༄༅།།བ་ཡན་རྩི་ཆགས་སྡེ་བའི་བྱུང་རབས་མདོར་བསྡུས་སུ་བཀོད་པ།༣

ངག་དབང་བཀྲ་ཤིས།

ལྔ་པ། སྔགས་སྡེ་འདིའི་བཅའ་ཡིག་གི་རིམ་པ།
         ༄༅། །བཅའ་ཡིག་ཀུན་གསལ་མེ་ལོང་སྒེག་མོའི་མགུལ་རྒྱན་ཞེས་བྱ་བ་བཞུགས་པའི་དབུ་ལགས་སོ། །

འོ་དེ་ཡང་། རིག་འཛིན་འདུས་པ་རྒྱ་མཚོ་མཆོག་གི་ཞབས་པད་རིན་པོ་ཆེ་ལ་གུས་པས་ཞུ་བ། དེང་གཟུགས་སྐུའི་ཆོས་སྡོང་མངོན་པར་གསལ་ཞིང་རྡོ་རྗེའི་གཟུགས་ཀྱིས་བཀོད་པའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་རྫོགས་པའི་འཁོར་ལོ་བཞེས་པའི་འཕྲིན་ལས་བླ་ན་མེད་པ་ནས་ཐུགས་དམ་རིན་པོ་ཆེའི་ངེས་གསལ། རྙོགས་པའི་ཆ་ཤས་མི་མངའ་ཐུགས་ངོར་རྫོགས་སངས་རྒྱས། །བདེན་པ་གཉིས་ཅན་གསུང་དབྱངས་འགགས་མེད་དམ་པའི་ཆོས། །བསླབ་གསུམ་རིམ་གཉིས་དང་ལྡན་སྐུ་མཆོག་དགེ་འདུན་སྡེ། །བསླུ་མེད་དཀོན་མཆོག་གསུམ་ལ་ཡིད་ཀྱིས་དང་བས་ཕྱག་བགྱིའོ། །

