༄༅།།བ་ཡན་རྩི་ཆགས་སྡེ་བའི་བྱུང་རབས་མདོར་བསྡུས་སུ་བཀོད་པ།༢

ངག་དབང་བཀྲ་ཤིས།

གསུམ་པ། སྔགས་སྡེ་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་ཐུང་ངུ་།

ད་ནི་སྡེ་འདིའི་སྔགས་སྡེ་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་ཐུང་ངུ་ཙམ་ངོ་སྤྲོད་པ་ལ། ངག་རྒྱུན་དུ་མིང་རྒྱལ་རབས་ཀྱི་དུས་སྐབས་སུ། སྡེ་འདིའི་ཉེ་འགྲམ་གྱི་ཚ་རོང་ནང་ཟེར་བའི་གནས་དེར་དགོན་པ་ཆུང་ཆུང་ཞིག་ཡོད་ཀྱང་ཕྱིས་སུ་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་འཇིག ད་ལྟའང་དགོན་ཤུལ་དེ་རུ་རྫ་ལེབ་ཆག་དུམ་མང་པོ་རྙེད་རྒྱུ་ཡོད། དེའི་འོག་ཏུ་བོད་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ལོ་སྟེ། (ཆིང་རྒྱལ་རབས་ཀྱི་བསྔགས་སྨོན་(嘉庆)རྒྱལ་པོའི་ཁྲི་ལོ་གཉིས་པ།)  སྤྱི་ལོ་1797ཙམ་ལ་སེ་ཀྲི་དགོན་པའི་ཨ་ལགས་མ་ཎི་སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་པའི་ཉི་མའམ་(?—1828)མ་ཎི་པཎྜི་ཏ་ཚང་གིས་ས་གནས་དད་ལྡན་མང་ཚོགས་ཀྱི་རེ་བ་དང་དམ་པ་གོང་མའི་ལུང་བསྟན་བཞིན། སྡེ་འདིར་འདུ་ཁང་ཆུང་ངུ་ཞིག་བཞེངས་ཤིང་སྐུ་དངོས་ཀྱིས་རྟ་མགྲིན་གྱི་ཆོས་ཐོག་གསར་འཛུགས་གནང་སྟེ། མི་སྐྱ་ཕོ་མོ་རྣམས་དགེ་བའི་ལམ་ལ་བཀོད། ཨ་ལགས་མ་ཎི་ཚང་གི་སྐུ་ཕྲེང་འདི་བ་ནི་དགེ་ལུགས་པའི་བླ་སྤྲུལ་ཞིག་ཡིན་ནའང་། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་སོགས་གསར་རྙིང་གི་བླ་མ་མང་པོ་བསྟེན་ནས་གྲུབ་མཐའ་རིས་མེད་དུ་སྤེལ་ཞིང་གདུལ་བྱ་ཕྱོགས་མེད་དུ་སྐྱོང་བའི་སྐྱེས་བུ་དམ་པ་ཞིག་ཡིན་ནོ། །

བཀྲ་ཤིས་ཆོས་འཕེལ་གླིང་།

ཕྱིས་སུ་གྲུབ་དབང་བླ་མ་རྟ་མགྲིན་སྐུ་ཕྲེང་དང་པོའི་(1768—1843)སྐུ་དུས་སུ་རྟེན་འབྲེལ་གྱི་གནད་དུ་མར་གཟིགས་ནས་སྔགས་ཁང་རྩི་ཆགས་གྲོང་དཀྱིལ་དུ་གནས་སྤོར་བྱས་ཤིང་། འདུ་ཁང་རྒྱ་ཇེ་ཆེར་བསྐྱེད་པ་མ་ཟད། ཟླ་རེའི་ཚེས་བཅུ་ཉེར་ལྔ་དང་དུས་བཞིའི་ཆོས་ཐོག་རྣམས་འཐུས་ཚང་དུ་བཏང་། དེ་ནས་བླ་མ་རྟ་མགྲིན་སྐུ་ཕྲེང་གཉིས་པ་གར་དབང་འགྲོ་འདུལ་རྡོ་རྗེ་ཚང་(1844—1916)སྐུ་འཚོ་བཞུགས་གནང་སྐབས། འདུ་ཁང་ཉམས་གསོ་དང་རྒྱ་བསྐྱེད་མཛད་ཅིང་ཆོས་ར་སྒོ་ཆེན་དང་བཅས་པ་ལེགས་པར་བཞེངས་ནས་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་པའི་མཚན་གསོལ་གནང་། སྡེ་འདི་ནས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱི་གདམས་པ་སྤེལ་བ་སོགས་བཀའ་དྲིན་ཕྱོགས་མེད་དུ་བསྐྱངས་ཤིང་བཅའ་ཡིག་ཀུན་གསལ་སྒེག་མོའི་མགུལ་རྒྱན་ཞེས་བྱ་བ་མཛད། ཡང་སྡེ་བའི་ངག་རྒྱུན་ན་རྒྱབ་རི་ཨ་མྱེས་མཐེ་དགོད་ཀྱི་ལ་བཙས་འདིའང་ཁོང་གི་ཐུགས་བཀོད་ལྟར་བཞེངས་ཤིང་སྲོག་ཤིང་དང་ནོར་རྒྱུན་བང་མཛོད་སོགས་ཁོང་སྐུ་དངོས་ཀྱིས་རབ་གནས་དང་བྱིན་རླབས་གནང་ཞེས་གྲགས།

