༄༅།།བ་ཡན་རྩི་ཆགས་སྡེ་བའི་བྱུང་རབས་མདོར་བསྡུས་སུ་བཀོད་པ།༡

ངག་དབང་བཀྲ་ཤིས།

རྣམ་དག་ཚུལ་ཁྲིམས་ངུར་སྨྲིག་འཆང་བའི་སྡེ། །རྒྱལ་བསྟན་ཀུན་ནས་སྤེལ་བའི་ངང་མོའི་གྲྭ། །ཀྱ་ཀྱ་ཐེག་ཆེན་ཆོས་ཀྱི་སྡེ་ཆེན་ཞེས། །གྲགས་སྙན་དཀར་པོ་འཛིན་མའི་རྒྱན་དུ་ཆེ། །ཕྱི་ཚུལ་བསླབ་གསུམ་དག་པའི་དྲི་བསུང་འཐུལ། །ནང་དུ་བྱམས་བརྩེའི་འོ་མས་ཡིད་རབ་གཏམས། །གསང་བ་དམ་ཚིག་རྡོ་རྗེའི་འོད་འབར་བ། །ཁྲིམས་ལྡན་འདུས་པའི་སྡེ་འདི་ཕྱག་གི་ཡུལ། །གང་དེའི་ལྷ་འབངས་རྩི་བཅུད་ཆགས་པའི་སྡེའི། །བྱུང་རབས་མདོར་བསྡུས་སྐལ་བཟང་རྣ་བའི་བཅུད། །རྒྱན་དང་སྤྲོས་པས་མ་བཅིངས་དྲང་པོའི་གཏམ། །འདི་རུ་བརྗོད་ཀྱི་གཟུ་བོའི་བློ་ཡིས་ཉོན། །ཞེས་མཆོད་པར་བརྗོད་པའི་ཞུ་ཚིག་མེ་ཏོག་སྔོན་དུ་སོང་ནས་འདིར་བརྗོད་པར་བྱ་བ་ནི་རྩི་ཆགས་སྡེ་བའི་བྱུང་རབས་ངག་རྒྱུན་ན་གསལ་བ་རྣམས་ཡིག་ཐོག་ཏུ་མདོར་བསྡུས་ཏེ། དང་པོ་འཁོར་ཡུག་སྣོད་བཅུད་ཀྱི་བཀོད་པ་དང་སྡེ་བའི་མཆེད་ཁུངས། གཉིས་པ་ཚོ་སྐོར་རེ་རེའི་ལོ་རྒྱུས། གསུམ་པ་སྔགས་སྡེ་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས། བཞི་པ་སྡེ་འདི་ནས་འཁྲུངས་པའི་སྐྱེས་ཆེན་དམ་པ་འགའ་ཞིག་གི་ལོ་རྒྱུས་ཐུང་ངུ་། ལྔ་པ་སྔགས་གྲྭ་འདིའི་བཅའ་ཡིག་གི་རིམ་པ། དྲུག་པ་བསང་ཡིག་བཅས་ས་བཅད་དྲུག་ཏུ་ཕྱེ་ནས་དགོད་པ་ལ།

དང་པོ། འཁོར་ཡུག་སྣོད་བཅུད་ཀྱི་བཀོད་པ་དང་སྡེ་བའི་མཆེད་ཁུངས།

རྩི་ཆགས་སྡེ་བ་ནི་བ་ཡན་རྫོང་སྟག་ཚང་ཡུལ་ཚོའི་རི་བོ་ཨ་མྱེས་མཐེ་དགོད་ཅེས་པའི་འདབས་རོལ་ཏུ་གནས་ཤིང་། ལུང་ཁོག་འདིའི་ཆེས་སྔ་བའི་སྡེ་ཚོའི་གྲས་ཡིན་པར་གྲགས། ཡུལ་ཚོའི་སྲིད་གཞུང་གི་ཤར་དུ་སྤྱི་ལེ་བཅུ་གསུམ་ཙམ་གྱི་ས་ན་ཆགས་ཡོད། སྡེ་བའི་རྒྱ་ཁྱོན་ལ་མུའུ་དྲུག་སྟོང་ལྷག་ཙམ་ཡོད་ཅིང་། སའི་གོ་ལའི་ཤར་གྱི་འཕྲེད་ཐིག་102•23 ‘34.56དང་། བྱང་གི་གཞུང་ཐིག་36·2‘ 40.1མཚམས་སུ་གནས་ཡོད། ས་བབ་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི་ཊར་2700ཡོད། སྡེ་བའི་ཤར་ཕྱོགས་སུ་ཁྲ་ཚང་སྒང་རྒྱུད་དང་། མདུན་ཕྱོགས་སུ་ར་ཀ་རོ་སྡེ་བ་སོགས་ཀྱིས་བསྐོར་ནས་ཡོད་ཅིང་། གཡས་གཡོན་གཉིས་སུ་འགག་ཚ་ཚོ་བ་དང་ཚ་རོང་ནང་བཅས་ལ་འདབས་འབྲེལ་བྱས་ནས་ཡོད་པ་མ་ཟད། གནས་བདག་ཆེན་པོ་ཨ་མྱེས་མཐེ་དགོད་ཀྱིས་རྒྱབ་རིར་འགྱིང་ཡོད།

ཨ་མྱེས་མཐེ་དགོད་ཅེས་པ་འདི་ནི་སྡེ་འདིའི་གཞི་བདག་གཙོ་བོ་ཡིན་པ་དང་། མཐེ་དགོད་དྲག་རྩལ་ཅན་ཞེས་མཐུ་རྩལ་ཆེ་ཞིང་སྡོངས་གྲོགས་མྱུར་བའི་མི་མ་ཡིན་པའི་གཞི་བདག་ཅིག་ཡིན་ཟེར། རྒྱུ་མཚན་དེའི་ཕྱིར་ཡུལ་ལུང་འདིའི་ས་གཉན་ཞིང་ལྷ་ཀླུ་བཙན་གསུམ་གཉུག་མར་གནས་ཡོད་པ་དང་། སྡེ་འདིའི་ཕོ་སྐྱེས་སྐྱེས་ཐམས་ཅད་རང་བཞིན་གྱིས་དཔའ་རྩལ་ཆེ་ཞིང་། དགྲ་དང་འཐབ་ན་མི་རྒྱལ་བ་མེད་པའང་དེའི་རྐྱེན་གྱིས་ཡིན་ཞེས་བླ་མ་ཡར་ཁ་ཚང་གི་སེ་ཀྲི་དགོན་པའི་ལོ་རྒྱུས་ན་བཀོད་ཡོད། དེའི་རི་སྐེད་དུ་དུང་དཀར་གཡས་འཁྱིལ་གྱི་དབྱིབས་སུ་ལྷུན་ཆགས་ཡོད་པ་ནི་ཨ་མྱེས་དཔའ་མཁར་ཞེས་འབོད་ཅིང་སྡེ་བའི་བླ་རི་ལ་ངོས་འཛིན་པ་ཡིན། གནའ་སྔ་མོར་དཔའ་མཁར་ལབ་ཙེ་ཡོད་པ་ལ་བརྟེན་ནས་དཔའ་མཁར་ཞེས་པའི་མིང་ཐོགས་པ་རེད། དེའི་ཞོལ་དུ་གསེར་གཞོང་ནང་ཞེས་པ་ནི་སྡེ་འདིའི་གནའ་སྔ་མོའི་དུར་ཁྲོད་ཀྱི་ཤུལ་ཡིན་ལ། ད་ལྟའི་དུར་ཁྲོད་ནི་ཁྱུང་རི་ལ་ཁ་ཟེར་བའི་ས་དེར་ཡོད། སྡེ་འདིའི་སའི་ཆགས་དབྱིབས་ནི་ནུབ་ཕྱོགས་དང་མདུན་ཕྱོགས་གཉིས་ས་དབྱིབས་མཐོ་ལ། གཡས་གཡོན་གཉིས་ལུང་གཞུང་སྟེ་ཤར་ཕྱོགས་ཀ་མདོ་དང་འབྲེལ་ཡོད། དེའི་གཞུང་དཀྱིལ་ན་སྡེ་གྲོང་ཆགས་ཤིང་ཁོར་ཡུག་ཏུ་ས་ཞིང་ཐེམ་ཆགས་སུ་བསྟར་ཡོད་དོ། །

སྡེ་བའི་མིང་ཇི་ལྟར་ཐོགས་ཚུལ་ལ་བླ་མ་ཡར་ཁ་ཚང་གི་སེ་ཀྲི་དགོན་པའི་ལོ་རྒྱུས་ཀྱི་བླ་མ་སྐུ་ཕྲེང་བཞི་པའི་རྣམ་ཐར་གྱི་ཐད་ན། རྩི་ཆགས་ཞེས་པའི་གོ་དོན་ནི། ས་བབ་དམའ་ཞིང་ལུང་བའི་ཁུད་དུ་རྩི་ཤིང་སྨན་ཏོག་མང་པོས་ཁྱབ་པར་གཡུར་ཟའི་རྩི་འབྲུ་ཆགས་པས་ན་རྩི་ཆགས་ཞེས་རྗེས་གྲུབ་ཀྱི་མིང་དུ་ཐོགས་པ་ཡིན་ཞེས་གསུངས་ཡོད།

འོ་ན་སྡེ་བའི་རིགས་རྒྱུད་མཆེད་ཁུངས་ནི་གང་། དུས་ནམ་ཞིག་ལ་ཕེབས་པ་སོགས་ནི་དུས་ཀྱི་དབང་གིས་རེ་རེ་ནས་གསལ་ཐག་ཆོད་པ་ཞིག་བརྗོད་ཐབས་བྲལ་ཡང་། ཡུལ་འདིའི་མི་རབས་སྔ་མ་རྣམས་ལྷ་སའི་ལྷོ་ཁ་དང་སྟོད་མངའ་རིས་སོགས་ནས་ཡོང་བའི་བོད་ཀྱི་མཐའ་སྲུང་དམག་གི་རྒྱུད་པ་ཡིན་ཚུལ་གྱི་ངག་སྒྲོས་ལ་གཞིགས་ན། ཡུལ་འདིའི་མེས་པོ་གོང་མ་རྣམས་ཐོག་མར་རྒྱལ་རོང་དང་ཙོང་ཁ་བདེ་ཁམས་ཀྱི་ཡུལ་ལྗོངས་རྣམས་སུ་ཕེབས་ནས་རྒྱ་བོད་ཀྱི་མཐའ་མཚམས་བསྲུང་བའི་ལས་ལ་བརྩོན་ཞིང་ཕྱིས་སུ་དུས་འགྱུར་སོགས་ཀྱི་རྐྱེན་ལས་ཕྱོགས་སོ་སོར་གྱེས་ནས་གཉུག་མའི་མི་རྒྱུད་འཇང་མིའམ་གནའ་བོའི་སྤྱང་མི་ཞེས་འབོད་པ་དེ་ཚོ་དང་མཉམ་དུ་འཚོ་སྡོད་བྱས་ཤིང་མི་རྒྱུད་འཕེལ་བ་མདོ་སྨད་ལོ་རྒྱུས་སྤྱིའི་འཕེལ་ཚུལ་གྱི་འགྲོས་བཞིན་ཡིན་པ་གོར་མ་ཆག་ལ། དེ་ནས་ཙོང་ཁའི་རྒྱལ་རབས་སྐབས་སུ་ཙོང་ཁའི་ཚོ་ཁག་བཅུ་གསུམ་ཞེས་བགོས་ཡོད་པའི་ནང་ཚན་གྱི་འགག་ཚ་ཚོ་བའི་ཁུངས་སུ་གཏོགས་ཤིང་། གོང་མ་ཆན་ལུང་གི་སྐབས་སུ་བ་ཡན་ས་ཁུལ་གྱི་འདུས་སྡོད་བོད་རིགས་རྣམས་སྟོད་གྲུ་མགོ་བཅུ་དང་སྨད་གྲུ་མགོ་དྲུག་ཏུ་བགོས་པ་ལ། སྡེ་འདི་སྨད་གྲུ་མགོ་དྲུག་གི་ཡ་གྱལ་ཏེ་སྟག་ཚང་ཚོ་བའི་མངའ་ཞབས་སུ་བསྡུས། དེ་བཞིན་རབ་བྱུང་བཅོ་ལྔའི་ཡས་མས་སུ་མཚོ་སྔོན་དུ་དུས་འཁྲུགས་ཀྱི་ཟིང་ཆ་རིམ་པར་བྱུང་བ་བཞིན་ཡུལ་འདི་ལའང་རྒྱ་འཁྲུགས་ཧོས་འཁྲུགས་ཀྱི་འཚུབ་ཆའི་ཁྲོད་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དུ་མ་བྱུང་བས་ཁྱིམ་ཚང་འགའ་རེ་འུ་ཐུག་ཐབས་ཟད་ཀྱིས་གཞན་ཡུལ་དུ་འགྲིམ་དགོས་པ་བྱུང་ཡང་། ཤུལ་ལུས་མི་སེར་རྣམས་ཀྱིས་མ་རུང་ཇག་ཚོགས་ལ་རྒོལ་ལན་དྲག་པོ་སྤྲད་པ་དང་། སྐབས་དེར་ཧོས་དམག་གིས་སྟག་དགོན་པ་གཏོར་བཅོམ་བྱེད་བཞིན་པའི་གནས་ཚུལ་ཐོས་པས། སྡེ་འདིའི་གསར་བུ་རྣམས་ཀྱིས་རང་སྲོག་ཕངས་མེད་དུ་བཏང་ནས་དགོན་པའི་ལྷ་རྟེན་ཆོས་གསུམ་སྲུང་སྐྱོབ་བྱས་ཤིང་། གཡུལ་མདུང་ཁ་སྤྲོད་ཀྱིས་དགྲ་དམག་རྣམས་མཐར་སྐྲོད་བཏང་བའི་དཔའ་བོའི་སྙན་པ་ད་ལྟའི་བར་དུ་གླེང་རྒྱུ་ཡོད། དེའི་སྐབས་སུ་ཉེ་འཁོར་གྱི་དགོན་པ་དང་གྲོང་སྡེ་འགའ་རྨེག་མེད་དུ་བཅོམ་པའི་གནས་ཚུལ་ཡང་བྱུང་བར་སྣང་ངོ་། །

