༄༅། །སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་དབང་ལུང་ཁྲིད་གསུམ་ཇི་ལྟར་ཐོབ་པའི་དྲིས་ལན་ལྷའི་རྔ་བོ་ཆེ་ཞེས་བྱ་བ་བཞུགས་སོ། །

རིག་འཛིན་དཔལ་ལྡན་བཀྲ་ཤིས། (༡༦༨༨–༡༧༤༢)

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཤིང་ཁམས་མགྱོགས་འགྲོའི་ལོ་ལ་བོད་ཡུལ་དབུས། །འགྲོ་མགོན་ཞིང་གི་གདན་ས་གུང་ཐང་དུ། །ཟུར་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་སྐུ། །ངག་དབང་བླ་མ་ཀུན་དགའི་དཔལ་འཛིན་ཞིང་། །བསོད་ནམས་ཡེ་ཤེས་འབྲས་བཟང་ཡོངས་སྨིན་པར། །ལེགས་པར་གཏུགས་ནས་ཐུགས་སྒྲུབ་རྣམ་གསུམ་དང་། །བླ་མ་གསང་འདུས་བཀའ་བརྒྱད་བདེ་འདུས་དང་། །རྟ་མཆོག་པདྨ་དབང་ཆེན་དམར་ནག་གཉིས། །འཇིག་རྟེན་དབང་ཕྱུག་ཕྱག་རྡོར་མེ་ཕྲེང་སོགས། །བཀའ་གཏེར་ཟབ་ཆོས་དཔག་ཏུ་མེད་པ་ཡི། །སྨིན་བྱེད་དབང་དང་རྒྱབ་རྟེན་ལུང་ལ་སོགས། །གདམས་པའི་བཅུད་ཀྱིས་སྙིང་གི་ཟ་མ་ཏོག །ཡོངས་སུ་གཏམས་པས་ཐོག་མའི་རྟེན་འབྲེལ་འགྲིགས། །དེ་ནས་གོས་འཛིན་ལོ་ལ་གཡོ་རུའི་ཆ། །སྐལ་བཟང་སྨིན་ཅིང་གྲོལ་བའི་གླིང་མཆོག་ཏུ། །རྒྱལ་བའི་རྒྱལ་སྲས་པདྨའི་རྒྱལ་ཚབ་རྗེ། །བཀའ་གསང་འགྱུར་མེད་ཆོས་ཚུལ་རྒྱ་མཚོའི་མཛོད། །འཛིན་མཁས་དབང་ཆེན་སྤྲུལ་བ་གང་དེའི་དྲུང་། །ལེགས་པར་མཇལ་ནས་བླ་མ་ཞི་དྲག་དང་། །རྡོར་སེམས་གཤིན་རྗེ་དྲེགས་པ་འཇོམས་བྱེད་དང་། །ལས་ཀྱི་གཤིན་རྗེ་སྔགས་ཀྱི་སྲུང་མ་དང་། །བཀའ་སྲུང་སྐུ་ལྔ་དམ་ཅན་སྐྱེས་བུ་དང་། །སྨན་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་སོགས། །གང་འདོད་ཆོས་ཀྱི་དབང་ལུང་ཕྱག་ཁྲིད་བཅས། །ཡོངས་སུ་ཞུས་པའི་ཆོས་མཇུག་དབང་ཆེན་གྱི། །དབང་ལུང་བཅས་ཏེ་གསེར་འཕྱང་ལོ་ལ་རྫོགས། །ཁྱད་པར་ཡི་དམ་དབང་བསྐུར་(གར་དབང་དང་འཇམ་དཔལ་ཁྲོས་པ)གཉིས་ཀྱི་སྐབས། །ཡེ་ཤེས་ཕེབས་པའི་མཚན་མ་མངོན་སུམ་རྙེད། །གནས་དེར་རྒྱལ་སྲས་འགྱུར་མེད་ཡིད་བཞིན་གཏེར། །དགེ་ལེགས་མཆོག་ཐུན་དངོས་གྲུབ་སྩོལ་མཁས་པར། །འགྲོ་འདུལ་སྤྱན་རས་གཟིགས་དང་རྟ་མཆོག་དཔལ། །སྐྱེར་སྒང་ལུགས་ཀྱི་དབང་སོགས་ཆོས་འབྲེལ་ཐོབ། །གོང་སྨོས་ལོ་དེར་ཐུབ་བསྟན་རྡོ་རྗེ་བྲག །གུ་རུ་པདྨའི་ཨེ་ཝཾ་ལྕོག་སྒར་དུ། །བློ་བཟང་རྒྱལ་བའི་དབུ་ཡི་མཆོད་གནས་ཆེ། །སྣ་ནམ་ཟློས་གར་པདྨའི་གདུང་འཚོབ་རྗེ། །འགྲོ་འདུལ་འཕྲིན་ལས་མི་ཟད་གང་དེའི་དྲུང་། །བླ་མའི་དྲིན་གྱིས་མཇལ་ནས་ཟབ་མོའི་ཆོས། །གསོལ་འདེབས་ལེའུ་བདུན་བསམ་པ་ལྷུན་འགྲུབ་མ། །ཁ་སྐོང་རྟེན་བསྐྱེད་བརྒྱུད་འདེབས་ཞར་བྱུང་དུ། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་ཡི། །གསོལ་འདེབས་དང་བཅས་བླ་མ་རང་ཉིད་ལ། །བརྟེན་པའི་རྣལ་འབྱོར་རྣམ་ཐར་གསོལ་འདེབས་ཀྱི། །ལྗགས་ལུང་བསྩལ་པར་རབ་དགའ་ཐོབ་ཙམ་གྱི། །དགའ་སྤྲོའི་ཀློང་བརྡོལ་རྒྱ་མཚོའི་ཕ་མཐའ་བསྙེགས། །གཞན་ཡང་གནས་དེར་པདྨ་ཀཱ་ར་ཡི། །བརྒྱུད་འཛིན་ཐེག་པ་མཆོག་གི་རྣལ་འབྱོར་པ། །གསང་སྔགས་བསྟན་པའི་རྒྱལ་མཚན་གང་དེའི་དྲུང་། །མཇལ་བའི་མོད་ལ་དགྱེས་པའི་མདངས་ཕྱུང་སྟེ། །རྡོ་རྗེ་བྲག་རྩལ་རིག་འཛིན་གདུང་སྒྲུབ་དང་། །ཐུགས་རྗེ་ཆེན་པོ་སོགས་ཀྱི་བཀའ་ལུང་རྣམས། །བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་གནང་། །གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་ལོར། །སྨོན་ལམ་ལོག་པར་བཏབ་པའི་བདུད་རྒྱལ་གྱིས། །དམག་གི་དཔུང་བསྡུས་བོད་ཡུལ་དབུས་སུ་ལྷགས། །སངས་རྒྱས་བསྟན་པ་ཕལ་ཆེར་ཉམས་པའི་ཚེ། །བླ་མ་ལྷ་དང་མོ་མའི་ལུང་བསྟན་བཞིན།  །དབུས་ནས་མ་བསྡད་ཁམས་ཀྱི་ཕྱོགས་སུ་ཐེག  །ས་ཁྱིའི་ལོ་ལ་ནག་ཤོད་ཡུལ་གྱི་ཆ། །གནས་ཆེན་ཁམས་ཀྱི་སྲིན་མོ་རྫོང་དུ་སླེབས། །སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོར། །གསང་བདག་གཉིས་པ་ཨོ་རྒྱན་པདྨའི་སྲས། །རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་མཁས་པའི། །གྲགས་པའི་བ་དན་ཕྱོགས་སུ་གཡོ་བ་དེར། །རིག་འཛིན་ཆེན་པོའི་དག་སྣང་