སྐབས་འདི་ཞིག་ལ་སྡེ་འདིའི་སྔགས་འཆང་ཆེན་མོ་སངས་སྐྱབས་མཆོག་མགོ་ལོག་གྲུབ་ཆེན་དགོན་དུ་ཕེབས་ཏེ་རྡོ་གྲུབ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མ་(1867—1926)ཚང་གི་ཞབས་ལ་གཏུགས་ནས་མདོ་སྒྱུ་སེམས་གསུམ་གྱི་གཙོས་པའི་དབང་ལུང་ཁྲིད་ཀྱི་གདམས་པ་ཞུས་ཤིང་། སྒོམ་གྱི་ཉམས་ལེན་ལ་གཅིག་ཏུ་གཞོལ། ཕྱིས་སུ་ཕ་ཡུལ་དུ་ལོག་ནས་ཡུལ་འདིའི་སྔགས་པ་རྣམས་ལ་ཆོས་ཁྲིད་གསུངས་པ་སོགས་འགྲོ་དོན་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་པས་བླ་མ་རྟ་མགྲིན་སྐུ་ཕྲེང་གསུམ་པ་གྲགས་ཆེན་ཚང་གི་(1918—1947)སྐུ་དུས་སུ་སླེབས་དུས། ཆོས་སྲིད་གཉིས་ཀའི་ཕྱོགས་གང་ཅིའི་ཐད་ནས་དབྱར་གྱི་མཚོ་མོ་ལྟར་འཕེལ་རྒྱས་བྱུང་ཞིང་། ལས་དཔོན་དུ་དོན་འགྲུབ་ཟེར་བ་བསྐོས་ནས་འདུ་ཁང་ཆེན་མོ་དང་ཇ་ཁང་། བླ་མའི་ནང་ཆེན། བཙན་ཁང་། གྲྭ་ཤག་ཁང་མིག་བཅུ་གཉིས་བཅས་བསྐྲུན་པ་མ་ཟད་སྔགས་པ་དྲུག་ཅུ་ལྷག་ཙམ་འདུས་ཞེས་གྲགས་སོ། །

དེ་ནས་རྙིང་བ་ཡོད་ཚད་གདོན་བགེགས་སུ་བལྟ་བའི་རིག་གནས་གསར་བརྗེའི་ལས་འགུལ་གྱི་ཁྲོད། སྔགས་ཁང་འདི་ལའང་གཏོར་བཤིག་ཚབས་ཆེན་ཕོག་ཅིང་ཆོས་སྤྱོད་བཅས་པར་ཉམས་རྒུད་ཆེན་པོ་བྱུང་ཡང་། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཤར་བ་ནས་བླ་མ་རྟ་མགྲིན་སྐུ་ཕྲེང་བཞི་བས་(1949—2017བཀའ་བཀོད་བཞིན་སྔགས་ཁང་གི་རྟེན་བརྟེན་པ་ཕལ་ཆེ་བ་བསྐྱར་གསོ་བྱུང་ཞིང་། སྡེ་འདིའི་སྔགས་པ་རྒན་རབས་པ་སྔགས་འཆང་མཆོག་གསུམ་དང་སྔགས་པ་ཁྱི་ཕྲུག སྔགས་པ་སྣ་ལ། སྔགས་པ་དཔལ་འབྱོར། སྔགས་པ་དཀོན་མཆོག ཁྱི་ཕྲུག་སོགས་ཀྱི་བདག་རྐྱེན་ལས་དུས་བཞིའི་ཆོས་ཐོག་དང་ཚེས་བཅུ་སོགས་ཀྱི་འདོན་ཆོག བཅའ་ཀ་ཕྱག་ལེན་བཅས་སྔར་མུས་བཞིན་སླར་གསོ་བྱེད་ཐུབ་པ་བྱུང་ངོ་། །

2013ལོའི་ཟླ་གསུམ་པའི་ནང་སྡེ་འདིའི་དད་ལྡན་མང་ཚོགས་ཀྱི་རེ་འདུན་ལྟར། བླ་མ་རྟ་མགྲིན་སྐུ་ཕྲེང་བཞི་བས་རྒྱུ་སྦྱོར་གནང་ཞིང་ཁོང་རིན་པོ་ཆེ་སྐུ་དངོས་ཀྱིས་བཀོད་ཁྱབ་གནང་བ་བཞིན། སྔར་གྱི་འདུ་ཁང་གི་ཤུལ་དུ་གནྡྷོ་ལ་བརྩེགས་རིམ་གཉིས་ཅན་ཞིག་བཞེངས། བརྩེགས་རིམ་དང་པོའི་གཡས་གཡོན་དུ་ཀུན་དགའ་ར་བ་དང་བཙན་ཁང་། དེའི་ཕྱི་བསྐོར་དུ་མ་ཎི་ཁང་དང་མཛོད་ཁང་། ཇ་ཁང་། མཚམས་ཁང་གྱན་གཉིས་བཅས་ལེགས་པར་བཞེངས་གྲུབ་བྱུང་། ནང་རྟེན་ལ་གཙོ་སྐུ་སློབ་དཔོན་པདྨ་འབྱུང་གནས་དང་ཡི་དམ་རྟ་མགྲིན། སྤྱན་རས་གཟིགས། འོད་དཔག་མེད། སྟོན་པ་ཤྭཀྱ་ཐུབ་པ། སངས་རྒྱས་སྨན་བླ། སངས་རྒྱས་མར་མེ་མཛད། མི་བསྐྱོད་པ། ཕུར་པ། སྒྲོལ་དཀར། སྒྲོལ་ལྗང་སོགས་གསེར་ཟངས་ལས་གྲུབ་པ་སྐུའི་རྟེན་དང་། གཞན་ཡང་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་ཆ་ཚང་། གསེར་འོད་དམ་པ། མདོ་སྡེ་བསྐལ་བཟང་། གདུགས་དཀར། སྒྲོལ་དཀར་བསྟོད་པ། ཐར་མདོ། བཟང་སྤྱོད། མ་ཎི་ཡིག་དྲུག་སོགས་གཟུངས་སྔགས་ཀྱི་སྐོར། འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་རྡོ་རྗེ་གཅོད་པ། ཀློང་ཆེན་མཛོད་བདུན་སོགས་གསུང་རྟེན་དུམ་པ་900ལྷག་དང་། འོད་དཔག་མེད་དང་སྨན་བླ། སྤྱན་རས་གཟིགས་ཕྱག་བཞི་པ། རྗེ་ཙོང་ཁ་བ། སྒྲོལ་དཀར། སྒྲོལ་ལྗང་། ཛམ་ལྷ། སྲུང་མ། སྤྱན་རས་གཟིགས་ཕྱག་སྟོང་གི་གྱན་ཐང་རྣམས་བཅས་རྟེན་དང་བརྟེན་པ་ཁ་ཚང་བར་བཞེངས་གྲུབ་བྱུང་ངོ་། །

བཀྲ་ཤིས་ཆོས་འཕེལ་གླིང་།

ཉེ་བའི་དུས་སུའང་བླ་མ་རིན་པོ་ཆེ་རྟ་མགྲིན་བཞི་པ་མཆོག་གི་གསུང་གིས་བསྐུལ་བ་ལ་བརྟེན་ནས་སྡེ་འདིའི་སྔགས་འཆང་རིག་པ་འཛིན་པ་སྐོར་ཞིག་གིས་སྔ་འགྱུར་རྙིང་མའི་ཆོས་རྒྱུན་གྱི་ཁུངས་གྲུབ་དབང་རྫོགས་ཆེན་དགོན་གྱི་ཁྱབ་བདག་པ་ཆེན་པོ་པདྨ་སྐལ་བཟང་རིན་པོ་ཆེ་ཚང་གི་སྐུ་མདུན་ནས་ཁྲིད་ཡིག་ཡེ་ཤེས་བླ་མ་དང་སྙིང་ཐིག་ཡ་བཞི། སྙིང་ཐིག་དུམ་གཉིས་ལ་སོགས་པའི་དབང་ལུང་ཁྲིད་ཀྱི་གདམས་པ་ཞུས་ཤིང་ལོ་རེར་ཟླ་གསུམ་ལ་སོགས་པར་མཚམས་བསྙེན་སྒྲུབ་ལ་འབད་པ་བྱེད་མཁན་ཡང་དུ་མ་ཞིག་བྱུང་ཡོད། ད་ལྟ་སྔགས་སྡེ་འདིར་དགོན་བདག་བླ་མ་གཅིག་དང་མཁན་པོ་གསུམ། ལས་སྣེ་གཅིག །དཀོར་གཉེར་གསུམ། སྔགས་པ་དཔེ་ཆ་བ་30བཅས་ཀྱིས་གྲུབ་ཡོད། ལོ་རེའི་ཆོས་ཐོག་གི་སྐོར་ལ། ཟླ་གསུམ་པའི་རྟ་མགྲིན། བཞི་བའི་མ་ཎི། དྲུག་པའི་རྟ་མགྲིན། དགུ་པའི་རྟ་མགྲིན། བཅུ་གཅིག་པའི་སྒྲུབ་མཆོད་རྟ་མགྲིན། ཟླ་བཅུ་གཉིས་པའི་བླ་མ་རྟ་མགྲིན་སྐུ་ཕྲེང་གསུམ་པའི་དགོངས་རྫོགས་སྨོན་ལམ་ཆེན་མོ་བཅས་རྒྱུན་ཆགས་སུ་སྤེལ་བཞིན་པ་བཅས་སོ། །

སྡེ་འདིའི་སྔགས་འཆང་ཁ་ཤས།

བཞི་པ། སྡེ་འདིར་འཁྲུངས་པའི་སྐྱེས་བུ་དམ་པ་འགའ་ཞིག་གི་ངོ་སྤྲོད་ཐུང་ངུ་།

ལོ་རྒྱུས་ཀྱི་འཕེལ་འགྱུར་རིང་མོའི་ཁྲོད་སྡེ་འདི་རུ་འགྲོ་བ་སེམས་ཅན་གྱི་བདེ་སྡུག་སེལ་བའི་བླ་མ་སྤྲུལ་སྐུ་དང་རིམ་གཉིས་གདེང་དུ་ཕྱིན་པའི་སྔགས་རྒན་གྲུབ་ཐོབ་པ། ཚེ་གཅིག་ལ་སྒྲུབ་པ་མཛད་པའི་བྱ་བཏང་བ། རྣམ་དཀར་ལས་ལ་བརྩོན་པའི་དགེ་སེམས་ཅན་སྔ་ཕྱིར་མང་བོ་བྱོན་མྱོང་ཡང་། སྐྱེས་བུ་དེ་དག་གི་རྣམ་ཐར་དང་མཛད་རྗེས་རྣམས་ངག་ཐོག་ཏུ་བརྒྱུད་པ་ལས་ཡིག་ཐོག་ཏུ་བཀོད་པ་མི་སྣང་བའི་ཕྱིར། འདིར་གསལ་བར་བཀོད་པའི་སྤོབས་པ་མ་མཆིས་ཀྱང་རགས་ཙམ་ཞིག་ངོ་སྤྲོད་ཞུ་བ་ལ།