དེ་ནས་ང་བརྒྱད་དང་རིག་གསར་སོགས་ཀྱི་སྐབས་སུའང་དུས་དང་རྐྱེན་གྱི་འཇིགས་པ་སྣ་ཚོགས་བརྒྱུད་ནས་འོང་ཞིང་། ལོ་རབས་དྲུག་ཅུའི་ནང་སྲིད་གཞུང་གི་རྒྱབ་སྐྱོར་འོག སློབ་གྲྭ་གསར་དུ་བཙུགས་ཏེ་སྡེ་འདིའི་བྱིས་པ་རྣམས་ཀྱིས་ཀྱང་ཤེས་བྱ་ཡོན་ཏན་སྦྱོང་བའི་གོ་སྐབས་བྱུང་། 1994ལོར་སྡེ་དཔོན་གུ་རུ་གཙོས་པའི་རྒན་པོ་འགའ་རེས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཕྱིར་རྫོང་རིམ་པར་ཡར་ཞུ་ཐེངས་མང་བྱས་པ་བརྒྱུད་གོང་རིམ་གྱིས་ཁྱོན་མ་དངུལ་སྒོར་ཁྲི་སུམ་ཅུ་ཐམ་པ་བཏང་སྟེ་སློབ་གྲྭའི་གཞི་རྒྱ་དང་རྣམ་པ་ཇེ་ཆེར་བསྐྱེད་ཅིང་། སྡེ་མི་རྣམས་ཀྱིས་ཀྱང་དངུལ་སྒོར་དང་ཤིང་སྡོང་སོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་སློབ་གཉེར་ཁང་བརྩིགས་པ་སོགས་སློབ་གྲྭའི་མཐུན་རྐྱེན་ཇེ་ལེགས་སུ་བཏང་། ད་ལྟའི་དུས་ནའང་ས་གནས་སྲིད་གཞུང་གི་བཀའ་དྲིན་གྱི་བདག་རྐྱེན་འོག དུས་བདེ་ཞོད་འཇགས་ཀྱི་ངང་ནས་སྡེ་མི་དག་གི་ཆབ་དཔལ་རིག་གསུམ་དབྱར་གྱི་མཚོ་མོ་ལྟར་རྒྱས་བཞིན་པ་ལགས་སོ། །

སྡེ་བ་འདི་ནི་སྔོན་ཆད་ཁྱིམ་ཚང་ཉི་ཤུ་ཙམ་གྱིས་གྲུབ་པའི་སྡེ་བ་ཆུང་ངུ་ཞིག་ཡིན་མོད། ད་ལྟ་དུད་ཚང་དྲུག་ཅུ་རེ་བཞི་ལྷག་ཏུ་འཕེལ་ཡོད་ལ། མི་གྲངས་བསྡོམས་ན་སུམ་བརྒྱ་དྲུག་ཅུ་ལྷག་ཡོད། སྲོལ་རྒྱུན་དུ་ཀྱ་ཀྱ་དགོན་ཐེག་ཆེན་དར་རྒྱས་གླིང་གི་ལྷ་སྡེ་རུ་གཏོགས་པས་ན་ད་ལྟའང་སྐྱིད་སྡུག་གང་ལ་ཐུག་ཀྱང་སྐྱབས་གནས་གཅིག་པུར་བཟུང་ནས་དད་པ་དང་ཡིད་ཆེས་བྱེད་ཀྱིན་ཡོད། སྡེ་འདི་ནས་གནས་གཞན་ལ་མཆེད་པའང་མི་ཉུང་བ་ཞིག་མཆིས་ཏེ། བཅིངས་གྲོལ་བྱས་ཙམ་ནས་མཚོ་ལྷོའི་ཆབ་འགག་མེ་ཏོག་ལུང་བ་རུ་ཁྱིམ་ཚང་སུམ་ཅུ་དང་། ཆབ་ཆ་བ་ལུང་གད་པ་རུ་ཁྱིམ་ཚང་བཅུ་ཙམ། མདོ་ལ་རྫོང་གི་སྒོ་མེའི་ཕྱོགས་སུ་ཁྱིམ་ཚང་དགུ་ཙམ། གཞན་ཡང་ཀན་སུའུ་དཔའ་རིས་ཐང་དང་ས་ཁུ་སུ། པཎ་ཆེན་ཞིང་སྡེ། ཐང་དཀར་མོ་སོགས་ལའང་མཆེད་ཡོད་པར་སྣང་། གཞན་ཡང་ཉེ་བའི་དུས་སུ་མགོ་ལོག་དང་རྐང་ཚ། ཟི་ལིང་སོགས་ན་ཚོང་ལས་གཉེར་བའི་ཁྱིམ་ཚང་ཁ་ཤས་ཀྱང་ཡོད་དོ། །