མགུར་འབུམ་དང་། །བླ་མ་ཞི་དྲག་ཚེ་ཡི་སྒྲུབ་པ་དང་། །བདེ་མཆོག་འཁོར་ལོ་ཟབ་ཏིག་སྐོར་ལྔ་ཡི། །དབང་ལུང་ཕལ་ཆེར་ནོད་པའི་སྐལ་བཟང་རྙེད། །གཞན་ཡང་སྒྱུར་བྱེད་ལོ་ལ་གནས་མཆོག་དེར། །གྲུབ་ཐོབ་དབང་ཕྱུག་ཐུགས་རྗེའི་བདག་ཉིད་ཅན། །སྨྲ་བསམ་བརྗོད་བྲལ་དོན་གྱི་རྣལ་འབྱོར་པ། །གཏན་བདེའི་དངོས་གྲུབ་མཆོག་སྩོལ་གང་གི་དྲུང་། །སྔོན་ནས་མཇལ་བའི་རྟེན་འབྲེལ་བཟང་པོའི་མཐུ། །ཡོངས་སུ་སྨིན་པའི་སྟོབས་ཀྱི་ཟབ་གཏེར་གྱི། །གདམས་པའི་ཉིང་ཁུ་ནོར་བདག་ཛམ་ལྷ་དང་། །དྲེགས་པ་ཟིལ་གནོན་སྔགས་ཀྱི་བདག་མོ་དང་། །ཟབ་ལམ་བདེ་འདུས་ཛམ་དཀར་རྡོ་རྗེ་སེམས། །བདུད་རྩི་ཐིགས་པ་སོགས་ཀྱི་དབང་ལུང་དང་། །རྫོགས་པ་ཆེན་པོའི་ཉམས་ཁྲིད་བཅས་ཏེ་བསྩལ། །དེ་ཡང་ཐོག་མའི་རྟེན་འབྲེལ་བསམ་ཡས་ཀྱི། །མཆིམས་ཕུའི་གནས་དེར་ལྷ་ཆེན་དབང་ཕྱུག་དང་། །མཁའ་འགྲོ་བདུད་འདུལ་མ་ཡི་དབང་ལུང་སོགས། །མ་བསྒྲིགས་རྟེན་འབྲེལ་ལྷུན་གྱིས་གྲུབ་པའོ། །སྒྱུར་བྱེད་དང་ནི་ལྕགས་ཁམས་བྱི་བའི་ལོར། །སྦས་པའི་ལུང་ཕྲན་ནག་ཤོད་འཛིན་མའི་གཞིར། །རིག་འཛིན་ཆེན་པོའི་ཧོར་གྱི་མཆོད་གནས་སུ། །དབང་བསྐུར་བཀའ་རྟགས་ཕྱག་རྒྱའི་ཅོད་པན་མཆོག །འགྱུར་མེད་ཟླ་བྲལ་ཕྱོགས་ལས་རྣམ་རྒྱལ་བའི། །སྙན་པའི་གྲགས་པས་ནོར་འཛིན་ཀུན་ཁྱབ་པར། །རྡོར་སེམས་དབང་དང་འཕོ་ཁྲིད་ཆོས་སྤྱོད་དང་། །བཀའ་བརྒྱད་འཕྲིན་ལས་ཆོས་སྐྱོང་སྒྲུབ་སྐོར་དང་། །གཏེར་གསར་སྐོར་གྱི་བཀའ་ལུང་ཕལ་ཆེར་ཐོབ། །ལྕགས་བྱིའི་ལོ་ལ་སྲིན་མོ་རྫོང་གི་འདབས། །སོག་གི་ནོར་འཛིན་གླིང་མདོ་ཞེས་བྱ་བའི། །གྲུབ་པའི་བསྟི་གནས་བསམ་གཏན་ཁང་བུ་རུ། །རིགས་རུས་ཡོན་ཏན་རྒྱན་གྱིས་ལེགས་སྤྲས་པའི། །མཚན་ལྡན་བླ་མ་ཡིད་བཞིན་དབང་གི་རྒྱལ། །ཚོགས་གཉིས་རྒྱ་མཚོའི་མཇིངས་ལས་ལེགས་འཁྲུངས་པར། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་གཉིས། །བཀའ་སྲུང་ཡེ་ཤེས་མགོན་པོ་ལ་སོགས་པའི། །དབང་ལུང་གདམས་པ་ཁྲིད་དང་བཅས་པར་ཐོབ། །སྒྲོལ་མ་ཉི་ཤུ་རྩ་གཅིག་དབང་ལུང་དང་། །གཞན་ཡང་ཞི་ཁྲོའི་སྨིན་བྱེད་རྒྱབ་རྟེན་དང་། །བླ་མ་སྐུ་གསུམ་རྫོགས་ཆེན་ཨ་ཏི་ཡི། །གྲོལ་བྱེད་རིམ་པ་བདེ་འདུས་ཁྲོ་རོལ་དང་། །རཏྣའི་དྲེགས་པ་དཔལ་མགོན་མ་ནིང་དང་། །པད་གླིང་དྲག་པོའི་དབང་ལུང་ཐོར་བུ་སོགས། །འདི་ཕྱིར་མཁོ་བའི་ཟབ་ཆོས་མང་དུ་ནོས། །གཞན་ཡང་མ་ངེས་ལོ་ཡི་དུས་སྐབས་ཞིག །སྨིན་གྲོལ་བསྟན་པ་རྒྱས་པའི་གླིང་མཆོག་ཏུ། །མངའ་བདག་གདུང་མཐའ་རིག་པ་འཛིན་པའི་གཙོ། །རྒྱ་མཚོའི་ཀློང་ལྟར་ཐུགས་དགོངས་གཏིང་ཟབ་པར། །བདེ་འདུས་ཁྲིད་དང་བདེ་འདུས་ཟུར་འདེབས་དང་། །བཀའ་སྲུང་གཏེར་བདག་ཆོས་སྤྱོད་བཅས་པའི་ལུང་། །སྐུ་ལྔའི་དབང་སྒྲུབ་སྐོར་གྱི་ལུང་རྣམས་ཐོབ། །ཚོགས་བདག་མགོན་པོའི་ལས་བྱང་ལུང་ཡང་ཐོབ། །གོང་གསལ་ཡོངས་འཛིན་དེ་རྣམས་ཕལ་མོ་ཆེའི། །ཆོས་དང་ཟང་ཟིང་གིས་མཚོན་ལུགས་གཉིས་ཀྱི། །སྒོ་ནས་ལེགས་པར་བསྐྱངས་པའི་བཀའ་དྲིན་ནི། །བྱང་ཆུབ་བར་དུ་གཞལ་བར་ཡོད་མ་ཡིན། །དེ་ནི་སྔ་འགྱུར་ཕྱོགས་ཀྱི་ཆོས་ཚུལ་ལ། །ཤིང་རྟ་ལོ་ནས་ལྕགས་བྱི་ཡན་ཆད་དུ། །བག་ཆགས་ཅུང་ཟད་བཞག་པའི་ལོ་རྒྱུས་ཡིན། །སྒྲུབ་པ་བྱས་དང་ཉམས་ལེན་རྟོགས་བརྗོད་རྣམས། །ཆེ་རུ་མི་མཆིས་ཅུང་ཟད་བདོག་པའང་། །འདི་རུ་མི་སྨོས་གསང་བའི་ཚུལ་དུ་ཡོད། །ཅི་ཕྱིར་རང་ཆེ་འདོད་དང་ང་རྒྱལ་གྱི། །གཏམ་དུ་གོ་ནས་བློ་ཆུང་ཕལ་མོ་ཆེས། །ཕྲག་དོག་དབང་གིས་སྨོད་དང་ཟུར་ཟ་ཡིས། །རང་གཞན་གཉིས་ལ་སྡིག་པར་འགྱུར་གྱིས་དོགས། །ཚུལ་འདི་སྔགས་འཆང་དྲི་བ་དོན་ཡོད་ཕྱིར། །ཤྲཱི་ཝན་མངྒས་སྨྲས་པ་མངྒ་ལཾ། །
ཞེས་པའང་རང་ལོ་སུམ་ཅུ་པ་ལ་ཁམས་སྟོད་དཀར་ནག་སོག་གསུམ་གྱི་ལུང་པར་འཁྱམས་དུས་སོག་གི་སྔགས་འཆང་ལྷ་བཟོ་གཡང་འཛིན་ཟེར་བས། བླ་མ་ཁྱེད་ཀྱིས་ད་སྔ་གསར་རྙིང་གང་ལའང་དབང་ལུང་ཁྲིད་གསུམ་ཇི་ལྟར་ཐོབ་པ་དང་ཉམས་ལེན་གྱི་མྱོང་བ་ཇི་ལྟར་བྱུང་གི་གཏམ་གསལ་མོ་ཞིག་དགོས་ཞེས་བསྐུལ་ངོར། རླུང་ཁམས་པ་ཁོ་བོའི་སེམས་སྐྱོ་སྐབས་ཐོལ་བྱུང་དུ་བྲིས་པ་འདི་ཕྱོགས་མཚམས་ཀུན་ཏུ་དར་ཞིང་རྒྱས་པར་བྱས་སོ། །མངྒ་ལཾ།