བླ་མ་ཡར་ཁ་རིན་པོ་ཆེ་ཚང་།༽

བླ་མ་ཡར་ཁ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་(?—1925)ནི། སྡེ་འདིའི་ཚ་རོང་རུ་སྐོར་དུ་ཡབ་དོན་འགྲུབ་དང་ཡུམ་ཇོ་མོ་རྒྱ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུར་སོན་མ་ཐག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་(1856—1916)ཚང་གིས་བླ་མ་རུ་ཁུད་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད་ཅིང་མཚན་ལ་བློ་བཟང་ཐུབ་བསྟན་དབང་ཕྱུག་ཏུ་གསོལ། རྗེ་མ་ཎི་སྐུ་ཕྲེང་བཞི་པ་བློ་བཟང་ཐུབ་བསྟན་དར་རྒྱས་(ཧ་ལམ1829 —1894)ཀྱི་དྲུང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དགེ་རྒན་དམ་པ་རྒྱལ་མཁར་ཨ་ཀ་ཞེས་པའི་མདུན་ནས་ཆོས་སྤྱོད་ཆོ་ག་བསླབ་ཅིང་གང་གང་སྦྱངས་པ་རྣམས་ཚེགས་མེད་དུ་མཁྱེན་པ་དང་། ཞོར་ནས་ལྷ་རིས་རི་མོ་སོགས་ཀྱང་མ་སྦྱང་བར་ཐུགས་སུ་ཆུད་པ་སོགས་ཁོང་གི་ལྷན་སྐྱེས་ཀྱི་ཡོན་ཏན་དང་མཛད་སྤྱོད་དག་ཕལ་བའི་བློ་ལས་འགོངས་སོ། །

བར་སྐབས་ཤིག་ལ་མཱ་ཇག་ཚོགས་པས་བ་ཡན་ས་ཆ་དང་ཁྱད་པར་དུ་ཡུལ་འདིར་འཕྲོག་བཅོམ་གཏོར་གསུམ་དང་མི་གསོད་ཁྲག་སྦྱོར་བྱས་པ་ལ་ཐུགས་ཀྱིས་མ་བཟོད་ནས། དགོས་པ་བྱུང་ན་དགག་པ་དོར་གསུངས་བཞིན་སྐྱ་ཆས་མནབས་ཏེ་གཡུལ་ལ་ཞུགས་ཤིང་ཇག་དམག་གི་འགོ་བ་བསད་པ་ལ་བརྟེན་ནས་ཐེངས་དེའི་ཡ་ང་བའི་དོན་རྐྱེན་གཞི་ནས་ཞི་འཇགས་སུ་སོང་། དེ་ནས་ཨ་ལགས་སྐུ་མཆེད་རིན་པོ་ཆེ་དགེ་འདུན་བསྟན་པ་རབ་རྒྱས་ཚང་གདན་དྲངས་ནས་བསླབ་སྡོམ་གསོར་རུང་བ་རྣམས་ལ་བསླབ་པ་ནོད་དེ་བསླབ་པ་དག་གཙང་དུ་བཏང་། ཁོང་རང་ཉིད་ཀྱིས་ཀྱང་བསླབ་པ་ལ་ཕམ་ཉེས་བྱུང་བའི་འགྱོད་བཤགས་སུ་འཇམ་དཔལ་མཚན་བརྗོད་དང་ཡིག་བརྒྱ་སོགས་བླ་མའི་བཀའ་བཞིན་ཚད་ལྡན་བསྒྲུབས་སོ། །

དེ་ནས་ཆུ་མིག་བརྒྱ་རྩ་འགྲིམ་ཞིང་སྔ་ཕྱིར་ཡོངས་འཛིན་དུ་མ་བསྟེན། ཁྱད་པར་དུ་རིགས་བདག་བླ་མ་གཙོས་གཏེར་སྟོན་ཚང་གི་ཞབས་པད་བསྟེན་ནས། མདོ་སྔགས་ཀྱི་བཀའ་ཆོས་དུ་མ་དང་ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་གཙོས་པའི་བཀའ་མདོ་སྒྱུ་སེམས་གསུམ་ལ་སྦྱང་བརྩོན་དཔྱིས་ཕྱིན་པ་གནང་ཞིང་། སྒྲུབ་པ་ཉམས་ལེན་ལ་གཞོལ་བས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གཞན་ཡང་དྲག་པོའི་མངོན་སྤྱོད་བསྒྲུབས་པས་ལས་བཞིའི་འཕྲིན་ལས་ལ་མངའ་དབང་འབྱོར། གྲུབ་པའི་རྟགས་དང་མངོན་ཤེས་ཐོགས་པ་མེད་པར་གྱུར། དེ་ནས་བཟུང་གསར་རྙིང་རིས་མེད་ཀྱི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར་ཏེ་འགྲོ་དོན་མཁའ་མཉམ་དུ་སྤེལ། པདྨ་ཆོས་འཕེལ་གླིང་གི་སྔགས་འཆང་གྲུབ་ཐོབ་པ་དཔོན་གློའུ་ཚང་དང་ཐུགས་འབྲེལ་ཤིན་ཏུ་ཟབ་ཅིང་། ཕན་ཚུན་མཐུ་རྩལ་འགྲན་པའི་ལོ་རྒྱུས་ད་ལྟའི་བར་དུ་ངག་རྒྱུན་ན་གྲགས་ཆེ། ཡར་རྫི་གྲོང་གི་རིམས་ནད་སད་པ་སོགས་གང་ལ་གང་འཚམས་ཀྱི་འགྲོ་དོན་བསྐྱངས།

མཐར་དགུང་གྲངས་ང་ལྔའི་སྟེང་དགོངས་པ་གཞི་དབྱིངས་སུ་ཐིམ་པའི་ཚུལ་བསྟན། སྐུ་གདུང་ཞུགས་འབུལ་སྐབས་ནམ་མཁར་འཇའ་འོད་ཀྱི་གུར་ཕུབ་པ་དང་གདུང་རུས་ལ་ཚེ་དཔག་མེད་ཀྱི་སྐུ་བརྙན་མཐེ་བོང་གི་ཚད་ཙམ་བྱུང་བ་སོགས་གྲུབ་པའི་རྟགས་མཚན་དེར་འདུས་ལས་ལྡན་ཀུན་གྱི་མངོན་སྣང་དུ་གྱུར་ཏོ།།

