༄༅། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོའི་རྣམ་ཐར་དང་འབྲེལ་བའི་བསྟོད་དབྱངས་གསོལ་འདེབས།

༄༅། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོའི་རྣམ་ཐར་དང་འབྲེལ་བའི་བསྟོད་དབྱངས་གསོལ་འདེབས་དད་གསུམ་འོ་མཚོ་འཕྱུར་བའི་དྲི་མེད་རླབས་ཀྱི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

སྟོང་ཆེན་ཆོས་དབྱིངས་བཟང་མོའི་མཁའ་ཀློང་ལས། །རོལ་བ་འགག་མེད་རང་བྱུང་སྤྲུལ་པའི་སྐུ། །མཐུ་སྟོབས་ཐོགས་མེད་སངས་རྒྱས་པདྨ་སྐྱེས། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །འཁོར་འདས་མཉམ་ཉིད་ཆེན་པོར་བྱིན་གྱིས་རློབས། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་འཇམ་པའི་དབྱངས། །རྙིང་བསྟན་མེ་རོ་གསོ་སླད་མི་རྫུར་ཞུགས། །རྟོགས་པ་མཁའ་དང་གསུང་རབ་ཆར་ལྟར་ཕབས། །ཀློང་ཆེན་རབ་འབྱམས་བཟང་པོར་གསོལ་བ་འདེབས། །ཁྱེད་གསུང་བཅུད་ལ་རོལ་ནུས་བྱིན་གྱིས་རློབས། །རྩ་ཐིག་རླུང་གསུམ་ལས་ལ་མངའ་དབང་འབྱོར། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཀློང་ནས་རྡོལ། །མཁའ་འགྲོ་རྒྱ་མཚོའི་གསང་བའི་ལྡེ་མིག་འཆང་། །གར་དབང་འཇིགས་བྲལ་གླིང་པར་གསོལ་བ་འདེབས། །མགྲིན་པའི་རྩ་མདུད་གྲོལ་བར་བྱིན་གྱིས་རློབས། །འགྱུར་མེད་དད་པས་བླ་མ་སྲོག་བཞིན་བསྙེན། །དེ་མཐུན་དོན་རྒྱུད་རྟོགས་པ་རྒྱུད་ལ་འཕོས། །ལས་བཞི་རབ་འབྱམས་ཀུན་ལ་ཆགས་ཐོགས་བྲལ། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། །བླ་སློབ་དགོངས་པ་དབྱེར་མེད་བྱིན་གྱིས་རློབས། །རེབ་ཀོང་ཞེས་གྲགས་སྲིན་པོའི་ཡུལ་གྲུ་རུ། །རལ་ཐོགས་སྔགས་ཀྱི་འདུས་སྡེ་ཐོག་མར་བཙུགས། །དྲག་པོའི་ལས་ལ་ཕྱག་ན་རྡོ་རྗེ་དངོས། །ཁམས་བླ་ནམ་མཁའ་རྒྱ་མཚོར་གསོལ་བ་འདེབས། །བསྟན་དགྲ་མཐུ་ཡིས་སྒྲོལ་ནུས་བྱིན་གྱིས་རློབས། །ལྟ་བའི་དོན་རྟོགས་སྒོམ་པའི་རྩལ་ཆེན་རྫོགས། །གུ་ཡངས་བློ་བདེ་གཏད་མེད་སྤྱོད་པར་འབྱམས། །ཚེ་དང་སྒྲུབ་པ་སྙོམས་པའི་རྣལ་འབྱོར་པ། །པདྨ་དབང་ཆེན་རྡོ་རྗེར་གསོལ་བ་འདེབས། །དབེན་པར་རང་ཚུགས་ཟིན་པར་བྱིན་གྱིས་རློབས། །གཏེར་སྟོན་བརྒྱ་རྩའི་གཙུག་རྒྱན་ཉི་མ་གྲགས། །གདུལ་བྱའི་ལྷག་མ་བསྡུ་ཕྱིར་སྲིད་པ་བཟུང་། །འགྲོ་དོན་ཀུན་གསལ་ཡངས་པོའི་མཐའ་ལས་འགོངས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁོ་ཚེ་དབལ་མང་ཞེས་བྱ་དཔའ་ཞིང་རྟུལ། །སྟག་གཟིག་ངར་མའི་རྒྱུད་ལ་འཁྲུལ་བ་མེད། །བསྐྱེད་པའི་ཡབ་གཅིག་འཇིགས་བྱེད་སྐྱབས་ཀྱི་མཚན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཕ་ལ་ཆེ་རྒྱུད་ལྡན་པར་བྱིན་གྱིས་རློབས། །ཇིང་གུར་རྒྱལ་གྱི་གདུང་རྒྱུད་མ་ནོར་བ། །སོག་པོ་ཝང་གི་སྲས་མོ་རིན་ཆེན་སྒྲོན། །བུད་མེད་ཕལ་བའི་སྐྱོན་སྤངས་སྐྱེས་པའི་ཡུམ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །མ་ལ་མཛངས་རྒྱུད་ལྡན་པར་བྱིན་གྱིས་རློབས། །དམ་ཆོས་པད་དཀར་དྲི་བསུང་འབུམ་སྤྲོ་ཞིང་། །སྟོབས་དང་འབྱོར་བ་རྣམ་ཐོས་སྲས་ཀྱི་ཟླ། །སོག་པོའི་བེ་ཆེན་ཞེས་གྲགས་འཁྲུངས་པའི་ཡུལ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཆོས་ཚུགས་ཡུལ་དབུས་སྐྱེ་བར་བྱིན་གྱིས་རློབས། །རིན་ཆེན་སྒྲོལ་མར་འཁྲུངས་འགྱུར་སྲས་ཀྱི་མཚན། །མགོན་པོ་བཀྲ་ཤིས་དོན་གྲུབ་གསོལ་དགོས་ཞེས། །སྟག་ལུང་མཁན་པོས་མ་འཁྲུངས་མཚན་གྱིས་བརྒྱན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ལྷ་དང་བླ་མས་ལུང་སྟོན་བྱིན་གྱིས་རློབས། །སྲིད་འདིར་རིགས་ཀྱི་མངོན་རྟོགས་ངོམས་མ་ཐག །དྲེགས་པའི་སྡེ་དཔོན་ཙིའུ་དམར་པོས་ཀྱང་། །ཞལ་བསྟན་དར་ཕུལ་བསྲུང་བའི་དམ་བཅའ་བླངས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཆོས་སྐྱོང་བྲན་ལྟར་བཀོལ་ནུས་བྱིན་གྱིས་རློབས། །འཁྲུངས་པ་ཉིད་ནས་དཔྲལ་བའི་མཐོངས་ཕྱེས་ཤིང་། །སྙན་ཤལ་དཔྱངས་པ་ལ་སོགས་ས་ཆེན་གྱི། །སེམས་དཔའི་མཚན་རྟགས་མ་ལུས་སྐུ་ལ་རྫོགས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །མཚན་དཔེའི་རིས་ཀྱིས་བརྒྱན་པར་བྱིན་གྱིས་རློབས། །རྡོ་གྲུབ་རྣམ་གསུམ་ཨ་པང་གཏེར་ཆེན་སོགས། །བླ་མའི་ལུང་དང་མཁའ་འགྲོའི་བརྡ་རིས་ལ། །བརྟེན་ནས་འཁྲུལ་བྲལ་སྐུ་རུ་ངོས་བཟུང་མཛད། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྣམ་དག་བླ་མས་རྗེས་འཛིན་བྱིན་གྱིས་རློབས། །ཨ་མགྲིན་ཞེས་གྲགས་དད་ལྡན་ལྷ་ཡི་སྡེར། །གདོང་ལྔ་འབར་བའི་ཁྲི་ལ་ཞབས་སེན་བཀོད། །ངོ་མཚར་སྐུ་ཡིས་འགྲོ་སྣང་དགེ་ལ་བསྒྱུར། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །གཞན་སྣང་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས། །སྔོན་སྦྱངས་བག་ཆགས་སད་པའི་བརྡ་རྟགས་སུ། །འབྲི་ཀློག་ལྟ་ཅི་རིག་པའི་གནས་ཀུན་ལ། །མཁྱེན་རྩལ་དབྱར་མཚོ་རྒྱས་པའི་དཔལ་ལ་ལྟ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྨོངས་པའི་རྒྱ་ལས་གྲོལ་བར་བྱིན་གྱིས་རློབས། །བླ་མའི་བཀའ་ཡི་གསེར་གྱི་རི་དབང་ནི། །དབང་ཆེན་ས་གཞི་འདིས་ཀྱང་ཐེག་དཀའ་བ། །དམ་ཚིག་བརྟན་པོས་མཛུབ་མོའི་རྩེ་རུ་བཏེགས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །བླ་མའི་བཀའ་བཞིན་སྒྲུབ་ནུས་བྱིན་གྱིས་རློབས། །རིག་འཛིན་འཇའ་ལུས་རྡོ་རྗེའི་བཀའ་གསུང་བཞིན། །ཁམས་སུ་བྱོན་ནས་བཅའ་རྡུང་འབུད་དཀྲོལ་སོགས། །སྙིང་ཐིག་ཕྱག་ལེན་མ་ལུས་བདག་གིར་མཛད། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །བླ་མའི་ཕྱག་བཞེས་མི་ཉམས་བྱིན་གྱིས་རློབས། །གཞན་ཡང་རྡོ་གྲུབ་རྣམ་གསུམ་སྤྱན་སྔ་ནས། །བཀའ་གཏེར་སྡེ་སྣོད་རྒྱ་མཚོའི་དབང་ལུང་དང་། །སྡེ་གསུམ་ཀློང་དགུའི་མན་ངག་ཐམས་ཅད་ཞུས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རང་རྒྱུད་ཆོས་ཀྱིས་འགེངས་པར་བྱིན་གྱིས་རློབས། །དགུང་གྲངས་བཅོ་ལྔར་སོན་ཚེ་ང་བརྒྱད་ཀྱི། །དུས་འཁྲུག་དྲག་པོས་མནར་གཅོད་ཅི་བྱས་ཀྱང་། །ས་ཆེན་སེམས་དཔའི་སྤྱོད་ལ་འདའ་བ་མེད། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །དུས་དང་རྐྱེན་གྱིས་མི་གཡོ་བྱིན་གྱིསརློབས། །དུས་ཀྱི་འགྱུར་ལྡོག་དབང་གིས་དཀོན་མཆོག་རྟེན། །བཤིགས་ཤིང་དཔོན་སྤྲུལ་བགྲོངས་འཛིན་བྱས་ནའང་། །དམ་པའི་རང་རྟགས་རྡོ་རྗེའི་ཚུལ་བཞིན་བརྟན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཉམས་པའི་ལས་མི་བསོགས་པར་བྱིན་གྱིས་རློབས། །ལོག་སྤྱོད་པ་ཞེས་ཡ་ངའི་འཐབ་རྩོད་ནི། །ཇི་ལྟར་བྱས་ཀྱང་མཆོག་གསུམ་རྒྱུ་འབྲས་ལ། །ཡིད་ཆེས་བརྟན་པོ་ནམ་ཡང་འགྱུར་བ་བྲལ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །སྐྱབས་གསུམ་རྒྱུ་འབྲས་མི་བརྗེད་བྱིན་གྱིས་རློབས། །ཉིན་གཅིག་ཉམ་ཐག་འཕྱི་བ་གསོད་དགོས་ཞེས། །འགོ་ཁྲིད་ཆེན་པོའི་བཀའ་ཡི་གནམ་ལྕགས་ཐོག །འཕངས་ཚེ་ཟབ་ལམ་འཕོ་བས་དབྱིངས་སུ་སྤར། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །འཕོ་བའི་ལམ་མཆོག་འབྱོངས་པར་བྱིན་གྱིས་རློབས། །དུས་ཁྲིམས་བཙན་པོས་ལོ་གསུམ་མུན་ཁང་དུ། །བཅུག་ཀྱང་སྐྱོ་དང་གདུང་བའི་སྣང་བ་ཅི། །འོད་གསལ་དོན་ལ་ཉིན་མཚན་འཁོར་ཡུག་འདྲེས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྐྱེན་ངན་གྲོགས་སུ་འགྱུར་བར་བྱིན་གྱིས་རློབས། །མཚོ་སྔོན་བཙོན་དུ་ལོ་གྲངས་བཅུ་ལྷག་བཞུགས། །མཁན་ཆེན་མུན་སེལ་གྲུབ་རིགས་ཁྱུ་མཆོག་སོགས། །དམ་པ་ལ་བརྟེན་སྒོམ་པའི་བརྡར་ཤ་བཅད། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །གོམས་པའི་ལམ་ལ་སྐྱོན་མེད་བྱིན་གྱིས་རློབས། །བཙོན་དུ་ལས་ཀ་ཅི་ལྟར་ལྕི་ན་ཡང་། །དམ་པའི་བཙོན་གྲོགས་རྣམས་ལས་ཐུན་མོང་དང་། །ཐུན་མིན་ཤེས་བྱ་ཀུན་ལ་ལྷོད་མེད་སྦྱངས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཤེས་བྱའི་བདུད་རྩི་ངོམ་མེད་བྱིན་གྱིས་རློབས། །ཀློག་གི་བྱ་བ་མཛད་ཚེ་འ་འུར་ངང་། །ཞབས་གཅིག་འཕྲུལ་ཆས་བར་དུ་ཤོར་བའི་མོད། །མཆོག་གསུམ་བྱིན་མཐུས་འཕྲུས་ཆས་འཁོར་མཚམས་བཞག །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །གྲུབ་རྟགས་དུས་སུ་སྟོན་ནུས་བྱིན་གྱིས་རློབས། །སྲིད་ཇུས་ཉི་གཞོན་འོད་བརྒྱ་སླར་འཕྲོས་ཚེ། །འགྲོ་བའི་དོན་ཆེན་སྒྲུབ་ལ་མི་ངལ་ཕྱིར། །སྙིང་ཐིག་བསྟན་པ་སྤེལ་བའི་ཁུར་ཆེན་བཞེས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །བྱང་ཆུབ་སེམས་མཆོག་ཉམས་མེད་བྱིན་གྱིས་རློབས། །སྐུ་ཚེ་གོང་མའི་གདན་ས་དགོན་ལ་ཁར། །དཀོན་མཆོག་རྟེན་དང་སྔགས་ཀྱི་འདུས་སྡེ་བཙུགས། །དབང་ལུང་ཁྲིད་ཀྱིས་སྐལ་ལྡན་སློབ་ཚོགས་བསྐྱངས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྣམ་དག་ཆོས་དང་མཇལ་བར་བྱིན་གྱིས་རློབས། །སྣ་ཚོགས་གྲུབ་མཐར་ཕྱོགས་དང་རིས་བྲལ་ཡང་། །བླ་མའི་བཀའ་བཞིན་འོད་གསལ་སྙིང་པོའི་བསྟན། །གཞན་ལ་ཚིག་རིས་ཙམ་ཡང་མ་འདྲེས་བཟུང་། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྫོགས་ཆེན་རང་རྐང་ཐུབ་པར་བྱིན་གྱིས་རློབས། །སྔ་འགྱུར་བཀའ་གཏེར་དབང་ལུང་ཆུ་བོའི་རྒྱུན། །གྲུབ་རིགས་ཁྱུ་མཆོག་བསེ་སྤྲུལ་ཐུབ་པ་ལས། །སླར་ཡང་ཐུགས་ཀྱི་བུམ་པ་བཟང་པོར་དྲངས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །དབང་དོན་ཡེ་ཤེས་རྒྱུད་འབྱོར་བྱིན་གྱིས་རློབས། །ཀུན་བཟང་ཐུགས་བསྟན་སྤེལ་ལ་ཟླ་བྲལ་བ། །མཁན་ཆེན་མུན་སེལ་གདོད་མའི་མགོན་པོ་ལས། །བར་དོའི་གདམས་སྐོར་ཁྲེགས་ཐོད་སྙན་བརྒྱུད་ཞུས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །སྙིང་པོའི་བསྟན་པའི་བཅུད་འཐུང་བྱིན་གྱིས་རློབས། །སྙིགས་མའི་དུས་སུ་རྟོགས་པ་མི་ལའི་དཔེ། །གྲུབ་རིགས་ཁྱུ་མཆོག་དམ་པའི་སྐུ་དྲུང་ནས། །ཕྱག་རྒྱ་ཆེན་པོའི་གདམས་ངག་མ་ལུས་ཞུས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཕྱག་ཆེན་ལྟ་སྒོམ་དོན་རྟོགས་བྱིན་གྱིས་རློབས། །ཉམ་ཐག་དབུལ་པོ་ཤུགས་དྲག་ནད་པ་དང་། །སློབ་གྲྭ་སོགས་ལ་སྙིང་རྗེའི་ཆུ་ཀླུང་ལས། །འཁྲུངས་པའི་སྦྱིན་བཏང་ཁྲི་དངུལ་དུ་མ་འདས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །སེར་སྣའི་མདུད་པ་གྲོལ་བར་བྱིན་གྱིས་རློབས། །དབུལ་ཕྱུག་མཐོ་དམན་ནད་པ་སྣ་ཚོགས་ལ། །ཆད་མེད་སྨན་སྦྱིན་སྒོ་ཆེན་རྟག་ཕྱེ་ནས། །གཡུ་ཐོག་སྨན་རྒྱལ་ཆེན་པོའི་རྣམ་ཐར་བསྐྱངས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཉོན་མོངས་ནད་ལས་གྲོལ་བར་བྱིན་གྱིས་རློབས། །རྩེ་ཁོག་རེབ་ཀོང་སོགས་སུ་རྩྭ་ས་དང་། །སྣ་ཚོགས་རྩོད་པས་མི་ཤི་རྟ་འགྱེལ་སོགས། །ཐབས་མཁས་ཐུགས་རྗེས་བདེ་བའི་ལམ་ལ་བཀོད། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །འཁྲུག་རྩོད་རྒྱ་ལས་གྲོལ་བར་བྱིན་གྱིས་རློབས། །མེ་ཏོག་བཅུད་ལ་རྐང་དྲུག་བུང་བ་བཞིན། །གནོད་སྦྱིན་ཙིའུ་དམར་མ་གཟའ་དམ་གསུམ་སོགས། །ཆོས་སྐྱོང་སྲུང་མ་མི་དང་མི་བཞིན་འགྲོགས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །དམ་ཅན་སྲུང་མས་མགོན་སྐྱབས་བྱིན་གྱིས་རློབས། །དགོན་པ་ལ་ཁའི་རང་མལ་གཟིམ་ཤག་ཏུ། །དཔལ་ལྡན་རྩ་བ་གསུམ་གྱི་བསྙེན་པར་བཞུགས། །མཁའ་འགྲོའི་རྟེན་གཏོར་ཞུ་ནས་བདུད་རྩིར་གྱུར། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །དངོས་གྲུབ་དངོས་སུ་ཐོབ་པར་བྱིན་གྱིས་རློབས། །འབྲོང་ལུང་དབེན་པའི་དགའ་ཚལ་ཡངས་པ་རུ། །ལོ་རེ་བཞིན་དུ་རྟ་ཁྱུང་ཞི་ཕུར་སོགས། །ལྷག་ལྷ་གང་བསྒྲུབས་སྒྲུབ་རྟགས་དུས་ལྟར་སྨིན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །སྒྲུབ་པའི་རྟགས་མཚན་ཐོན་པར་བྱིན་གྱིས་རློབས། །མཁའ་འགྲོ་འདུ་གླིང་བསམ་ཡས་མཆིམས་ཕུ་རུ། །འོད་གསལ་རྫོགས་ཆེན་དོན་གྱི་སྒྲུབ་པར་བཞུགས། །རིག་པའི་རྩལ་འབར་སྣང་བཞི་ཚད་ལ་ཕེབས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྟོགས་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །བསྐྱེད་རིམ་དབང་པོའི་གཞུ་ཡི་གུར་ཁྱིམ་ལ། །རྫོགས་རིམ་སྟོང་ཆེན་ལྟ་བས་རྗེས་ཐེབས་པས། །ཕྱོགས་སུ་མ་ལྷུང་ཟུང་འཇུག་དོན་ལ་འབྱམས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །བསྐྱེད་རྫོགས་གདེང་དང་ལྡན་པར་བྱིན་གྱིས་རློབས། །ནང་གསལ་ཕྲ་བའི་ཡེ་ཤེས་ལ་གོམས་ཕྱིར། །བག་ཆགས་ཕྲ་ཞིང་ཕྲ་བ་མ་ལུས་ཀུན། །སྤྲིན་པ་རླུང་གིས་དེད་བཞིན་དག་གྱུར་པ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ལས་ངན་བག་ཆགས་དག་པར་བྱིན་གྱིས་རློབས། །རང་མགོ་མི་ཐོན་རོ་མགོར་འུར་ལངས་པའི། །རྟ་འདོད་རྣམ་ཤེས་འདྲེན་པའི་ཤོམ་ར་མེད། །གཅིག་ཆོག་འཕོ་བའི་མྱུར་ལམ་གདེང་ལྡན་པ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །འཆི་བ་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །ནང་དགྲ་མ་ཐུལ་ཕྱི་དགྲར་མཐུ་ངོམས་པའི། །ཧཱུྃ་ཕཊཿསྒྲ་ཆེན་སྒྲོགས་པའི་འཇིགས་རྔམ་མེད། །ཉོན་མོངས་དགྲ་ལ་ཡེ་ཤེས་མཚོན་བསྣུན་པའི། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ནང་དགྲ་ཡན་པར་མི་འཆོར་བྱིན་གྱིས་རློབས། །འོད་གསལ་གཉུག་མའི་དོན་ལ་རྒྱང་རིང་བའི། །སྤྱན་ཟུང་མཁའ་མཐར་གཟིགས་པའི་ལྟ་སྟངས་མེད། །རང་རིག་གཤིས་སུ་རྣམ་ཀུན་ཅེར་ཉལ་བའི། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཅེར་མཐོང་རང་གྲོལ་ཆེན་པོར་བྱིན་གྱིས་རློབས། །ཕྱི་མཛེས་རྨ་བྱ་གཞོན་ནུའི་ངང་ཚུལ་བཞིན། །གཡག་སྙིང་གཟན་ཤམ་གྱོན་པའི་དགེ་སློང་མིན། །དམ་ཚིགས་མངོན་ལྐོག་མེད་པའི་ཚུལ་ཁྲིམས་ཅན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་པར་དག་པར་བྱིན་གྱིས་རློབས། །གཡག་རྔ་དབུ་རུ་བཅིངས་པའི་རྔམ་བརྗིད་ངང་། །འདོད་ཡོན་ཚོགས་སུ་རོལ་བའི་སྔགས་འཆང་མིན། །གདན་གསུམ་འཁོར་ལོར་རྫོགས་པའི་དཔའ་བོ་ཆེ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རང་ལུས་རྒྱལ་བའི་སྐུ་རུ་བྱིན་གྱིས་རློབས། །སྤྲང་པོའི་བརྟུལ་ཞུགས་བཟུང་ནས་ས་མཐར་འཁྱམས། །སྙན་གྲགས་ཐབས་ཀྱིས་གཉེར་བའི་བྱ་བཏང་མིན། །ཐ་མལ་རྟོགས་ཚོགས་བྲལ་བའི་བྱ་བཏང་བ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རྣམ་རྟོག་དགྲ་ཡིས་མི་འཁྱེར་བྱིན་གྱིས་རློབས། །རྒྱུ་ནོར་བསྡུ་བའི་ཐབས་ལ་ཆེས་བྱང་བ། །དབང་ལུང་ཚོགས་རྫས་བྱེད་པའི་བླ་མ་མིན། །སྣོད་ལྡན་ས་གཞིར་མན་ངག་ཆར་འབེབས་པའི། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །སྣོད་ཀྱི་སྐྱོན་གསུམ་བྲལ་བར་བྱིན་གྱིས་རློབས། །ཐ་སྙད་གྲུབ་མཐའི་ཚིག་ལ་ཞེན་དྲགས་ནས། །ལུང་རིགས་གད་རྒྱངས་སྒྲོག་པའི་མཁས་ཆེན་མིན། །གསང་ཆེན་སྙིང་པོའི་དོན་ལ་ཆེར་གོམས་པ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །དཔྱད་སྒོམ་འཕྲང་ལས་ཐར་བར་བྱིན་གྱིས་རློབས། །ལྷ་བདུད་གཞན་དུ་བཟུང་ནས་གཉན་ས་རུ། །ཨུ་ཚུགས་གཅེར་ཉལ་བྱེད་པའི་གཅོད་རྒན་མིན། །རྣམ་རྟོག་དགྲ་གཅིག་དབྱིངས་སུ་གཅོད་བྱེད་པའི། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །གཅོད་ཀྱི་དེ་ཉིད་ཤེས་པར་བྱིན་གྱིས་རློབས། །ས་བརྐོ་རྡོ་སློག་བྱེད་པའི་སྡུག་ལས་ཀྱིས། །གསེར་སྐུ་ཁྲོམ་གཏེར་བཞེས་པའི་གཏེར་སྟོན་མིན། །པདྨའི་ཐུགས་གཏེར་ཐུགས་ལ་རབ་བཞེས་པའི།  །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཡེ་ཤེས་གཏེར་ནས་འདོན་པར་བྱིན་གྱིས་རློབས། །ཆོས་ཉིད་རྣལ་མའི་ངང་གཤིས་མ་རྟོགས་བཞིན། །རང་ལུས་བཙོན་དུ་འཇུག་པའི་སྒོམ་ཆེན་མིན། །ལུས་ཀྱི་ཁང་པར་སེམས་ཉིད་སྒྲུབ་པར་བཞུགས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །རང་རིག་གཤིས་ལས་མི་འདའ་བྱིན་གྱིས་རློབས། །རྒྱུད་དང་མ་སྦྱར་མཁས་པའི་ངང་ཚུལ་འདི། །ཁྲེངས་དྲེགས་རྟ་ལ་བསྐྱོན་ལས་གཞན་དུ་ཅི། །དེ་ཕྱིར་གང་ཁྱེད་མན་ངག་གནད་ལ་མཁས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །གོ་བ་རྒྱུད་ལ་འབྱོར་བར་བྱིན་གྱིས་རློབས། །རྒྱལ་དང་རྒྱལ་སྲས་དགྱེས་པའི་སྤྱོད་པ་ནི། །ཤུགས་འབྱུང་རང་གཤིས་སྟོན་ལས་གཞན་དུ་ཅི། །དེའི་ཕྱིར་གང་ཁྱེད་བཅོས་མིན་སྤྱོད་པས་བཙུན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །མངོན་ལྐོག་བཅོས་མས་མི་འཚོ་བྱིན་གྱིས་རློབས། །བསྟན་འགྲོའི་དོན་ལ་ཚེ་གཅིག་གཞོལ་བ་ནི། །བྱུང་ཆུབ་སེམས་དཔའི་སྤྱོད་ལས་གཞན་དུ་ཅི། །དེའི་ཕྱིར་གང་ཁྱེད་བཟང་པོའི་མཛད་པས་འཚོ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །འཚོ་བ་དོན་དང་ལྡན་པར་བྱིན་གྱིས་རློབས། །ཡོད་མེད་ཕྱོགས་འཛིན་རྟག་ཆད་མཐའ་ལས་འདས། །སྟོང་གསལ་ཁྱབ་བརྡལ་ཡེ་ཐོག་མགོན་པོ་ཡི། །གསུམ་བྲལ་བཞི་ཆའི་རང་ཞལ་རྗེན་པར་མཇལ། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཡེ་དག་ལྟ་བའི་དོན་རྟོགས་བྱིན་གྱིས་རློབས། །བྱིང་རྒོད་རྨུགས་གསུམ་ནམ་ལངས་མུན་བཞིན་ཡལ། །བདེ་གསལ་མི་རྟོགས་ཉམས་ཀྱི་རྒྱ་ལས་གྲོལ། །སྒོམ་མེད་སྒོམ་པའི་སྒོམ་པ་ཆེན་པོར་འབྱམས། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །སྐྱོན་མེད་སྒོམ་པའི་ངང་གནས་བྱིན་གྱིས་རློབས། །འོད་གསལ་གཉུག་མའི་དྲན་རིག་ཆེན་པོ་ཡི། །རང་ཚུགས་བརྟན་ཕྱིར་བཟང་ངན་རྟོག་ཚོགས་ཀུན། །ཆུ་ལ་རིས་བཞིན་སོང་བའི་སྤྱོད་པ་ཅན། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ཀུན་བཟང་སྤྱོད་པས་དུས་འདའ་བྱིན་གྱིས་རློབས། །ཀ་དག་སྟོང་ཆེན་གཞི་ཡི་གནས་ལུགས་རྟོགས། །འོད་གསལ་ལྷུན་གྲུབ་ལམ་གྱི་རྩལ་ཆེན་རྫོགས། །རེ་མེད་འབྲས་བུའི་ཡེ་ཤེས་མངོན་དུ་གྱུར། །གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོར་གསོལ་བ་འདེབས། །ངེས་དོན་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་རློབས། །སྐྱབས་གཅིག་བླ་མ་གྲུབ་དབང་ནམ་མཁའི་མཚན། །གསོལ་འདེབས་བུ་གཅིག་རྟོགས་སྨྱོན་རྡོ་རྗེ་རྩལ། །གསོལ་བཏབ་དགེ་མཐུས་སྐྱེ་དང་སྐྱེ་བའི་ཕྲེང་། །ལུས་དང་གྲིབ་བཞིན་ཉིད་ཀྱིས་རྗེས་འཛིན་ཞིང་། །ཆོས་ཉིད་ས་རུ་དུས་མཉམ་བྱིན་གྱིས་རློབས།།

    ཞེས་གྲུབ་སྤྲུལ་ཁྲག་འཐུང་རྒྱལ་པོའི་རྣམ་ཐར་དང་འབྲེལ་བའི་བསྟོད་དབྱངས་གསོལ་འདེབས་འདི་ནི། སྤྱི་ལོ༢༠༠༣ལོའི་ཟླ༦པའི་ཚེས༡༠བཟང་པོར་རེབ་ཀོང་རལ་ཐོགས་སྔགས་ཀྱི་གྲལ་མཐའ་འཛིན་པ་གཞོན་ནུ་རྟོགས་སྨྱོན་རྡོ་རྗེས། བླ་མའི་ཐུགས་དང་འགལ་བའི་ཉེས་པ་འདག་ཕྱིར་ལྦུ་ཆང་གྲོགས་སུ་བསྟེན་པའི་རིག་ལམ་ནས་སྦྱར་བ་དགེའོ། །

47.2K