ཇི་སྐད་དུ། རྒྱལ་བས་བསྔགས་པའི་ལམ་བཟང་གསང་ཆེན་གྱི་གཞུང་ལ་བརྟེན་ནས་ཚེ་གཅིག་གི་ལམ་བྱང་ཆུབ་བསྒྲུབ་པའི་ཐབས་སྨིན་གྲོལ་ལམ་གྱི་ཆིངས་དང་དེའི་ཆ་ལག་ཏུ་སྐྱབས་འཇུག་ཞུས་པ་ལགས། དེ་ལ་གླེང་བར་བྱ་བའི་གཞི་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེའོ། །དེ་ཡང་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །ཞེས་གསུངས་པ་ལྟར་ལ། མཚན་དེ་ལྡན་གྱི་བསྟན་པ་དེ་ལ་ལེགས་པར་ཞུགས་པའི་ཚེ། ཁྱེད་རང་རྣམས་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལ་ཞུགས་པའི་དོན་པོ་ཆོས་ལ་སྦྱང་བརྩོན་ལྷུར་ལེན་དགོས་རྒྱུ་སྟེ། ཉེ་ལམ་སྔགས་ཀྱི་སྡོམ་པ་ཡང་དབང་བཞི་ཡོངས་སུ་རྫོགས་པའི་གནས་སྐབས་སུ་ཐོབ་ལ། ཐོབ་པ་དེ་ཡང་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་སུ་བསྡུས་ཏེ། སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་གྱི་ལམ་དུ་ཁྱེར་ནས་ཉམས་སུ་ལེན་དགོས་རྒྱུ་ཅན་ཞིག་ཡིན་པ་གཞིར་བཞག །དེ་བཞིན་དུ་རྡོར་དྲིལ། ཕྲེང་བ། བྷན་ཕུར། བླ་གོས། ཡོ་བྱད་རྣམས་ཚང་བར་བྱས་ཏེ། ཆོས་སྤྱོད་ནར་མའི་རིམ་པ་ཐམས་ཅད་རྒྱས་བསྡུས་དལ་བྲེལ་དང་། མཚམས་བར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྨིན་གྲོལ་ཟབ་མོ་ཉམས་སུ་ལེན་རྒྱུ་དང་། ཇི་སྐད་དུ། ཡར་ངོ་མར་ངོའི་ཚེས་བཅུ་སྟེ། (ཞེས)གསང་ཆེན་ཐེག་པའི་ཏནྟྲ་ནས་བཤད་པ་ལྟར(དང་)། ཨོ་རྒྱན་སངས་རྒྱས་གཉིས་པས་ཀྱང་། དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ། །མངོན་སུམ་འབྱོན་པར་ཞལ་བཞེས་རྡོ་རྗེའི་གསུང་། །མ་དང་མཁའ་འགྲོ་འདུ་བའི་དུས་ཆེན་ཏེ། །རྣམ་དཀར་ཚོགས་གཉིས་གང་བསགས་འབུམ་དུ་འགྱུར། །ཞེས་པ་ལ་སོགས་རྒྱུད་དང་བསྟན་བཅོས་དུ་མ་ནས་བཤད་པ་དང་། དེ་ལྟ་བུའི་ཚོགས་གསོག་པའི་ལམ་མཆོག་ཁྱད་པར་ཅན་འདིར་འབྲེལ་ཚད་ཀྱི་འགྲོ་བ་ཕོ་མོ་གང་(ཡིན)ཡང་ཚེ་འདིར་བདེ་ཞིང་སྐྱིད་པ་དང་། ཕྱི་མར་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་སྐྱེ་བའི་སེམས་བསྐྱེད་སྔོན་དུ་འགྲོ་བའི་དད་འདུན་ཆིག་དྲིལ་གྱིས་ཆོ་ག་ལ་འཇུག་པ་དང་། དད་འདུས་ཀྱི་སྐྱེ་བོ་ཕལ་བ་དག་ཀྱང་རི་ཁ་བ་ཅན་པའི་ཕ་ཆོས་མ་ཎི་པད་དབྱངས་དང་བཛྲ་གུ་རུ་སོགས་ལ་འབད་དེ་དགེ་ཚོགས་ཅི་འགྲུབ་བྱེད་པ་ལ་འབད་དགོས། ཁྱད་པར་ཆགས་སྡང་། དུད་འཐེན། ངག་འཁྱལ། འཛིངས་རྩོད་སོགས་གཏན་ནས་བྱེད་ས་མེད། ལེ་ལོ་དང་གཞན་དབང་དུ་མི་འགྲོ་བར་དྲན་ཤེས་བག་ཡོད་ལ་གཟབ་པ་ཤིན་ཏུ་གལ་ཆེ། དེ་ཡང་སྔགས་གྲྭའི་ཆོ་ག་དང་ཆོས་སྤྱོད་གཏོང་ལུགས་དངོས་གཞི་འཕྲོས་དོན་དང་བཅས་རྡོ་རྗེ་སློབ་དཔོན་དང་བྱང་འདྲེན་དབུ་མཛད་རྣམས་ཀྱིས་ཐུགས་ལ་འཛིན་པར་ཞུ(འོ)། །

གཉིས་པ་བཅའ་གཤོམ་གྱི་རིམ་པ་རྣམས་ནི་དངོས་གཞིའི་ཆོ་གར་ཇི་ལྟར་བཤད་པ་དེ་བཞིན་དུ་དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་མ་ནོར་བཞིན་དུ་མཆོད་དཔོན་མཆོད་གཡོག་རྣམས་ཀྱིས་འདུ་བྱའོ། །དེ་ཡང་ཕུན་སུམ་ཚོགས་པའི་དུས་འདིར་རྒྱུད་སྡེ་ཏནྟྲ་ནས་བཤད་པ་ལྟར། ཚོགས་ཀྱི་འཁོར་ལོའམ་དཔའ་བོ་དང་དཔའ་མོའི་དགའ་སྟོན་གང་རུང་ལ་བརྟེན་ནས། ཕྱི་དང་ནང་དང་གསང་བའི་རྟེན་འབྱུང་གི་ཆོ་གས་ཚོགས་རྫོགས་པར་བྱེད་པ་ནི་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་ཆོས་ཏེ། འདུས་པའི་སྡེས་ཚོགས་ཀྱི་ལོངས་སྤྱོད་ལ་ཚིམ་པ་དྲུག་དང་ལྡན་པའི་བག་ཡོད་ཀྱིས་རོལ་ནས། རྡོ་རྗེའི་གླུས་སྣང་བ་འགྱུར་བར་བྱས་ནས་བསྔོ་སྨོན་གྱིས་མཚམས་སྦྱོར་ཡང་དག་པར་བྱ་དགོས། དེའང་རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བསྐང་གསོལ་གཏོར་སྒྲུབ་གང་གི་སྐབས་སུའང་དམ་པའི་སྐྱེས་བུ་རྣམས་ཀྱི་ཞབས་བརྟན་དང་རྗེས་འཇུག་རིག་འཛིན་སྦྱིན་བདག་ལེགས་པ་རྣམས་ཀྱིས་བྱ་བ་ཅི་དང་ཅི་བྱེད་ཀྱང་ལམ་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་བདེ་སྐྱིད་ལེགས་ཚོགས་རབ་ཏུ་རྒྱས་ནས་ཆོས་མཐུན་གྱི་བྱ་བ་ཚུལ་བཞིན་དུ་འགྲུབ་ཕྱིར་འབད་དགོས། དེ་ལུགས་ཀྱི་ཀུན་སྤྱོད་ཀྱང་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་འགྲོ་ངེས་པར་བྱས་ནས། ཕྱག་རྒྱ་དབྱངས་གདངས་འབུད་དཀྲོལ་གར་འཆམ། ཐ་ན་བཞེས་པ་དང་སྤྱོད་ལམ་སོགས་འབྱོན་བཞུགས་གང་གི་ཐད་ནས་སྔ་ཐལ་གཞུག་ལུས་འབུར་ཉག་ཐང་ལྷོད་དུ་མ་སོང་བར་དྲན་ཤེས་བག་ཡོད་བྱ་རྒྱུ་དང་། ཐུན་མཚམས་དང་ཇ་སྐབས་དག་ལ་བསྐྱེད་རྫོགས་སོགས་ཆོས་ཀྱི་འབེལ་གཏམ་ཁོ་ན་མ་གཏོགས། ལོང་གཏམ་དང་ཁ་ཤགས་སོགས་ཁ་དང་ལག་པའི་རྩེད་མོའི་རིགས་གཏན་ནས་བྱེད་ས་མེད། གལ་ཏེ་ངོས་ཀྱི་བཅའ་ཡིག་འདི་བཞིན་མི་བརྩི་བའི་དམ་ཉམས་རེ་གཉིས་ཡོད་ནའང་དུས་གསུམ་རྒྱལ་བའི་དབང་པོ་པདྨ་ཐོད་ཕྲེང་རྩལ་ནས་བཟུང་སྟེ། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་བདུད་འདུལ་ལ་ཐུག་གི་བར་དུ་བཀའ་བསྒོས་ཤིང་དམ་བསྒྲགས་པའི་མ་མོ་སྔགས་ཀྱི་སྲུང་མ། གཟའ་བདུད་དུག་གི་སྤུ་གྲི། དམ་ཅན་རྡོ་རྗེ་ལེགས་པ་རྣམས་ཀྱིས་སྙིང་ཁྲག་དྲོན་མོ་ཞལ་དུ་བཞེས་དགོས་པའི་བཀའ་གཏད། མི་ངའི་ཆོས་རྒྱུན་འདི་ལ་ཞུགས་པའི་བསྟན་པ་བསྟན་འཛིན་བརྒྱུད་པ་རྒྱུད་འཛིན་གྲྭ་བུ་སློབ་འདི་རྣམས་ཀྱིས་ཆོས་ཁྲིམས་མི་འགལ་བར་བརྩི་མཁན་རྣམས་ལ་གསང་སྔགས་བཀའ་ཡི་སྲུང་མ་རྣམས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་ཞིང་སྐྱོང་བར་མཛད་པའི་སྐྱབས་འཇུག(ཞུས་ཡོད) །གཞན་དགེ་སྐུལ་དང་ལས་སྣ་གོང་འོག་རྣམས་ཀྱིས་ཚུལ་བཞིན་དུ་བླང་དོར་དང་ཞིབ་ཚགས་རྒྱས་པར་བྱེད་པ་ལ་རྒྱལ་བསྟན་པདྨའི་ཚལ་ཡངས་རྒྱས་པར་བྱེད་པའི་སྐྱབས་འཇུག་ལགས་པས་སྔ་འགྱུར་རྡོ་རྗེ་ཐེག་པའི་གཞུང་ལམ་ལ་ཞུགས་པའི་སྔགས་འཆང་གོས་དཀར་འཆང་བའི་དགེ་འདུན་པ་རྣམས་ཀྱིས་ཐུགས་ལ་འཛིན་པར་མཁྱེན་ལགས་ཞུས། །བཀྲ་ཤིས། །། །