སྡེ་བའི་མཆོད་རྟེན།

གཉིས་པ། ཚོ་སྐོར་གྱི་ལོ་རྒྱུས།

ད་ནི་སྡེ་འདིའི་ཚོ་སྐོར་དག་གི་ངག་རྒྱུན་དང་འབྲེལ་ནས་ཅུང་ཟད་བརྗོད་པ་ལ། རྩི་ཆགས་སྡེ་བར་ད་ལྟ་ཚ་རོང་དང་འབུམ་པ། ཙ་ནེ་ཚང་། ཆ་རྒྱ་ཚང་བཅས་ཚོ་སྐོར་བཞི་ཡོད་ཅིང་། དེ་ལས་ཚ་རོང་ཚང་ཞེས་པའི་ཚོ་སྐོར་དེའི་མཆེད་ཁུངས་ནི་ངག་རྒྱུན་ལྟར་ན་བ་ཡན་སྟོད་ཀྱི་བྱ་ཁྱུང་དགོན་པའི་ཉེ་འདབས་ཀྱི་ཚ་རོང་སྡེ་བ་ནས་ས་འདིར་མཆེད་པ་ཡིན་པར་བཤད་པས། ཐོག་མར་ཚ་རོང་སྡེ་བའི་མཆེད་ཁུངས་ཀྱི་ཕུགས་དེད་དེ་ཡུལ་འདིའི་མི་རྒྱུད་ཀྱི་མཆེད་ཁུངས་བཙལ་ན་ཚུལ་ལུགས་དང་མཐུན་པས་དེ་བརྗོད་པ་ལ། བྱ་ཁྱུང་གི་ལྷ་སྡེ་རུ་གཏོགས་པའི་ཚ་རོང་ངམ་མཚམས་རིང་ཞེས་པའི་སྡེ་ཚོ་འདིའི་ངག་རྒྱུན་ན་སྡེ་འདིའི་མེས་པོ་རྣམས་ཐོག་མར་རྒྱལ་མོ་ཚ་བ་རོང་ནས་མཆེད་དེ་ཡོང་ཞིང་སྡེ་མིང་ལ་ཚ་རོང་ཞེས་འབོད་ཟེར། ཡང་བྱ་ཁྱུང་དགོན་པའི་གདན་རབས་ཡིད་འཕྲོག་གཏམ་གྱི་ཉིང་ཁུ་ཞེས་པར་མཚམས་རིང་ཞེས་བྲིས་ཡོད་པ་དང་། གཞན་ཡང་འཚམས་རིང་དང་ཚ་རུང་ཞེས་པའི་འབྲི་སྲོལ་དུ་མ་འདུག་ཀྱང་། སྐབས་འདིར་ཚ་བ་རོང་ནས་ཕེབས་པའི་རྒྱུ་མཚན་ལ་ཁུངས་སུ་བཅོལ་ནས་ཚ་རོང་ཞེས་པ་འཐད་ཕྱོགས་སུ་འཛིན་རྒྱུ་ཡིན་ནོ། །དེ་ནས་རྩི་ཆགས་སྡེ་བའི་ངག་རྒྱུན་དུ་ཚོ་སྐོར་འདིའི་མཆེད་ཁུངས་ནི་ཐོག་མར་ལྷ་ས་ལྷོ་ཁའི་ཁྱིམ་སྐོར་ཞིག་རིམ་པར་མདོ་སྨད་རོང་ཆེན་གསུམ་མམ་བཞིར་གྲགས་པའི་ནང་ཚན་རྒྱལ་མོ་ཚ་བ་རོང་ཞེས་པའི་ས་ཆར་མཆེད་ཅིང་། དེའི་རྗེས་སུ་བྱ་ཁྱུང་ཚ་རོང་དུ་ཕེབས་ཏེ་གནས་དེར་གཞིས་ཆགས། དེ་ནས་ཡང་ཁྱིམ་ཚང་སྐོར་ཞིག་བ་ཡན་སྨད་ཕྱོགས་ཏེ་དེང་གི་རྩི་ཆགས་སྡེ་བའི་འདབས་འབྲེལ་དུ་ཚ་རོང་ནང་ཞེས་པའི་ཧོས་སྡེ་ཞིག་ཡོད་པའི་གནས་དེར་མཆེད་དེ་གཞིས་ཆགས་པ་ལ་ཚ་རོང་ནང་ཞེས་ཐོགས། སྐབས་དེར་མིའི་རྒྱུ་འགྲུལ་མེད་ཅིང་ཁོར་ཡུག་གི་རི་ལུང་ཀུན་ཀྱང་ལྗོན་ཤིང་དང་རི་སྐྱེས་སྲོག་ཆགས་མང་པོ་རྒྱུ་བའི་གནས་ཤིག་ཡིན་པ་དེ་ཉིད་ཚོ་བ་འདིའི་མེས་པོ་རྣམས་ཀྱིས་བདག་ཏུ་བཟུང་ཞིང་དུས་ནམ་ཞིག་གི་ཚེ་ར་ཆག་ཐང་དང་རྩི་ཆགས་སྣ་ཁ་སོགས་སུ་གནས་སྤོར་བྱས་པ་བརྒྱུད་རིམ་བཞིན་དེང་གི་རྩི་ཆགས་སྡེ་བའི་ས་འདིར་འབུམ་པ་ཚོ་བ་དང་གནས་གཅིག་ཏུ་བསྡུས་ཏེ་གཞི་ཆགས་སོ། །ཚོ་བ་འདི་ནི་ཡུལ་འདིའི་ས་འཛིན་གྱི་ཐོག་མ་ཡིན་ཞིང་ཚོ་བ་ཆེ་ཤོས་ཀྱང་ཡིན། རིགས་རུས་བཙུན་ཞིང་དད་པ་ཆེ་བས་སེ་ཀྲི་བླ་མ་ཡར་ཁ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་དང་བིས་མདོ་ར་གཤོང་སྔགས་མང་གི་བླ་མ་ཨ་ལགས་བསྟན་པ། བ་ཡན་ཀ་རྒྱའི་མཚམས་པ་ནོར་བུའི་སྤྲུལ་སྐུ་ཨ་ལགས་ནོར་བུ་ཚང་བཅས་སྐུའི་སྤུན་མཆེད་དུ་འཁྲུངས་ཤིང་ཁ་བརྒྱའི་གཏེར་སྟོན་གྱི་སློབ་མ་སྔགས་པ་ཆོས་འཕེལ་དང་མཚམས་པ་རིག་འཛིན། སྔགས་པ་བྱམས་པ། སྔགས་འཆང་ནག་ལྡང་བར་སྐྱབས་དང་སྔགས་འཆང་རབ་བརྟན་དཀར་ལྡང་སོགས་སྐྱེས་ཆེན་དམ་པ་དུ་མ་འཁྲུངས་པ་ཡིན་ནོ། །

འབུམ་པ་ཚང་ནི་སྟོད་མངའ་རིས་ལ་དྭགས་ནས་མཆེད་པའི་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དེ། དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། །ཨ་ལྕགས་འབྲུ་ཡི་བུ་རྒྱུད་ཡིན། །ཞེས་པའི་རུས་ནི་ཨ་ལྕགས་འབྲུ་ཡི་རྒྱུད་པ། འབྲི་ལྷ་རྒྱལ་འབུམ་གྱི་སྲས་ལྷོང་ཆེན་ཐར་བ་རྒྱལ་མཚན་ཟེར་བ་དེ་མདོ་སྟོད་སྨད་གཉིས་ཀྱི་མཚམས་སུ་ཕེབས་ནས་ཨ་སྐྱོང་འབུམ་གསུམ་བྱུང་ཞིང་། དེ་དག་སོ་སོར་གྱེས་པ་ལ་མགོ་ལོག་འབུམ་པ་ཁག་གསུམ་དུ་ཐོགས། དེ་ནས་ཨ་སྐྱོང་ཁག་གསུམ་དང་ཁག་ལྔ་བཅས་ཕྱོགས་སོ་སོར་གྱེས་ནས། མདོ་སྨད་ཀྱི་ཕྱོགས་ཀུན་ན་དེང་སང་འབུམ་པ་ཚོ་བ་དང་འབུམ་པ་སྡེ་བ། འབུམ་པའི་ཁྱིམ་སྐོར་བཅས་ཡོད་པ་དེ་དག་རེད། དེ་ལས་རྨ་ཕ་རིའི་འབུམ་ཚང་ཚོ་བ་ནས་ཁྱིམ་སྐོར་གཅིག་རིམ་གྱིས་བ་ཡན་སྨད་ཕྱོགས་རྩི་ཆགས་སྡེ་བའི་ས་འདིར་གཞིས་ཆགས་པ་ལ་འབུམ་པ་ཚང་ཟེར། སྐབས་འདིའི་རྨ་ཕ་རིའི་འབུམ་པ་ཚང་ཟེར་བ་གང་ཞིག་ན་ཡོད་པ་སོགས་ནི་ད་ལྟ་ཤེས་མཁན་མེད་པས་ཞིབ་པར་བཀོད་མ་ནུས་ཀྱང་མཆེད་ཁུངས་མགོ་ལོག་ཡིན་པ་གསལ་བོར་ཤེས་ཐུབ་བོ། །འབུམ་པའི་ཁྱིམ་རྒྱུད་འདི་ནས་ལྡེ་ཚ་སྐུ་ཕྱོགས་ཞྭ་དམར་ཚང་གི་སྐུའི་ཉེ་གནས་གྲུབ་བརྙེས་ཀྱི་སྐྱེས་བུ་ལྷ་སྐྱབས་ཞུ་བ་དང་། སྔགས་པ་གཉན་པོ་རྒྱ་མཚོ། དཔའ་མཛངས་གཉིས་ལྡན་གྱི་སྐྱེས་བུ་ལྷ་འབུམ་སོགས་འཁྲུངས་མྱོང་ངོ་། །