དེ་ནས་མདོ་ཁམས་སྨད་འདིར་སླེབས་པ་དང་། །གྲུབ་པའི་བསྟི་གནས་མཁར་གོང་ལ་ཁ་དེར། །མཁར་གོང་སངས་རྒྱས་རྒྱ་མཚོའི་ཞལ་སྔ་ནས། །ཚེ་རྟ་མགོན་གསུམ་(ཡང་རྒྱལ་དབང་བསོད་ནམས་རྒྱ་མཚོའི་གཟིགས་སྣང་གི་ཚེ་དབང་བྱས་ཀྱང་ཆོག །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་འཆི་མེད་དཔལ་སྟེར། བྱང་སེམས་ཟླ་བ་རྒྱལ་མཚན་པའི་རྟ་མགྲིན་ལྕགས་རལ། མཁས་གྲུབ་ཁྱུང་བོའི་མགོན་པོ་བར་ཆད་ཀུན་སེལ་དང་གསུམ་ཡིན)དབང་དང་མགོན་དཀར་གྱི། །ཆོས་ཚན་རྣམས་ཀྱི་ལུང་དང་བཅས་པ་ཐོབ། །དམག་ཟོར་རྒྱལ་མོའི་དབང་དང་ཆོས་སྐོར་གྱི། །ལུང་དང་གཤིན་རྗེ་ཀི་ཀཾ་དམར་ཆུང་སོགས། །ཉེ་བར་མཁོ་བའི་གདམས་པ་ཅི་རིགས་ཐོབ། །གཙོ་ཡི་ས་ཆ་གཞི་དགེ་རི་ཁྲོད་དུ། །ཙ་ཡི་དཔོན་སློབ་བློ་བཟང་རབ་བརྟན་གྱི། །མདུན་ནས་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་དང་། །ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི། །དབང་ལུང་གཉིས་དང་བདེ་གཤེགས་ཀུན་འདུས་ཀྱི། །རྣམ་བཤད་དེ་ཁོ་ན་ཉིད་དང་ལུང་རྣམས་ཐོབ། །པདྨ་རོང་ཞེས་དགུ་རོང་ཕུ་བ་དེར། །ཅོག་རོང་སྤྲུལ་སྐུ་ཏཱ་ལའི་ཧུ་ཐོག་ཐུ། །མདུན་ནས་སྒྲུབ་པ་བཀའ་བརྒྱད་དབང་ཆེན་དང་། །གཏེར་གསར་པདྨ་དྲག་པོའི་རྗེས་གནང་ཐོབ། །དམ་པ་རིགས་བརྒྱའི་དབང་དང་འདོན་ཆའི་ལུང་། །གསང་སྙིང་འགྲེལ་བ་གསང་བདག་དགོངས་རྒྱན་དང་། །བཤད་བརྒྱུད་ཕྱག་གི་བཀོལ་བྱང་ལུང་རྣམས་ཐོབ། །དེ་དག་རྣམས་ནི་རང་ལོ་བཞི་བཅུ་དང་། །ལྔ་བཅུའི་སྐབས་འདིར་ཐོབ་པའི་ལོ་རྒྱུས་ཡིན། །ད་དུང་བླ་མ་དམ་པ་ཇི་སྙེད་ལས། །དབང་ལུང་ཁྲིད་གསུམ་མང་དུ་འཐོབ་པར་སྨོན། །ཞེས་པ་ལྟར། སྐུ་ཚེ་དུ་མ་ནས་རླབས་ཆེན་གྱི་སྤྱོད་པས་སེམས་ཅན་གྱི་དོན་ཁོ་ན་མཛད་ཅིང་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བླ་མ་ཟུར་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་དོན་སླད་མཚན་ནས་སྨོས་ཏེ། ངག་དབང་ཀུན་དགའ་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། རྒྱལ་བའི་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ། སྣ་ནམ་ཟློས་གར་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེ། བླ་མ་མངའ་བདག་པ་ཆེན་པོ་བྱ་བཏང་རིག་འཛིན་རྒྱ་མཚོ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། གྲུབ་པའི་དབང་ཕྱུག་ཐུགས་རྗེ་བསམ་གཏན། དགེ་བའི་བཤེས་གཉེན་འཇམ་དཔལ་རྒྱ་མཚོ། དཔོན་སློབ་ཆོས་ཀྱི་བློ་གྲོས། མཁན་ཆེན་བློ་བཟང་སྙན་གྲགས། གདུང་བརྒྱུད་རིན་ཆེན་འགྱུར་མེད་ཡིད་བཞིན་ལེགས་གྲུབ། གདུང་བརྒྱུད་རིན་ཆེན་ཨོ་རྒྱན་བསྟན་འཛིན་གྲགས་པ། བླ་ཆེན་འགྱུར་མེད་རྣམ་རྒྱལ་གྲགས་པ། དྲིན་ཅན་བླ་མ་དབང་གི་མཚན་ཅན་གྱི་ཞལ་སྔ་ནས་སོགས་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་ལ་གཏུགས་ཤིང་དབང་ཁྲིད་ལུང་དང་རིག་གཏད་རྗེས་གནང་རྒྱབ་རྟེན་མན་ངག་གི་རིམ་པ་སོགས་གོང་སྨོས་ལྟར་མང་དུ་ཞུས། ཁྱད་པར་ཡང་དག་པའི་དོན་ཞིག་མ་རྟོགས་ན་མཚན་མར་འཛིན་པའི་ཆོས་འདི་དག་ཕན་ཆད་རང་དུ་འཆང་བྱེད་ཀྱི་རྒྱུར་གསུངས་འདུག་ན་ནམ་ཕུགས་སུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རིན་ལ་ཕྱི་མ་ཕན་ཆད་ལྟ་ཞོག་ཚེ་འདིར་ཡང་རང་ཅག་ལྟ་བུའི་བསགས་རྒྱབ་ཆུང་བ་དག་ལ་ཅི་ཡོང་མི་ཤེས་འདུག་པས། ད་ལྟ་རང་ནས་ལམ་སྣ་ཟིན་པའི་ཐབས་ཟབ་མོ་ཞིག་ལ་འཕྱང་བསམ་པ་རང་འདོད་ཁོ་ན་ཞེ་ལ་བཞག་སྟེ་ཟབ་མོ་ལྟ་བའི་ཕྱོགས་ལ་ཕུ་ཐག་ཆོད་པའི་ཐོས་བསམ་རང་མགོ་མ་འཁོར་ཙམ་ཞིག་དང་། གཞན་དོན་གྱི་རེ་བ་མེད་ཀྱང་སྨོན་སེམས་མ་དོར་ཙམ་གྱི་ངང་ནས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་གནད་འགག་ལའང་ཅུང་ཟད་འདྲིས་པར་བྱས་ཤིང་། རྒྱབ་རྟེན་གྱི་མན་ངག་དང་ཚར་གཅོད་རྗེས་འཛིན་གྱི་ལས་སྦྱོར་ལ་མཁོ་བའི་གདམས་པ་པུ་སྟི་ཀ་དུ་མ་ཞིག་ཀྱང་རང་ལག་ཏུ་བསྟར་ནས་བསྒྲུབ་པ་འདིའོ། །

47.2K