མཆན། རྩི་ཆགས་སྔགས་མང་གི་བཅའ་ཡིག་ཀུན་གསལ་མེ་ལོང་སྒེག་མོའི་མགུལ་རྒྱན་ཞེས་བྱ་བ་འདི་ནི་བླ་མ་རྟ་མགྲིན་སྐུ་ཕྲེང་གཉིས་པ་གར་དབང་འགྲོ་འདུལ་རྡོ་རྗེའི་གསུང་ཡིན་ནོ། །འདིའི་མ་ཕྱི་སྔགས་འཆང་བྱམས་པ་ལགས་ཀྱིས་མཁོ་སྤྲོད་བྱས། བཅའ་ཡིག་གི་མཇུག་ཏུ་སྒྲིག་ལམ་གྱི་ཡིག་ཆུང་ཞིག་ཡོད་པ་ཡི་གེ་མི་གསལ་བས་འདི་རུ་ཚུད་མེད། གོ་བདེ་ཡོང་ཕྱིར་ཚིག་འགའ་རེ་བསྣན་པ་ཀོ་རུ་ཁ་ཞེས་པ()རྟགས་འདིའི་ནང་བཅུག་ཡོད།

དྲུག་པ། བསང་ཡིག

༄༅། །དགྲ་ལྷའི་རྒྱལ་པོ་མཐེ་དགོད་དྲག་རྩལ་རྡོ་རྗེའི་བསང་མཆོད།

ཀྱེ། རབ་མཛེས་རིན་ཆེན་སྤུངས་འདྲའི་རི་བོ་ལ། །རང་སྣང་གནས་བཅས་དགྲ་ལྷའི་རྒྱལ་པོ་ཆེ། །ཀླུ་ཡི་སྡེ་དཔོན་མཐེ་དགོད་དྲག་རྩལ་ཅན། །སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་མདུང་རིང་ནམ་མཁའི་དབྱིངས་ལ་གཟེར། །གཡོན་པས་སྦྲུལ་ནག་ཞགས་པས་དགྲ་ལ་འདེབས། །སྐུ་ལ་གཡུ་ཁྲབ་རྨོག་ལ་རྒོད་དར་བཙུགས། །མདའ་གཞུ་ཞགས་པ་རིན་ཆེན་དཔལ་གྱིས་བརྒྱན། །རིན་ཆེན་སྒ་སྲབ་མཛེས་པའི་རྟ་མཆོག་བཅིབས། །མདུན་ན་ཀླུ་མོའི་མཆོད་འབུལ་ཁྲིགས་སེ་ཁྲིག །གཡོན་ན་ཁྱུང་བཙུན་སྨན་མོས་ནོར་བུ་བསྣམས། །ཤར་ན་ར་འདུར་ཐོབ་པས་རལ་གྲི་བསྣམས། །ནམ་མཁའི་དབྱིངས་ན་གཡུ་འབྲུག་ལྡིར་རི་རི། །ཆུ་འཛིན་གློག་གིས་བར་སྣང་ཐིབས་སེ་ཐིབ། །ཁ་དོག་སྣ་ལྔའི་འཇའ་ཚོན་ལྷབས་སེ་ལྷབ། །རྒྱབ་ན་རླུང་ནག་འཚུབ་མ་འཁྱིལ་ལི་ལི། །འཁོར་དུ་བདུད་བཙན་དམག་ཚོགས་ཤ་ར་ར། །གང་བཅོལ་སྡོང་གྲོགས་བྱེད་པའི་དགྲ་ལྷའི་ཚོགས། །སྤྲིན་དཀར་རླུང་གིས་སྐྱོད་བཞིན་གཤེགས་སུ་གསོལ། །ཡུལ་ཕྱོགས་འདི་ཡི་ཕྱོགས་བཞི་མཚམས་བརྒྱད་ན། །གནས་པའི་ཡུལ་ལྷ་གཞི་བདག་དཔུང་དང་བཅས། །མ་ཐོགས་རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་བྱོན། །