བླ་མ་ཡར་ཁ་ཚང་འཁྲུངས་ཤུལ་དུ་བཞེངས་པའི་མཆོད་རྟེན།


ཨ་ལགས་བསྟན་པ།༽

བིས་མདོ་ར་གཤོང་གི་ཨ་ལགས་བསྟན་པ་ཚང་ནི་བླ་མ་ཡར་ཁ་ཚང་གི་ཕའི་གཅུང་པོ་སྟེ་ཡབ་བླ་མ་སྐྱབས་དང་ཡུམ་དཔའ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། གཙོས་གཏེར་སྟོན་ཚང་གིས་ངོས་འཛིན་མཛད་ཅིང་ཁོང་གི་ཞབས་པད་བསྟེན་ནས་བཀའ་ཆོས་མང་པོ་དང་ལྷག་པར་དུ་ཨ་ཏི་རྫོགས་པ་ཆེན་པོའི་ཁྲིད་གདམས་པ་དང་བཅས་པ་གསན། དབེན་གནས་དུ་མར་འགྲིམས་ནས་སྒྲུབ་སྦྱོང་དཔྱིས་ཕྱིན་པ་གནང་བས་གྲུབ་པ་བརྙེས་ཤིང་མཐུ་དང་ནུས་པ་ལ་ཆགས་ཐོགས་མེད་པར་གྱུར། བླ་མས་བིས་མདོ་ར་གཤོང་སྣ་ཁར་ཕེབས་ན་གདུལ་བྱ་ཡོད་ཚུལ་གྱི་ལུང་བསྟན་གནང་བ་བཞིན་དེར་ཕེབས་ནས་བིས་མདོ་སྔགས་མང་ལ་མ་ཎི་སོགས་གསུངས་ནས་འགྲོ་དོན་བསྐྱངས། ཁོང་གི་མཚམས་ཁང་ནི་རྩི་ཆགས་སྡེ་བའི་མདུན་རིའི་ཡོལ་གོང་ཟེར་བའི་ས་དེ་དང་ཨ་མགོན་སོགས་ན་ཡོད། སྐུ་ཚེའི་མཇུག་ཙམ་ལ་གཡིས་རྩ་དཔོན་པོ་གུ་རུ་རྡོ་རྗེ་ཡི་མཆོད་གནས་སུ་བཞུགས་པ་སོགས་མཛད་པ་མཐར་ཕྱིན་ནས་གནས་དེར་དགོངས་པ་རྫོགས་ཤིང་སྐུ་གདུང་ཁྲི་གང་ལས་བཞུགས་མེད་པའི་ངག་རྒྱུན་ཡང་འདུག་གོ། །


ཀ་རྒྱ་མཚམས་པ་བཤེས་གཉེན་ནོར་བུ།༽

ཀ་རྒྱ་མཚམས་པ་བཤེས་གཉེན་ནོར་བུ་ཚང་ནི་བླ་མ་ཡར་ཁ་ཚང་གི་སྐུའི་སྤུན་མཆེད་དུ་འཁྲུངས། བླ་མ་རྟ་མགྲིན་སྐུ་ཕྲེང་གཉིས་པ་གར་དབང་འགྲོ་འདུལ་རྡོ་རྗེ་ཚང་གིས་ཨ་ལགས་ནོར་བུ་ཚང་གི་ཡང་སྤྲུལ་དུ་ངོས་འཛིན་གནང་ཡང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་མཐུ་དམན་པས། དགུང་ལོ་བརྒྱད་ཙམ་ལས་སྐུ་ཚེ་མཐར་མ་ཕྱིན་པར་གཤེགས་སོ། །

བྱ་བྲལ་བ་སངས་སྐྱབས།༽

བྱ་བྲལ་བ་ཨ་ཁུ་སངས་སྐྱབས་ནི་སྡེ་འདིའི་ཙ་ནེ་ཚང་ཞེས་པའི་རུ་སྐོར་དེར་འཁྲུངས། དགུང་ན་ཕྲ་བའི་དུས་སུའང་ཀློག་པ་ཐོས་བསམ་ལ་མོས་ཤིང་། ཐུགས་དད་པ་ངེས་འབྱུང་། བློ་རིག་དང་སྙིང་རྗེ་རྣམས་སྐྱེས་ཐོབ་ཏུ་མངའ་བའི་རྟགས་མཚན་མངོན་པར་གསལ་བའི་སྐྱེས་བུ་ཞིག་ཡིན་པར་གྲགས། དེ་ནས་ཅུང་ནར་སོན་པ་དང་རྡོ་གྲུབ་ཆེན་རིན་པོ་ཆེ་ཚང་གི་མཚན་གྱི་སྙན་པ་གོ་ནས་དེ་བ་ཚང་ལ་མཇལ་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་ནས་མགོ་ལོག་བརྒྱུད་གྲུབ་ཆེན་དགོན་རྩང་ཆེན་དངོས་གྲུབ་དཔལ་འབར་གླིང་དུ་ཕེབས་ཏེ་རྡོ་གྲུབ་བསྟན་པའི་ཉི་མ་ཚང་གི་ཞབས་ཐོག་མར་མཇལ་ཞིང་། དེ་ནས་ལོ་ངོ་གསུམ་གྱི་རིང་ལ་ཟས་བརྗེད་གཉིད་ཆག་དང་ཟས་གོས་ངན་ངོན་ཙམ་གྱི་དཀའ་སྤྱད་ལ་མི་ཞུམ་པའི་སྙིང་སྟོབས་བསྐྱེད་དེ། ཐོས་བསམ་སློབ་གཉེར་དང་ཞོར་དུ་བསྙེན་སྒྲུབ་མཛད་པས་བླ་མ་རྡོ་གྲུབ་རིན་པོ་ཆེ་ཚང་ཡང་ཐུགས་དགྱེས་ཚོར་ཆེན་པོ་མཛད་ནས་ཆེད་དུ་མཇལ་ཁ་གནང་ཞིང་། འཚོ་བའི་ཁ་གསབ་ཏུ་མར་རྩམ་སོགས་གནང་བ་མ་ཟད། སྐྱབས་སྡོམ་དང་དགེ་བསྙེན་གྱི་སྡོམ་པ་གནང་ནས་ཕྱིན་ཆད་སྒྲུབ་པ་ཉམས་ལེན་བྱེད་དགོས་ཚུལ་གྱི་བཀའ་སློབ་ཀྱང་གནང་། དེ་ནས་སྙིང་ཐིག་གོང་འོག་གི་དབང་དང་གདམས་པ་རྣམས་ཉམས་ཁྲིད་དུ་གསན་ཞིང་གཞན་ཡང་བཀའ་ཆོས་མང་པོའི་བཤད་པ་དང་ཁྲིད་ལུང་སོགས་གསན་པ་རྒྱ་ཆེར་མཛད་དེ་སླར་རང་ཡུལ་དུ་ཕེབས། སྡེ་བའི་རྒྱབ་རིའི་རྩར་མཚམས་ཁང་བཏབ་སྟེ་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་འབད།

