༄༅། །རྣམ་ཐར་གསོལ་འདེབས་སྐལ་ལྡན་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

༄༅། །ཨེ་མ་གདོད་ནས་སེམས་ཉིད་བདེ་གཤེགས་སྙིང་པོའི་ངང་། །འགྲོ་ཁམས་གཞི་དབྱིངས་ཀློང་དུ་རོ་གཅིག་ཕྱིར། །དག་དང་མ་དག་ཆོས་ཉིད་ཡེ་ཤེས་རྩལ། །སྒྱུ་འཕྲུལ་མ་ངེས་སྣ་ཚོགས་རོལ་པ་ཀུན། །སྲིད་ཞིའི་དམིགས་མཐའ་བྲལ་བར་གསོལ་བ་འདེབས། །རྒྱུ་རྐྱེན་རྟེན་འབྲེལ་སྣང་ཆའི་སྲིད་བཟུང་ཡང་། །ངོ་མཚར་རྟགས་མཚན་དང་བཅས་རྒྱ་གསང་གྲོལ། །སྔོན་སྦྱངས་ལས་འཕྲོའི་སྐལ་བ་དགེ་མཚན་གྱིས། །བྱིས་པའི་རོལ་རྩེད་སྒྱུ་མའི་གར་མཛད་པ། །འཇམ་དབྱངས་བཀྲ་ཤིས་མཆོག་དེར་གསོལ་བ་འདེབས། །དངོས་ཉམས་རྨི་ལམ་རྗེས་དྲན་དག་སྣང་ཤར། །བླ་མས་རྗེས་བཟུང་ངེས་གསང་ཐེག་པའི་བཅུད། །སྨིན་གྲོལ་གདམས་ཟབ་བདུད་རྩིའི་སྐལ་བ་ཐོབ། །བགྲང་བྱ་བདུན་ནས་རབ་བྱུང་ངུར་སྨྲིག་འཆང་། །འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས། །སྔོན་བསགས་ལས་རྐྱེན་ལྡོག་མེད་མཐུས་ནོན་ཏེ། །སྤྲུལ་སྐུའི་རྫུར་ཞུགས་གཤིན་གསོན་དཀོར་ལ་འབགས། །ཆོས་གཟུགས་ལྟར་སྣང་མཐུན་འཇུག་གཞན་དབང་ལ། །སྐྱོ་སུན་ངེས་པར་འབྱུང་བའི་བློ་གྲོས་ཀྱིས། །འདི་སྣང་མངོན་ཞེན་སྤངས་དེར་གསོལ་བ་འདེབས། །རྒྱ་བོད་གྲུབ་ཐོབ་རྣམ་ཐར་དྲན་པའི་མོད། །མི་ཕྱེད་དད་པས་སྔོན་གོམས་བག་ཆགས་སད། །རྨི་ལམ་ཞལ་མཐོང་བརྡའ་གྲོལ་ལུང་ཐོབ་ཀྱང་། །མཁྱེན་གཟིགས་སྐྱེ་འཕགས་དམ་པ་མཆོག་རྣམས་ཀྱིས། །དབུགས་དབྱུང་ལུང་བསྟན་ཐོབ་དེར་གསོལ་བ་འདེབས། །ཆགས་སྡང་ཡུལ་རྐྱེན་མཐའ་དག་རྒྱབ་ཏུ་བོར། །སྐྱིད་སྡུག་རོ་སྙོམས་དཀའ་བ་དང་དུ་བླངས། །རྐྱེན་སྣང་བཟང་ངན་ལས་ཀྱི་གྲོགས་དང་འགྲོགས། །རྒྱུ་འབྲས་ཡིད་ཆེས་དད་པས་རྒྱུད་བསྐུལ་བཞིན། །བཤུལ་རིང་ཁམས་ཡུལ་བགྲོད་དེར་གསོལ་བ་འདེབས། །རྫོགས་ཆེན་ཡང་དབེན་སྒྲུབ་སྡེ་པདྨའི་ཐང་། །རིགས་བདག་ཞལ་མཇལ་རྗེས་འཛིན་ཚར་གཅོད་མཛད། །དབང་ཁྲིད་གདམས་ཟབ་ཐུགས་བཅུད་རྫོགས་པར་གནང་། །ཞལ་བཀོད་འབྱུང་འགྱུར་ལུང་བསྟན་དབུགས་དབྱུང་བསྩལ། །སྣ་ཚོགས་རང་ངོར་གྲོལ་ལ་གསོལ་བ་འདེབས། །སྔོན་ནས་འབྲེལ་ཟབ་ཚ་རོང་རྒྱལ་ཁམས་སུ། །གནས་ཆེན་ཀེའུ་ཚང་བཻ་རོའི་གུར་ཕུག་སོགས། །སྒྲུབ་གནས་དབེན་རི་ནགས་ཁྲོད་ཉམས་དགའ་བར། །དྲན་ཤེས་ཡེངས་མེད་སེམས་རྒྱུད་ཆོས་ལ་བསྐུལ། །སྤང་བླང་མ་ནོར་ཚོགས་སྦྱོར་ལམ་དུ་སློང་། །བྱ་བྲལ་རས་པ་གང་དེར་གསོལ་བ་འདེབས། །ཡེ་ཤེས་ཌཱཀྐིའི་སྒྱུ་འཕྲུལ་མི་མོའི་ཚུལ། །རྣལ་འབྱོར་ས་ལམ་སྦྱངས་བསྒྲོད་གྲོགས་དང་མཇལ། །ཐབས་ལམ་བདེ་ཆེན་མཆོག་གི་ཡེ་ཤེས་བརྙེས། །གྲོལ་ལམ་འོད་གསལ་ཟུང་འཇུག་མངོན་བྱང་ཆུབ། །བརྟུལ་ཞུགས་རྣལ་འབྱོར་མཆོག་དེར་གསོལ་བ་འདེབས། །རུ་དམ་རིགས་ལྔ་ཌཱཀྐིའི་གསང་ཕུག་ཏུ། །མཁའ་འགྲོས་བརྡའ་བཀྲོལ་གཏེར་གྱི་ཁ་བྱང་ཐོབ། །རྒྱ་གསང་གྲོལ་བའི་དུས་རྟགས་མངོན་གྱུར་ཚེ། །པདྨའི་ཐུགས་བཅུད་དགོངས་པའི་གཏེར་མཛོད་བརྡོལ། །རྡོ་རྗེ་བདུད་འཇོམས་རྩལ་ལ་གསོལ་བ་འདེབས། །སླར་ཡང་རིགས་འདུས་བླ་མའི་དངོས་ཞལ་མཇལ། །ཐུགས་བརྩེས་རྗེས་བཟུང་ཉམས་རྟོགས་མཆོད་པས་མཉེས། །ཚེ་རབས་ལས་འབྲེལ་ཟབ་ཕྱིར་ལུང་བསྟན་དང་། །ཞལ་གདམས་འདས་རྗེས་ཐུགས་ཡིད་གཅིག་ཏུ་འདྲེས། །བདེ་ཆེན་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །བཀའ་ལུང་མདོ་སྨད་རྟེན་འབྲེལ་རང་འགྲིགས་སུ། །གྱུར་པའི་གནས་མཆོག་པདྨའི་གསང་ཕུག་ཏུ། །སྒྲུབ་བརྒྱུད་སྲོལ་བཟུང་དངོས་གྲུབ་འབྱུང་བའི་ལྟས། །ལྷ་འདྲེའི་རྐྱེན་འཚུབ་མི་ཁའི་སྒྲོ་སྐུར་སོགས། །རྐྱེན་སྣང་ལམ་དུ་སློང་དེར་གསོལ་བ་འདེབས། །རིང་མིན་ཐུགས་སྨོན་རིན་ཆེན་གཏེར་མཛོད་ལས། །རྟེན་གསུམ་བཞེངས་དང་སྒྲུབ་པའི་སྡེ་གྲྭ་བཙུགས། །གང་འཚམས་རྒྱུད་འཛིན་སློབ་བུའི་འདུ་བ་རྒྱས། །ས་སྤྱོད་ཌཱཀྐིའི་གསང་ཕུག་གནས་ཞལ་ཕྱེ། །པདྨའི་གདུང་འཚོབ་མཆོག་ལ་གསོལ་བ་འདེབས། །དེང་ནས་བཟུང་སྟེ་ཚེ་རབས་ཀུན་ཏུ་ཡང་། །མགོན་ཁྱོད་གསང་གསུམ་རྣམ་པར་ཐར་པ་ལ། །སྒོ་གསུམ་གུས་པས་ཚོགས་གཉིས་ལྷུན་རྫོགས་པས། །སྐུ་གསུམ་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་སློབ་བུའི་ཚོགས་ཀྱིས་རྣ་བ་ལ་དལ་ཁོམ་མེད་པར་བསྐུལ་བའི་ངོ་མ་ལྡོག་ཙམ་དུ་གཏེར་མིང་འཛིན་པ་བདུད་འཇོམས་རྡོ་རྗེ་རོལ་པ་རྩལ་གྱིས་ངག་ནས་གང་བྱུང་གྱ་ཚོམ་དུ་སྨྲས་པའོ། །དགེའོ། །དགེའོ། །དགེའོ། །

རྩོམ་སྒྲིག་པ། གསང་སྔགས་ཐེག་མཆོག་རྡོ་རྗེ།

47.2K