ཙ་ནེ་ཚང་ནི་ཡུལ་འདིའི་ངག་རྒྱུན་ན་བོད་ལྗོངས་ཤར་ལྷོ་ཕྱོགས་ཀྱི་གནས་མཆོག་ཙ་རིའི་འདབས་རོལ་ན་བོད་ཀྱི་ཚོ་ཁག་ཆེན་པོ་ཞིག་ཡོད་ལ། དེ་ལས་མི་འགའ་ཞིག་བཙན་པོའི་དམག་གྲས་སུ་ཞུགས་ནས་མདོ་སྨད་ཀྱི་ཡུལ་འདིར་ཐོན་ཞིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཤར་རྒྱ་ནག་དང་བྱང་སོག་པོ་བཅས་ལ་འཐབ་འཁྲུག་བྱས་ཤིང་། བར་སྐབས་ཤིག་ལ་བ་ཡན་སྟག་ཚང་གི་ཙག་ཀ་ཐང་ངམ་རྩེ་དགའ་ཐང་ཞེས་པའི་སྡེ་དེར་མཆེད་ནས་མཉམ་དུ་འཚོ་སྡོད་བྱས། དེའི་སྐབས་བྲག་དགོན་པ་ཟེར་བའི་གྲྭ་ཚང་ཆུང་ངུ་ཞིག་ཀྱང་བཏབ། ཕྱིས་སུ་ཙ་ནེ་ཚང་གི་ཁྱིམ་རྒྱུད་ད་ལྟའི་རྩི་ཆགས་ཀྱི་ས་འདིར་ཐོན་ནས་གཞི་ཆགས་པ་ལ་ཙ་ནེ་ཚང་གི་རུས་རྒྱུད་འདི་བྱུང་བ་ཡིན་ཟེར། རྨ་ཕ་རིའི་རྡོ་སྦིས་ཡུལ་གྱི་སྡེ་སྨན་ཟེར་བའི་སྡེ་བ་དེར་ཙ་ནེ་ཚང་ཞེས་པའི་ཚོ་བ་ཞིག་ཡོད་ལ། ཚོ་བ་དེའི་མཆེད་ཁུངས་ཀྱི་ཐད་ལ་དགེ་རྒན་བཀའ་མ་མཁའ་འབུམ་གྱིས་བྲིས་པའི་རྡོ་སྦིས་ཡུལ་གྱི་སྡེ་སྨན་སྡེ་བའི་ལོ་རྒྱུས་ལས། སྡེ་བ་དེར་ཙ་རི་ཞེས་པའི་ཚོ་སྐོར་ཞིག་ཡོད་ཅིང་དེའི་མཆེད་ཁུངས་ལ་འདོད་ཚུལ་གཉིས་བཀོད་པའི་ནང་། གཅིག་ནི་ཚོ་བའི་ནང་ཁུལ་གྱི་བཤད་རྒྱུན་ཞལ་མཐུན་པར་ཁོ་ཚོའི་མེས་པོ་ནི་སྟོད་ས་དཀར་གདོང་དྲུག་ནས་མཆེད་ནས་འོངས་ཟེར་བ་འདི་རེད། འདོད་ཚུལ་གཉིས་པ་ནི་སྟོད་ཙ་རི་ནས་མཆེད་ཅིང་མི་རབས་ཐོག་མའི་མིང་ལ་ཙ་ནེ་པཎྜི་ཏ་ཞེས་པའི་རིག་པའི་གནས་ལྔ་ལ་མཁས་པའི་སྔགས་རྙིང་མའི་སྐྱེས་བུ་ཞིག་ཡིན་པར་བཀོད་ཡོད། བཤད་ཚུལ་འདི་ནི་སྡེ་འདིའི་བཤད་ཚུལ་དང་མཐུན་པར་མཆེད་ཁུངས་ཙ་རི་ལ་གཏུགས་ཡོད། ད་རུང་ལོ་རྒྱུས་དེ་ལས་བཀོད་པ་ལྟར་ན་ཧོར་གྲོལ་བ་ཙ་ནེ་ཚང་དང་ཁིས་དམར་ཙ་ནེ་ཚང་ཞེས་ཚོ་མིང་མཐུན་པའི་ཚོ་བའང་ཡོད་པར་སྣང་བས་འདི་དག་གི་མཆེད་ཁུངས་གཅིག་པའམ་ཡང་ན་སྡེ་མིང་འདྲ་བ་ཙམ་ཡིན་ནམ་སོགས་དཔྱད་གཞི་ཆེའང་ཐེངས་འདིར་དུས་ཀྱི་རྐྱེན་པས་ཞིབ་པར་འབྲི་ཐབས་མ་བྱུང་། ཚོ་བ་འདི་ནས་སྔགས་པ་པདྨ་མཁར་དང་སྔགས་པ་སྒྲོལ་མ་དོན་འགྲུབ། སྔགས་འཆང་སངས་སྐྱབས་སོགས་སྐྱེས་ཆེན་མང་པོ་བྱུང་མྱོང་ངོ་། །

ཁྱ་རྒྱ་ཚང་ནི་དེང་གི་གསེར་གཞུང་ཡུལ་ཚོའི་ཁྱ་རྒྱ་སྡེ་བའི་ཐོབ་ཚང་ཞེས་པའི་ཚོ་སྐོར་དེ་ནས་མཆེད་པ་ཡིན་ཞེས་སྡེ་བའི་ངག་རྒྱུན་ན་འདུག  དེ་ལྟར་ན་ཁྱ་རྒྱ་སྡེ་བའི་ས་མིང་ལ་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་དན་ཏིག་དཀར་ཆག་ཏུ་ཁྱ་རྒྱ་ཞེས་བྲིས་ཡོད་པ་དང་། བྱ་བྲལ་ཆོས་དབྱིངས་རང་གྲོལ་ཚང་གི་རང་རྣམ་དུ་ཆ་རྒྱ་ཞེས་འབྲི་ཚུལ་མི་འདྲ་བ་བྱུང་ཡོད། དོན་དུ་རྨ་ཕར་ཁའི་བིས་མདོའི་ཕྱོགས་ཀྱི་ཁྱ་མྱིག་ཅེས་པའི་ཚོ་བ་དེ་ནས་མཆེད་པ་ཡིན་པས་ན་ཁྱ་རྒྱ་ཞེས་པའི་སྡེ་མིང་འདི་བྱུང་བ་ཡིན། ཡང་བིས་མདོའི་ཁྱ་མྱིག་སྡེ་བའི་ངག་རྒྱུན་ལ་ཁོང་ཚོའི་སྡེ་བའི་མིང་ལ་ཁྲ་མིག་ཅེས་འབོད་ཅིང་བྱ་ཁྲའི་མིག་ལ་བརྟེན་ནས་མིང་དེ་ལྟར་ཐོགས་པ་ཡིན་ཟེར། དེ་ལས་ཁྱ་རྒྱའི་ཐོབ་ཚང་ནི་ཡང་ཏིག་རྫོང་ནང་ནས་ཡར་འབྲོག་པ་ལྟ་བུར་མཆེད་ཅེས་པའི་གཏམ་རྒྱུད་སྣང་ཡང་། ནམ་ཞིག་ལ་མཆེད་ཡོང་བ་སོགས་ཀྱི་ངག་རྒྱུན་ཤེས་མཁན་མི་འདུག་པས་ཞིབ་པར་འགོད་དཀའ་བར་གྱུར་ཏོ། །