རྩ་བའི་བླ་མ་གྲུབ་དབང་རྟ་མགྲིན་གྲགས་ཆེན་ཚང་གིས་བཀའ་བཀོད་ལྟར། པདྨ་ཆོས་འཕེལ་གླིང་དུ་ཕེབས་ནས་དེར་འདུས་སྔགས་མང་ལ་བཀའ་ཆོས་མང་དུ་གསུངས། ཡང་སིལ་ལུང་མཚམས་ཁང་ཞེས་པར་ཡུན་རིང་པོར་སྒོམ་སྒྲུབ་ཀྱི་ཞོར་དུ་སྔགས་པ་རྣམས་ལ་ཆོས་འཆད་ཉན་གདམས་པ་ཆ་ལག་དང་བཅས་པ་སྤེལ། སློབ་མ་གཙོ་བོ་པདྨ་ཆོས་འཕེལ་གླིང་གི་སྔགས་འཆང་ཁྱི་ཕྲུག་དང་མཚམས་པ་རྡོ་རྗེ། སྔགས་འཆང་པདྨ་དབང་རྒྱལ་སོགས་རིག་འཛིན་སྔགས་འཆང་མང་པོ་བྱུང་། སྐུ་ཚེ་སྨད་ལ་རང་ཡུལ་རྩི་ཆགས་སུ་ཕེབས་ནས་དེར་དགོངས་པ་རྫོགས་སོ། །        

མཚམས་པ་ཐར་བ།༽

མཚམས་པ་ཐར་བ་ནི་ཕ་རྟ་སྐྱབས་དང་མ་ཡི་དམ་གཉིས་ཀྱི་རིགས་སུ་འཁྲུངས། ལོ་ན་ཆུང་བའི་དུས་སུ་ནད་གཞི་ལྗིད་མོ་ཞིག་བྱུང་ནས་མོ་བ་དང་རྩིས་པ་ལ་ཞུས་པར། ལོ་བཅོ་ལྔའི་ཚུན་ལ་གེགས་བར་ཆད་ཆེ་བས་ཐར་མདོ་སྟོང་གཅིག་འདོན་ཐུབ་ན་བར་ཆད་ཟློག་ཅེས་གསུངས་པ་དེ་བཞིན་བསྒྲུབས་པས་མིང་ལའང་ཐར་བ་ཞེས་བཏགས། ཕྱིས་སུ་ཏག་ཏག་ལོ་བཅོ་ལྔ་ལ་ཉེ་བའི་དུས་སུ་བྲག་དཀར་ནང་ཞེས་པའི་ས་དེར་གློ་བུར་དུ་བྲག་ནང་དུ་ལྷུང་སྟེ་འཇིགས་སྣང་ཙམ་བྱུང་ཡང་དེ་ནས་བཟུང་བར་ཆད་ཀྱི་འཕྲང་སེལ། རྐྱེན་ངན་གྲོགས་སུ་ཤར་ནས་ཉིན་བདུན་གྱི་རིང་ལ་ཕྱི་མཚམས་བཅད་དེ་ཐར་མདོའི་ཀློག་འདོན་ལ་རྩེ་གཅིག་ཏུ་འབད། བླ་མ་གཙོས་གཏེར་སྟོན་ཚང་གི་ཞབས་ནས་དབང་ལུང་ཁྲིད་ཀྱི་གདམས་པ་མང་དུ་གསན། ཉིན་ཞིག་བླ་མ་གཏེར་སྟོན་ཚང་གིས་སྟོན་པའི་སྐུ་ཞིག་གཏེར་ནས་བཞེས་ཏེ་ཚོགས་པ་ཡོངས་ལ། འདི་ནི་ཁྱེད་སློབ་མ་རྣམས་རབ་ཏུ་བྱུང་དགོས་པའི་རྟེན་འབྲེལ་རེད་ཅེས་གསུངས་པ་བཞིན་ཁོང་ལོ་སུམ་ཅུའི་སྟེང་ཆུང་མའང་ཡིད་འཐད་བྱུང་སྟེ་རབ་ཏུ་བྱུང་། རིགས་རྒྱུད་ལྕམ་སྲང་གཉིས་ཡོད་པར་གྲགས།

