་སྔགས་འཆང་བ་རས་པ་ཀརྨ་རྡོ་རྗེའི་རྣམ་ཐར་པད་དཀར་ཆུན་པོ་ལས། དེ་ནས་དབྱར་ཁ་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་མཁན་ཆེན་ཞི་བ་འཚོ་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ཀྱི་མཆོད་གཞིས་ཤར་སྡེ་བ་རུ་ཕེབས་ནས་བཞུགས་པ་དང་མཇལ། ཁོང་གི་མདུན་ནས་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་འབྲུ་འགྲེལ་གཏེར་ཆེན་བུམ་བཟང་གི་ལུང་ཁྲིད་རྒྱས་པ་དང། རྒྱས་འགྲེལ་ཚངས་ཆེན་བསྐལ་པའི་མཛེས་རྒྱན་གྱི་ནང་ལྟར་རྒྱུད་སྡེ་བཞིའི་བཤད་པ་རྒྱས་པ་དང་། མདོ་སྒྱུ་སེམས་གསུམ། སེམས་ཀློང་མན་ངག་གི་སྡེ་སོགས་ཀྱི་གནད་མང་པོ་ཟླ་བ་ཁ་ཤས་ཀྱི་བར་དུ་གནང་བས། གོ་དོན་དང་ངེས་ཤེས་བསམ་གྱིས་མི་ཁྱབ་པ་བྱུང་། གཞན་ཡང་བཀའ་ཆོས་འགའ་ཞིག་ཞུས་པ་རྣམས་རྗེས་སོར་སྟོན་དགུན། ཀོའུ་སྡེ་སྒར་དུ་གནང་ཆོག་ཁྱོད་ཀྱང་སྔོན་ལ་དེ་རུ་སོང་། རང་ལ་དགོས་པའི་དཔེ་ཆ་རྣམས་སྒྲིགས། རང་གི་འདོད་མོས་ལྟར་གྱི་ཆོས་ཞུ་རྒྱུ་ཡོད་པ་རྣམས་ཀྱང་ཞུས། དེའི་བར་ལ་བདག་ཀྱང་སླེབས་ཡོང་གསུངས་ནས་མཁོ་ཆས་གང་དགོས་རྣམས་གནང་བྱུང་། སྡེ་དེར་བཞུགས་པའི་གྲུབ་དབང་སྤྲུལ་སྐུ་རྒྱ་མཚོ་རིན་པོ་ཆེ་ལ་མཇལ་ནས་ཆོས་འབྲེལ་ཞུས། དེ་ནས་བདག་ཀྱང་ཨ་ལགས་འཇིགས་མེད་རང་གྲོལ་དང་ལྷན་དུ། རྩེ་གཞུང་བརྒྱུད་ནས་རེབ་གོང་སྟོད་ནས་མར་འོང་། དེ་ནས་ཀོའུ་སྡེ་སྒར་རྫོགས་ཆེན་རང་གྲོལ་རྣམ་པར་རྒྱལ་བའི་གླིང་དུ་ཐོན། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་སྤྲུལ་སྐུ་རིན་པོ་ཆེ་ལ་མཇལ། མདུན་ནས་ཟླ་བ་གཅིག་གི་བར་དུ་རྫོགས་ཆེན་སྐུ་གོང་མའི་གསུང་འབུམ་ཕལ་ཆེར་གྱི་ལུང་ཞུས། བཀའ་དྲིན་མཚུངས་མེད་མཁན་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཡང་ཀོའུ་སྡེ་དགོན་ཐོག་ཏུ་ཕེབས་བྱུང་བས། སྐུ་མདུན་དུ་སྔར་ཞུས་ཡོད་པའི་བཀའ་ཆོས་རྣམས་གནང་རྒྱུའི་དབུ་བཙུགས། ཐོག་མར་འཇམ་དབྱངས་དཀར་པོའི་རྗེས་གནང་། ཁམས་རྡོ་གྲུབ་རིན་པོ་ཆེ་ནས་བརྒྱུད་པའི་གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་། དག་སྣང་གི་གཅོད་ཀྱི་ཆོས་སྐོར་ཆ་ཚང་གི་ལུང་སོགས་བཀའ་ཆོས་མང་པོ་ཐོབ། ཁྱད་པར་དུ་བཀའ་བརྒྱུད་ཆོས་ཀྱི་ཡང་སྙིང་སྙན་བརྒྱུད་ནོར་བུ་སྐོར་གསུམ་ལས། ཡབ་བཀའ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་གྱི་སྟ་གོན་དབང་དང་བཅས་པ་སྨིན་རྒྱས་སུ་གནང་། སྙན་བརྒྱུད་ཡུམ་བཀའ་བདག་མེད་ལྷ་མོ་བཅོ་ལྔའི་བྱིན་རླབས་སིནྡྷི་ར་ལ་བརྟེན་པའི་དབང་སྙན་བརྒྱུད་བརྡ་ཡི་དབང་བཞི་སོགས་སྨིན་རྒྱས་སུ་བཀའ་དྲིན་བསྩལ་བྱུང་། ཁོང་གིས་ཞལ་ནས་རྡོ་རྗེ་འཆང་གི་ཐུགས་བཅུད། མི་ལ་ཡབ་སྲས་ཀྱི་ཐུགས་དམ་ཉམས་བཞེས་ཀྱི་གནད་ཟབ་མོ་འདིའི་རྒྱུན་ཙམ་ཡང་མདོ་སྨད་ཀྱི་ཕྱོགས་འདིར་ཤིན་ཏུ་དཀོན་པར་སྣང་། ཁོ་བོའི་སྐྱབས་མགོན་ཞབས་དཀར་རིན་པོ་ཆེའི་མདུན་ནས་ཐོབ། འདི་ཉིད་གདམས་ངག་གཞན་ལས་བྱིན་རླབས་དང་ཟབ་ཁྱད་དུ་མའི་འཕགས་པར་སྣང་བས་ཁྱོད་ཀྱི་སྙིང་ནོར་དུ་ཟུངས་ཤིག་གསུངས། ཉིད་ཀྱི་ཕྱག་དཔེའི་ཁྲོད་ནས་མཉམ་མེད་དྭགས་པོ་ལྷ་རྗེའི་བཀའ་འབུམ་སོགས་བཀའ་བརྒྱུད་ཆོས་ཀྱི་གཞུང་རྣམས་ལ་ལེགས་པར་བལྟས་པས་གྲུབ་ཐོབ་ཉམས་ཀྱི་བརྒྱུད་པའི་སྙིང་བོ་དོན་གྱི་གདམས་པ་ལ་སྔར་ལས་ཀྱང་ངེས་ཤེས་གཏིང་ཚུགས་པ་སྐྱེས་བྱུང་། དེ་ནས་མཁན་ཆེན་མཆོག་གི་དྲུང་ནས་བྱང་སྒྲ་མི་སྙན་གྱི་ལུགས་ཀྱི་ཚེ་དབང་དང་ཚེ་ཁྲིད་ཡོངས་སུ་རྫོགས་པ་ཐོབ། གཏང་རག་ཏུ་ཚོགས་ཀྱི་མཆོད་པ་དང་རང་ལ་འབྱོར་ཚོད་ཀྱི་ཕྱག་རྟེན་སོགས་ཕུལ་ནས་འདི་ཕྱིར་དགེ་བའི་སྐྱབས་འཇུག་ཞུས། དེ་ལྟར་དབང་རྣམས་རྫོགས་པར་གནང་རྗེས་སྔོན་བླ་མས་ལུང་བསྟན་པའི་རི་བོ་བྱ་དཀར་ལ་སྒྲུབ་པ་བྱེད་དུ་སོང་། ས་ཐག་རིང་བས་ལོ་མང་པོར་བླ་མ་དང་མ་མཇལ་བས། སྐབས་དེར་རེབ་གོང་དུ་འགྲོ་མི་ཞིག་ལ། རྩ་བའི་བླ་མ་མཁན་ཆེན་ཞི་བ་འཚོ་རིན་པོ་ཆེའི་ཞབས་དྲུང་དུ་འཚམས་འདྲི་ཞུ་ཤོག་འདི་ཕུལ་ལོ། །མདོ་སྔགས་ཆོས་ཀྱི་གདམས་པའི་མཛོད་འཛིན་ཞིང་། །རྒྱལ་བ་ཀུན་གྱི་རང་གཟུགས་སྤྲུལ་པའི་སྐུ། །བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེའི། །ཞབས་པད་གསེར་གྱི་འཁོར་ལོའི་མཚོན་པའི་དྲུང་། །མགོན་ཁྱོད་རྗེས་བཟུང་སློབ་བུ་ཀརྨ་ངས། །ཐག་རིང་སྡོད་གནས་བྱ་དཀར་དབེན་པ་ནས། །མགོན་ཁྱོད་ཕྱོགས་སུ་ལྷ་ཕྱག་གྲངས་མེད་བཅས། །ལག་གཉིས་ཐལ་མོ་སྦྱར་ནས་འདི་སྐད་ཞུ། །གང་སྐུ་རི་དབང་གཡོ་མེད་བརྟན་ངོས་ནས། །གདུལ་བྱ་གླིང་བཞིའི་རྒྱན་དུ་གཡོ་མེད་དུ། །བཞུགས་པའི་གཏམ་སྙན་བདག་གི་ཐོས་འཛིན་དུ། །སོན་ཚེ་དགའ་ཞིང་སྤྲོ་བའི་གཏེར་ཁ་བརྡོལ། །བདག་ཀྱང་རྗེ་ཉིད་དྲུང་ནས་ཚུར་འོངས་ནས། །བླ་མའི་ལུང་བསྟན་བྱ་དཀར་གནས་མཆོག་ཏུ། །ལོ་ནི་ཁ་ཤས་བར་དུ་གང་ནུས་ཀྱིས། །དགེ་སྦྱོར་བྱེད་རྒྱུའི་བསྐལ་པ་བཟང་བོ་བྱུང་། །བླ་མའི་ཐུགས་རྗེས་བདག་དང་མ་རྒན་གཉིས། །ལུས་སེམས་བདེ་ངོས་རྣམ་དཀར་དགེ་བ་ལ། །བརྩོན་རྒྱུ་བྱུང་འདི་བླ་མའི་བཀའ་དྲིན་དུ། །བསམ་ནས་རྩེ་གཅིག་གསོལ་བ་འདེབས་བཞིན་མཆིས། །ཉིད་སྐུ་གསེར་ཞལ་དཀྱིལ་འཁོར་མཇལ་འདོད་ནི། །སྐོམ་པས་ཆུ་འདོད་ལྟ་བུ་བྱུང་ན་ཡང་། །ས་ནི་ཁ་ཐག་རིང་བས་བར་ཆོད་ནས། །ཡོང་འདུན་ཡོད་ཀྱང་ད་བར་ལུས་པ་བྱུང་། །མགོན་ཁྱོད་སྔོན་དུས་བྷོ་ངྷི་ས་ཏྭ་བཞིན། །བདག་སོགས་གདུལ་བྱ་རྣམས་ཀྱི་གཙུག་རྒྱན་དུ། །བསྐལ་བརྒྱར་ཞབས་པད་བརྟན་པར་བཞུགས་དགོས་ཞེས། །གསོལ་བ་འདེབས་པའི་རེ་འབྲས་མཆིས་པར་མཛོད། །ཕན་བདེའི་འབྱུང་གནས་མདོ་རྒྱུད་བསྟན་པ་མཆོག།།ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་ཕྱིར། །རིས་མེད་འགྲོ་ལ་མདོ་སྔགས་ཟུང་འབྲེལ་གྱི། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏུ་གསོལ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱི་བརྩེ་བས་རྗེས་བཟུང་སྟེ། །རྣམ་དཀར་དགེ་བའི་བྱ་བ་གང་བྱེད་ཀྱང། །གེགས་མེད་མྱུར་དུ་འགྲུབ་པའི་སྐྱབས་འཇུག་ཞུ། །དེ་ལྟར་ཞུ་ཡིག་ལྷ་བྱ་གོང་དཀར་གྱིས། །ལྷ་རྫས་དར་གྱི་གཤོག་རིང་རབ་བརྐྱངས་ཏེ། །ཁྱོད་སྐུ་ས་འཛིན་ལྷུན་པོ་བསྙེག་ཕྱིར་དུ། །གནས་མཆོག་བྱ་དཀར་རྫ་བྲག་མཚམས་ནས་འཕུར། །ཞེས་ཡིག་རྟེན་སྟོང་མིན་ཙམ་དུ་གཡུ་བྱུར་ཁ་ཤས་དང་རབ་དཀར་ལྷ་རྫས་བཅས་ཕུལ་བས། ཕྱིར་ཚེ་རིལ་བྱིན་རྟེན་མང་པོ་དང་གསུང་ཤོག་འདི་སྤྱི་བོར་བསྩལ་བྱུང་། ངོ་མཚར་རིག་པ་གཉུག་མ་ཆོས་ཀྱི་སྐུ། །ངོ་མཚར་རང་མདངས་དངོས་གྲུབ་འདོད་འཇོའི་དཔལ། །ངོ་མཚར་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས། །ངོ་མཚར་མཆོག་ཐུན་དངོས་གྲུབ་བསྩལ་ཏུ་གསོལ། །དེ་ཡང་འདིར་མཁན་ཆེན་ཞི་འཚོའི་སྤྲུལ་མིང་འཛིན་པའི་ཡི་གེ། བླ་མ་དམ་པ་ཀརྨ་མཆོག་གི་སྙན་དྲུང་དུ་འབུལ་འབྲས། དེང་གི་ཆར་སྔོན་བསགས་ལེགས་བྱས་དམ་པའི་རིན་ཆེན་བཟང་བོའི་རྡུལ་མང་འདུས་པའི་དཔལ་ལས་གྲུབ་པའི་གང་སྐུ་གསེར་གྱི་རི་བོ་ལ། ཉེར་འཚེ་འབྱུང་བའི་གནོད་པས་དབེན་ཞིང་ཉམས་ལེན་བཟང་པོ་ལྷོད་པ་མེད་པའི་ལྷུན་ཆགས་པའི་ངོས་ཆོས་བཞིན་སྤྱོད་པའི་མཛད་འཕྲིན་བཟང་པོའི་ངོས་ཡངས་གདུལ་བྱའི་འཆི་མེད་སྐྱེས་བུའི་ཚོགས་རྣམས། རྣམ་དཀར་དགེ་བའི་བདེ་སྐྱིད་དཔལ་ལ་སྤྱོད་བཞིན་བཞུགས་ངོས་ན། འདིར་ཡང་འཕྲིན་ཡིག་དམ་པ་རྟེན་བཅས་འབྱོར་བས་ཡིད་དགའི་དཔལ་དུ་གྱུར། བདག་ཅག་དཔོན་སློབ་དགེ་འདུན་དང་བཅས་པ་རྣམས་ཀྱང་བདེ་ངོས་ནས་བསྟན་པའི་བྱ་བ་མ་ཉམས་གོང་འཕེལ་དུ་རྒྱས་བཞིན་གནས། འཚམས་ཞུ། ཆེད་དུ་ཞུ་འབྲས། དམ་པ་ཉིད་ནས་ནང་རྒྱུད་ཡོ་ག་རིན་པོ་ཆེ་གསུམ་གྱི་ཉམས་ལེན་བརྩོན་ངོས་ནས་བསྟན་འགྲོའི་དོན་ཐུགས་ལ་བཞག་ནས། ཡབ་རྗེ་དམ་པ་རྣམ་གཉིས་ཀྱི་ལེགས་བཤད་སྤྱི་དང། ཁྱད་པར་མདོ་རྒྱུད་རིན་པོ་ཆེ་མཛོད་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཐུགས་ཁུར་ཆེད་བཞེས་དང། བདག་ནས་ཀྱང་ཉིན་རེ་ལ། གསང་འདུས། བདེ་མཆོག་དུས་འཁོར། ཞི་ཁྲོ། རྡོར་སེམས། ཚེ་བསྒྲུབ་བདུད་བཞི་གཡུལ་ལས་རྣམ་རྒྱལ། ཀློང་ཆེན་སྙིང་ཐིག་གི་རྩ་བ་གསུམ་སོགས་ལ་སྙིང་པོ་སྟོང་ཕྲག་རེ་བཟླས་ནས་ལོ་གསུམ་གྱི་ནང་དུ་རེ་རེ་བཞིན་བྱ་བ་རེ་འདོན་རྩིས་བྱས་ནས། ལོ་གཅིག་དང་ཕྱེད་སོང་བའི་རང་གི་བསམ་པ་བཞིན་གེགས་མེད་འགྲུབ་པའི་ཕྱིར་ཉིད་ནས་ཀྱང་ཡི་དམ་ཆོས་སྲུང་ལ་སྐྱབས་འཇུག་གནད་སྨིན་མཛད་པར་ཞུ། སླད་མའི་ཆར་ཡང་། གང་སྐུ་གཡུང་དྲུང་གི་ཁམས་ལྟར་བརྟན་ངོས་ནས་གསུང་འཕྲིན་ཀྱང་དལ་འགྲོའི་རྒྱུན་ལ་འགྲན་པར་འཚལ། རྟེན་ལྷ་རྫས་བཅས་རྫོགས་ཆེན་རང་གྲོལ་རྣམ་པར་རྒྱལ་བའི་གླིང་ནས་ཕུལ། ཞེས་གནང་བ་ལ། སླར་ཡང་སྐྱབས་འཇུག་འཚམས་ཞུས་ཀྱི་ཞུ་ཡིག་འདི་ཕུལ་ལོ། །རབ་འབྱམས་རྒྱལ་ཀུན་འདུས་གཟུགས་སྤྲུལ་བའི་སྐུ། །སྔ་འགྱུར་གསང་ཆེན་བསྟན་པའི་རྒྱལ་མཚན་ཆེ། །མདོ་རྒྱུད་རིན་ཆེན་མཛོད་ཀྱི་མངའ་བདག་མཆོག །སྐྱབས་གཅིག་མཁན་ཆེན་མཆོག་གི་ཞབས་དྲུང་དུ། །མགོན་ཁྱོད་དྲིན་ལས་མདོ་རྒྱུད་བདུད་རྩིའི་རོ། །མྱོང་ལས་བློ་གྲོས་སྤོབས་པའི་ལང་ཚོ་དར། །གང་དེར་དད་པའི་དབྱུག་གིས་བསྣུན་པ་ལས། །ཞུ་ཚིག་ལྷ་ཡི་རྔ་ཆེན་མདུན་སར་བསྒྲགས། །སྲིད་གསུམ་ལས་ཅན་ཅོག་གི་ཐོས་འཛིན་དུ། །སྙན་ཞིང་དོན་ལྡན་རྒྱལ་དབང་པདྨའི་བསྟན། །ཆུ་བོ་བཞི་ཡི་བཀའ་བབ་དབང་གི་རྒྱལ། །ཉིད་ལ་ཟླ་བྲལ་དེང་དུས་ཁྱེད་ལས་སུ། །དཀྱིལ་འཁོར་གཅིག་ཏུ་གདན་བཤམས་གདོང་ལྔའི་ཁྲིར། །ཕྱོགས་བཅུའི་རྒྱལ་ཀུན་འཚོགས་པ་རང་གྲོལ་ནས། །མདོ་རྒྱུད་གསང་ཆེན་བསྟན་པའི་ཆོས་ཀྱི་ལམ། །གསལ་བྱེད་རིགས་ཀྱི་སྲས་པོ་མགོན་ཁྱོད་བསྐྲུན། །ཕྱི་རུ་ཉན་ཐོས་འདུལ་ཁྲིམས་རྒྱན་གྱིས་མཛེས། །ནང་ལྟར་གསང་སྔགས་རིམ་གཉིས་ཉམས་བཞེས་མཛད། །ཡང་གསང་རྫོགས་ཆེན་དོན་ལ་མི་གཡོ་བའི། །རྣམ་ཐར་འདི་བསམ་ལག་པད་སྙིང་ཁར་ཟུམ། །དེ་ཕྱིར་རྨོངས་པའི་བྲན་གྱུར་སྙིགས་དུས་ཀྱི། །གདུལ་དཀའི་འགྲོ་བའི་མགོན་པོ་ཁྱོད་ཉིད་ཀྱིས། །རྒྱལ་བའི་མཛད་པ་མ་ལུས་ཁུར་བསྣམས་པ། །འདི་བསམ་རྒྱལ་སྲས་དཔའ་བོའི་རྣམ་ཐར་ལགས། །མགོན་ཁྱོད་མཁྱེན་རབ་རལ་གྲི་རྣོན་པོ་ཡིས། །མདོ་རྒྱུད་དཀའ་གནད་མཐའ་དྲུག་ཚུལ་བཞི་ཡི། །ཀུ་ཤའི་རྩེ་ལྟར་མ་འདྲེས་འཆད་པ་འདི། །མཁྱེན་རབ་ངྷི་ཡིག་ཞུན་མའི་རང་གཟུགས་ངེས། །དེ་འདྲའི་ངོ་མཚར་ཕུང་པོའི་ཞབས་རྡུལ་ནི། །སྤྱི་བོར་བརྟེན་པའི་སློབ་བུ་ཀརྨ་པ། །བདག་ཡིད་གཙུག་ཕུད་འཛིན་པའི་དགའ་སྟོན་དུ། །མགོན་ཁྱོད་གནས་ཚུལ་རླབས་ཆེན་བཟང་པོ་རྣམས། །འབངས་ངའི་སྤྱི་བོར་བཀའ་དྲིན་དབྱར་རྔའི་སྒྲ། །གནང་སྐྱེས་གློག་ཞགས་སྐྱོང་བཞིན་བསྒྲགས་པའི་ཚེ། །འདི་ན་དགའ་དད་ཟློས་གར་ཅིར་ཡང་བསྒྱུར། །བསྟན་འགྲོར་ཕན་པའི་བློ་མཐུ་ཞན་པ་དང། །རྩེ་གཅིག་སྒོམ་པའི་སྙིང་རུས་མ་མཆིས་ཀྱང་། །ཁྱོད་དྲིན་ཁོ་ནས་ལུས་སྲོག་མཛའ་གཅུགས་ནི། །བེ་ཅོན་འཛིན་པའི་ཕྲ་མས་མ་ཕྱེད་པར། །རང་སེམས་འཆི་མེད་གཉུག་མར་རྩལ་སྦྱོང་བཞིན། །དད་ཅན་དགེ་ལ་བསྐུལ་བཞིན་བདེ་བར་གནས། །ཆེད་གསོལ་བསྟན་དང་འགྲོ་བའི་གཙུག་རྒྱན་མཆོག །བདག་ཅག་བློ་ངོར་རྡོ་རྗེ་སྐུ་འདི་ཉིད། །འཆི་མེད་སྐུ་བརྙེས་པད་འབྱུང་རྣམ་ཐར་བཞིན། །བསྐལ་བརྒྱར་མི་གཡོ་རྡོ་རྗེ་ཁམས་སུ་གསོལ། །པད་འབྱུང་བྷི་མ་བཻ་རོ་ཙ་ན་སོགས། །ལས་འོངས་སྔ་འགྱུར་གསང་ཆེན་བསྟན་པའི་མཆོག །རྒྱུད་རྒྱལ་གནད་དོན་སིནྡྷ་ཝ་རའི་སྒོ། །མཁས་གྲུབ་སྣང་བྱེད་དུ་མས་མ་ཕྱེད་པ། །ཀུན་མཁྱེན་ཀློང་ཆེན་ཡབ་སྲས་མཛེས་སྡུག་གི། །གསུང་ངག་འགྲམ་ཆང་ཟེར་གྱིས་གསལ་བར་ཕྱེ། །པད་འབྱུང་དེང་དུས་བསྟན་པའི་གསལ་བྱེད་དུ། །བྱོན་པ་མགོན་ཁྱོད་ཡབ་ཆེན་རྒྱལ་བོ་དེས། །མདོ་རྒྱུད་རིན་ཆེན་མཛོད་ཀྱི་པདྨའི་ཚལ། །སྐལ་ལྡན་རྐང་དྲུག་གཉེན་དུ་བཞད་པར་མཛད། །དེ་ཕྱིར་མགོན་ཁྱོད་མདོ་རྒྱུད་བསྟན་པ་མཆོག །ལུགས་བཟང་དྲི་མེད་ཡིད་བཞིན་དབང་གི་རྒྱལ། །འཆད་རྩོད་རྩོམ་པའི་རྒྱལ་མཚན་རྩེར་བཀོད་ནས། །སྲིད་རྩེ་བར་དུ་བསྒྲེང་བར་གསོལ་བ་འདེབས། །སྙིགས་མ་ལྔ་བདོའི་དུས་ཀྱི་དམུ་རྒོད་འགྲོ། །མ་རུངས་གདུལ་དཀར་གྱུར་བའི་ངང་ཚུལ་ལ། །སྐྱོ་མེད་རླབས་ཆེན་སྤྱོད་པའི་ཁུར་བསྣམས་ཏེ། །འགྲོ་བའི་དོན་གཉིས་བརྩེ་བས་སྐོང་བར་ཞུ། །མགོན་པོ་ཁྱོད་ཞལ་ཉ་རྒྱས་ཟླ་བ་ནི། །རིང་མིན་མིག་གི་བདུད་རྩིར་མཇལ་བ་དང་། །ཁྱོད་གསུང་ཉིན་མཚན་ཀུན་ཏུ་བསྒྲུབ་པའི་མཐུས། །དམ་པའི་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །བདག་དང་སློབ་འབངས་རྗེས་འཇུག་མ་ལུས