ཡང་རྡོ་སྦིས་ཡུལ་གྱི་ལོ་རྒྱུས་སྨྲ་བ་རྒན་བཀའ་མ་མཁའ་འབུམ་ལགས་ཀྱིས་ཁོང་ཚོ་ཞུན་ཧྭའི་ས་ཆར་ཁྱ་རྒྱ་ཞེས་པའི་ཚོ་སྐོར་ཞིག་ཡོད་ཚུལ་དང་དེའི་ངག་རྒྱུན་རྣམས་བདག་ལ་བཤད་པ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ་འདི་ལྟར་ཏེ། གནའ་སྔ་མོར་བིས་མདོའི་ཐག་ཉེ་སའི་ཟ་ལར་སྲང་(街子)ཟེར་བའི་ཉེ་འགྲམ་དུ་ཁྱ་རྒྱ་ཞེས་པའི་བོད་ཀྱི་ཚོ་བ་ཆེན་པོ་ཞིག་ཡོད། སྡེ་བ་དེ་ནི་ས་སྐྱ་འཁོན་གྱི་གདུང་རྒྱུད་བིས་མདོ་དཔོན་པོ་ཨ་བསྟན་གྱི་རིང་ལ་བླ་མ་བཀའ་བཞི་པ་ཤེས་རབ་རྒྱལ་མཚན་ཞེས་པ་མདོ་སྨད་ཀྱི་ཡུལ་འདིར་ཕེབས་ནས་གནས་གཞི་བཟུང་ཞིང་། ཕྱིས་སུ་རྒྱུ་རྐྱེན་དུ་མའི་དབང་གིས་ཕྱོགས་སོ་སོར་གྱེས་པ་ལས་བིས་མདོ་དཔོན་ཚང་ནི་དེང་གི་བིས་མདོ་ར་གཤོང་གི་ཡུལ་དེར་མཆེད་ཅིང་། སྐོར་ཞིག་འཇུ་ལག་གཙང་བོའི་ཕྱོགས་དང་དེ་ལས་ཁྱིམ་ཚང་འགའ་ཞིག་བ་ཡན་ས་ཆའི་དན་ཏིག་ཡང་ཏིག་གི་ཕྱོགས་སུ་གནས་སྤོར་བྱས། ཞུན་ཧྭའི་ཚོ་བ་དེ་ལ་དེང་སང་ཡང་ཟ་ལར་ཁྱ་རྒྱ་ཞེས་པའི་ས་མིང་མ་ཉམས་པར་ཡོད་ཅེས་ཟེར། བཤད་རྒྱུན་འདི་ལ་ཡིད་བརྟན་དུ་རུང་མིན་མ་ངེས་ཀྱང་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན་དཔྱད་གཞིར་ངེས་པར་འཛིན་རུང་བས་ན་འདིར་ཆེད་དུ་ཁ་གསབ་ལྟ་བུར་བཀོད་པ་ཡིན་ནོ། །

ཚོ་བ་འདི་ནས་དགེ་བའི་བཤེས་གཉེན་བཟོད་པ་དང་མཚམས་པ་ཐར་བ། མཚམས་པ་འདི་བའི་མ་རྒན་སྨྱུང་གནས་པ་རྒན་མོ་ཡི་དམ་སོགས་འཁྲུངས་སོ། །ཨ་མ་རྒན་མོ་ཡི་དམ་ཟེར་བ་འདི་ནི་མི་ཚེ་གང་པོར་སྨྱུང་གནས་ཀྱི་དཀའ་ཐུབ་བསྟེན་ཞིང་དཀར་པོ་དགེ་བའི་ལས་ཁོ་ནར་བརྩོན་པས། འདའ་ཁར་ཡི་དམ་ཐུགས་རྗེ་ཆེན་པོའི་ཞལ་དངོས་སུ་མཇལ་བའི་ངག་རྒྱུན་ཡོད་དོ། །༼མུ་འགོད།༽

རྩོམ་སྒྲིག་པ། ཀ་དག

47.2K