   དེ་ནས་བཟུང་ཁྱིམ་སྤངས་ཏེ་བློ་རྩེ་ལྷ་དང་བླ་མར་བཅོལ་ཞིང་འདིར་སྣང་གི་ཞེན་པ་དོར་ནས། སྙིང་པོའི་སྒྲུབ་པ་ལ་འབད་པའི་ཞེ་བཅད་དྲག་པོས་རྩི་ཆགས་སྡེ་བའི་ཉེ་འགྲམ་གྱི་བྲག་དགོན་པ་ཞེས་པའི་མཚམས་ཁང་དུ་ཕེབས་ཤིང་དེར་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་བསྙེན་མཚམས་ལ་བསྡད། ཉིན་གཅིག་མཚན་མོ་གཉིད་མ་སད་ཀྱི་སྣང་བ་ལ་བླ་མ་གཏེར་སྟོན་ཚང་ཕེབས་ནས་ཁྱོད་ས་འདིར་མ་འདུག་མྱུར་དུ་སོང་གསུངས་ནས་མི་སྣང་བར་གྱུར། ལུང་བསྟན་ཡིན་པར་གོ་ནས་དེ་མ་ཐག་ཏུ་ལམ་ལ་ཆས་ཏེ་གནས་གཞན་ལ་ཕེབས། ཕྱི་ཉིན་ས་དེའི་བྲག་རི་ཉིལ་ནས་མཚམས་ཁང་གི་ཤུལ་ཙམ་ཡང་མེད་པར་གྱུར། ཡུལ་མི་ཀུན་གྱིས་གནས་ཚུལ་དེ་གོ་བས་ཡ་མཚན་སྐྱེས་ཤིང་མི་ཕྱེད་པའི་དད་པ་ཐོབ། ཕྱིས་སུ་དགོང་ལོ་བརྒྱད་ཅུ་ཙམ་ནས་རང་ཁྱིམ་དུ་མཚམས་ཁང་ཆུང་ངུ་ཞིག་བཏབ་ནས་ཚེ་དང་སྒྲུབ་པ་སྙོམས་པར་བཞུགས་ནས་ལོ་བརྒྱ་དང་བཅུ་ཙམ་ལ་རང་ཡུལ་ནས་གཤེགས་སོ། །

སྔགས་འཆང་སྒྲོལ་མ་དོན་འགྲུབ།༽

སྔགས་འཆང་སྒྲོལ་མ་དོན་འགྲུབ་ནི། བླ་མ་སུ་བསྟེན་མི་གསལ་ཡང་། ལོ་ཚིགས་གོང་འོག་བསྒྲིགས་ན་ཕལ་ཆེར་བླ་མ་རྟ་མགྲིན་རྡོ་རྗེ་བདུད་འདུལ་ལམ། ཡང་ན་རྗེ་མ་ཎི་བློ་བཟང་བསྟན་པའི་ཉི་མ་ཚང་གང་རུང་ཞིག་ཡིན་ནམ་སྙམ། ཡི་དམ་རྟ་མགྲིན་གྱི་བསྙེན་པ་ཚད་ལྡན་བཏང་བས་གྲུབ་པའི་རྟགས་མཚན་བྱུང་། མནན་བསྲེགས་འཕང་གསུམ་གྱི་ལས་སྦྱོར་ལ་མཁས་པས་གདུག་འདྲེ་བྱུར་གསུམ་གྱི་གནོད་པ་ཆམ་ལ་ཕབ་ཅིང་། སེར་སྲུང་གི་ལས་སྦྱོར་སྐབས་ཕྱག་མཛུབ་ནས་མེ་ལྕེ་འབར་བ་སོགས་མཚར་གཏམ་མང་བོ་རྒན་རབས་རྣམས་ཀྱི་ངག་རྒྱུན་ན་གླེང་རྒྱུ་ཡོད་དོ། །

སྔགས་པ་པདྨ་མཁར།༽

གཟའི་དགེ་བསྙེན་རཱ་ཧུ་ལའི་གསང་སྒྲུབ་གྲུབ་ནས། མི་ཚེ་གཅིག་ལ་ས་བདག་ཀླུ་གཉན་དང་རྨ་འབྲུམ་གྱི་ནད་ཀྱིས་མནར་བའི་ཉམ་ཐག་པའི་སེམས་ཅན་ལ་ཕན་པ་ཁོ་ན་བསྒྲུབས་ནས་བཞུགས། ཁོང་གི་གཟའ་ཐང་ཤིན་ཏུ་གཉན་པས་ཕྱིས་ཤིག་ནས་ཁྱིམ་ཚང་གིས་བདག་ཉར་བྱེད་མ་ཐུབ་པར་སྔགས་གཞུང་ལ་ཕུལ། དེ་བས་ད་ལྟའི་བར་དུ་རྩི་ཆགས་སྔགས་མང་གི་ཆོས་སྐྱོང་མཐུ་བཙན་ཟེར་བའང་སྔགས་འཆང་ཁོང་གི་བཀའ་དྲིན་ཡིན་ཞེས་ངག་རྒྱུན་ན་གསལ། ཡིད་ཕངས་པ་ཞིག་ནི་གཟའ་ཐང་འདི་རིག་གནས་གསར་བརྗེ་ཞེས་པའི་ཟང་ཟིང་གི་ལས་འགུལ་ཁྲོད་དུ་འབྱུང་བཞིར་ཐིམ་མོ། །

མཚམས་པ་ཤཱཀྱ།༽

ཁོང་གི་མཚན་དངོས་ནི་མཚམས་པ་ཤཱཀྱ་ཟེར་ཡང་ཡུལ་མི་ཀུན་གྱིས་ཤཱཀྱ་སྨྱོན་པ་ཞེས་འབོད་ཀྱིན་ཡོད་ཟེར། ཁོང་གི་མཚམས་ཁང་ནི་སྡེ་བའི་རྒྱབ་རི་ན་འདུག་ལ་ད་ལྟ་ཁང་ཤུལ་ཙམ་མཐོང་རྒྱུ་ཡོད། བླ་མ་སུ་བསྟེན་དང་དུས་ནམ་ཞིག་ལ་འཁྲུངས་པ་སོགས་མི་གསལ། ཚེ་གཅིག་ལ་མཚམས་ཁང་དུ་བཞུགས་ནས་བསྙེན་སྒྲུབ་ཁོ་ན་ལ་གཞོལ་བས་གྲུབ་པའི་རྟགས་མཚན་བརྙེས། ཉིན་ཞིག་ཉེ་གནས་ལ་ད་ང་རང་འགྲོ་རན་སོང་། ངའི་གདུང་ལ་འཇལ་འདོད་པ་ཚོ་བོས་ཤོག་གསུངས་ནས་སྐུ་གཤེགས། སྐུ་གདུང་རིམ་གྱིས་ཇེ་ཆུང་སོང་སྟེ། ཉིན་བདུན་གྱི་རྗེས་སུ་ཁྲི་གང་བ་ཙམ་དུ་གྱུར། དེར་འདུས་ཡུལ་མི་ཀུན་གྱིས་ཚུལ་དེ་མཐོང་བས་ཁོང་ནི་མི་ཕལ་བ་ཞིག་མིན་པར་ཡིད་ཆེས་ཤིང་དད་པའི་གནས་ལ་བཀོད་དོ། །

དགེ་བའི་བཤེས་གཉེན་བཟོད་པ།༽

ཁོང་ནི་ཁྱ་རྒྱ་ཚོ་བའི་མཚམས་པ་ཐར་བ་ཞེས་པའི་སྲས་སུ་འཁྲུངས་ཤིང་ཆུང་ངུའི་དུས་ནས་རྒྱ་རྒྱའི་དགོན་ཐེག་ཆེན་དར་རྒྱས་གླིང་གི་ཆོས་སྒོར་ཞུགས་པས་ཀུན་གྱིས་རྒྱ་རྒྱའི་བཟོད་པ་ཞེས་འབོད། རིམ་བཞིན་རབ་བྱུང་དང་དགེ་སློང་གི་སྡོམ་པ་ནོད་དེ་འདུལ་སྡོམ་མིག་འབྲས་ལྟར་བསྲུངས་ཤིང་ཆོས་སྤྱོད་དང་ཆོ་ག་རྣམས་རིམ་པར་བསླབས། ཕྱིས་སུ་ལྡི་ཚ་བཀྲ་ཤིས་ཆོས་ལྡིང་དུ་ཕེབས་ནས་སྐུ་གཞོག་ཞྭ་དམར་ཚང་གི་ཞབས་ལ་གཏུགས་ཤིང་། དེར་ལོ་ངོ་བཅུ་ཕྲག་ཙམ་ལ་གཞུང་བཀའ་པོད་ལྔ་སོགས་ལ་སྦྱང་བ་གནང་བས་མཁས་པའི་གྲགས་པ་རྒྱས། དགོང་ལོ་སུམ་ཅུ་སོ་ལྔ་ཙམ་ལ་སྐུ་གཤེགས་སོ། །

མཚམས་པ་བྱམས་པ།༽

ཆུང་ངུའི་དུས་སུ་ཁམས་རྫོགས་ཆེན་དགོན་དུ་ཕེབས་ནས་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་(1872—1933)དང་མཇལ། ཁོང་རིན་པོ་ཆེའི་མདུན་ནས་ཡོན་ཏན་མཐའ་དག་གི་གཞི་རྟེན་དགེ་ཚུལ་སློང་གི་བསླབ་སྡོམ་རིམ་པར་ནོད་ཅིང་བཀའ་མདོ་རྒྱུད་ཀྱི་དབང་ལུང་ཁྲིད་ཀྱི་གདམས་པ་དུ་མ་གསན། ཁྱད་པར་དུ་ཨ་ཏི་རྫོགས་པ་ཆེན་པོའི་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་གདམས་པ་བཅས་གསན་སྒོམ་གནད་སྨིན་བྱས་ཏེ་སླར་ཕ་ཡུལ་དུ་བྱོན། སྡེ་བའི་མདུན་རིའི་ཐད་དུ་མཚམས་ཁང་བརྩིགས་ནས་སྙིང་པོ་སྒྲུབ་པ་ལ་འབད་པ་ཆེ་ཐང་དུ་གནང་། དབྱར་གྱི་དུས་སུ་ན་བཟའ་ཕུད་དེ་ལུས་གཅེར་བུར་རྡོ་ཕ་བོང་སྟེང་བཞུགས་ནས་ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ་ཡིད་ལ་བྱས་ཏེ་བསྒོམས་པ་དང་དགུན་ཁར་ཡང་ལུས་གཅེར་བུར་གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་བསྒོམས་པ་སོགས་དཀའ་སྤྱད་སྙིང་རུས་སྐྱེད་ནས་མི་ཚེ་མཐར་འཁྱོལ་ལོ། །
         གཞན་ཡང་གྲུབ་བརྙེས་ཀྱི་སྐྱེས་བུ་ལྷ་སྐྱབས་དང་སྔགས་པ་དཀར་གདོང་། སྔགས་པ་ནག་གདོང་། སྔགས་པ་ཆོས་འཕེལ། སྔགས་པ་རྒྱ་མཚོ་སོགས་རིམ་གཉིས་ཀྱི་རྣལ་འབྱོར་བ་མང་པོ་ཞིག་བྱོན་མྱོང་ཡང་འདིར་དེ་རེ་རེའི་ལོ་རྒྱུས་བརྗོད་པར་རྔོ་མི་ཐོགས་པས་རེ་ཞིག་འབྲི་བའི་ངལ་བ་མ་བྱས་སོ། །༼མུ་འགོད།༽

རྩོམ་སྒྲིག་པ། ཀ་དག

47.2K