ཀྱེ། དྲི་ཞིམ་སྤོས་སྣ་བསྲེགས་པའི་བསང་མཆོད་འདིས། །ཀླུ་ཡི་སྡེ་དཔོན་མཐེ་དགོད་འཁོར་བཅས་བསངས། །ཤར་ཕྱོགས་ར་འདུར་རྒྱལ་པོའི་བཀའ་འཁོར་བསངས། །ཡུལ་ཕྱོགས་འདི་ཡི་ལྷ་ཀླུ་གཞི་བདག་བསངས། །བསང་ངོ་བསང་མཆོད་རྒྱ་ཆེན་འདི་བཞེས་ལ། །རྒྱུ་ནོར་ཟས་ཀྱི་དངོས་གྲུབ་བདག་ལ་སྩོལ། །རྣལ་འབྱོར་དཔོན་སློབ་ཕྱོགས་མཚམས་གར་འགྲོ་ཡང་། །ཕར་འགྲོ་སྐྱེལ་མ་ཚུར་འོང་བསུ་མ་མཛོད། །ཕྱོགས་བཅུའི་དགྲ་སྣ་ཡམས་ནད་ཁྱེད་ཀྱིས་ཟློག །ནད་སྣ་ཡམས་ནད་རིམས་ནད་ཁྱེད་ཀྱིས་ཟློག །བྱད་ཁ་ཕུར་ཁ་མ་ལུས་བཟློག་ཏུ་གསོལ། །ཀི་བསྭོ་བསྭོ་ཆེ་བོ་ལྷ་རྒྱལ་ལོ། །སརྦ་མངྒ་ལཾ། །ཞེས་པ་འདི་ནི་རྩི་ཆགས་བཀྲ་ཤིས་ཆོས་འཕེལ་གླིང་ནས་སྦྱར་བའོ། །

མཆན། བསང་མཆོད་འདིའི་མཛད་བྱང་དུ་མཛད་པ་པོའི་མཚན་བྲིས་མེད་པས་རྩོམ་མཁན་སུ་ཡིན་མཐའ་གཅིག་ཏུ་ཐག་གཅོད་དཀའ་མོད། བླ་མ་རྟ་མགྲིན་གཉིས་པ་ཚང་གིས་བཀྲ་ཤིས་ཆོས་འཕེལ་གླིང་གི་མཚན་བྱང་དང་སྡེ་འདིའི་བཅའ་ཡིག་མཛད་ཡོད་པ་ལ་གཞིགས་ན། བསང་མཆོད་འདིའང་ཁོང་གི་གསུང་ལས་འོས་མེད་ཀྱང་ད་དུང་དཔྱད་གཞིའི་གནས་སུ་ཆེའོ། །

ཞེས་བ་ཡན་རྩི་ཆགས་སྡེ་བའི་བྱུང་རབས་མདོར་བསྡུས་སུ་བཀོད་པ་འདི་ནི། རྩི་ཆགས་བཀྲ་ཤིས་ཆོས་འཕེལ་གླིང་གི་རིག་འཛིན་འདུས་སྤྱི་ནས་རྒྱུ་ཆ་གང་རྙེད་ཡིག་ངག་གང་རུང་གི་ལམ་ནས་བསྐུར་འབྱོར་བྱུང་བ་རྣམས་ལ་ངག་དབང་བཀྲ་ཤིས་སུ་འབོད་པས་ཟུར་ཅུང་ཟད་རེ་བརྒྱན་ཏེ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་ས་ག་ཟླ་བའི་ཚེས་པ་བཅུའི་(ཕྱི་ལོ2020ལོའི་ཟླ་བ5པའི་ཚེས2)ཉིན་ལ་མཇུག་གྲུབ་ཁུལ་བགྱིས་པ་དགེའོ། །

རྩོམ་སྒྲིག་པ། ཀ་དག

47.2K