་པ། །བདེ་ཆེན་ཐུགས་ནས་ནམ་ཡང་མི་འདོར་ཞིང་། །དེང་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་རྗེས་སུ་འཛིན་པའི་སྐྱབས་འཇུག་ཞུ། །བྱང་ཕྱོགས་དཔའ་རིའི་བྱ་དཀར་དབེན་པ་ནས། །མགོན་ཁྱོད་བཀའ་དྲིན་ལྷག་པར་རྗེས་དྲན་ནས། །ཞུ་ཚིག་དབྱངས་སྙན་ཀུན་བཟང་མཆོད་པའི་སྤྲིན། །མདུན་སར་སྤྲོས་པས་མགོན་ཁྱོད་མཉེས་གྱུར་ཅིག །ཅེས་རབ་དཀར་ལྷ་རྫས་བཅས་སྒོ་གསུམ་གུས་པས་ཕུལ། ཞེས་གསུངས་སོ། །དེ་ལྟར་མཁན་ཆེན་མཆོག་གིས་སྐུ་ཚེ་གང་བོར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་རྨང་ནས་གསོས་ཤིང་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་གྲུ་ཆར་གང་འདོད་དུ་བསྩལ་ནས་ཐུགས་རྗེའི་འོད་སྣང་དཀར་པོས་རེབ་གོང་སྟོད་སྨད་བར་གསུམ། མང་འབལ་རྩེ་གསུམ་སོགས་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་མཛད་པས། སྐལ་ལྡན་གྱི་སློབ་མ་མཁས་པ་རྫོང་སྔོན་གྲུབ་དབང་། རྫོགས་ཆེན་སྐུ་ཕྲེང་གཉིས་པ་བསྟན་པའི་རྒྱལ་མཚན། ནགས་རྒྱའི་གཅོད་རྒན་ཆོས་དབྱིངས་ཡེ་ཤེས། རིག་སྔགས་འཆང་བ་དཔའ་རིས་པ་རས་པ་ཀརྨ་རྡོ་རྗེ། གནམ་རྫོང་རྫ་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ། རིག་འཛིན་འོད་གསལ་རྡོ་རྗེའམ་བླ་མ་དཔལ་ལྡན་ཚང་། ཨ་ལགས་ཤར་འཇིགས་མེད་རང་གྲོལ་སོགས་གསུང་ལས་སྐྱེས་པའི་དམ་པ་མང་དུ་བྱུང་། གསུང་རྩོམ་ཡང་མང་དུ་བརྩམས་གནང་མཛད་པར་གྲགས་ཀྱང་ད་ལྟ་ང་ཚོའི་མཐོང་ལམ་ན་མེད་པ་ནི་ཤིན་ཏུ་བློ་ཕམ་ཞིང་ཕངས་སེམས་སྐྱེ་འོས་པ་ཞིག་རེད། ཡབ་རྗེ་རྫོགས་ཆེན་པའི་གདན་ས་ཀོའུ་སྡེ་དགོན་རྫོགས་ཆེན་རང་གྲོལ་རྣམ་པར་རྒྱལ་བའི་གླིང་དང་མཆོད་གཞིས་ཤར་ཚང་ལ་བདག་སྐྱོང་བླ་མེད་གནང་མཐར་ཐུགས་དམ་ཉམས་བཞེས་ཀྱིས་དུས་འདའ་བཞིན་རབ་བྱུང་བཅོ་ལྔ་བའི་ལྕགས་ཡོས་སྤྱི་ལོ་1891ལོར་འབལ་གྱི་མཐོན་པོ་བཅུ་གསུམ་གྱི་ནང་ཚན་ལཱ་མོའི་བླ་རི་ཁེ་རབ་དཔག་ཆེན་མཐོན་པོའི་ལྷ་ཞོལ་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K