༄༅། །ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

དེ་ཡང་ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་ནི། སྡེ་དགེ་རྒྱལ་པོའི་ཆབ་འབངས་ཁྲོཾ་ཡུལ་འབྲས་མོ་ལྗོངས་ཀྱི་གནས་ཆེན་དུང་རལ་བྲག་དཀར་གྱི་མདུན་ཞོལ། བཀྲ་ཤིས་དགེ་འཕེལ་གླིང་ཞེས་བྱ་བར། ཡབ་གྲུབ་དབང་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། ཡུམ་གླིང་ཚང་རྒྱལ་པོའི་མངའ་འོག་རྫ་རྒྱུད་ལེ་མདའ་ཚོང་དཔོན་ཚང་གི་བུ་མོ་རིགས་ལྡན་གྱི་མཁའ་འགྲོ་མར་བསྔགས་པ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༨༩༦རབ་བྱུང་༡༥པའི་མེ་སྤྲེལ་ལོར་མཚན་དཔེའི་པདྨོ་གསར་དུ་བཞད། སྐུ་འཁྲུངས་པའི་ཞབས་རིམ་དུ་ཁྲོཾ་རྒྱ་སྐོར་བླ་མ་བསོད་ནམས་རིན་ཆེན་གྱིས་ཟབ་མོ་གཅོད་ཀྱི་སྒྲུབ་པ་ཉིན་བདུན་ལ་གསུངས་སྐབས། མ་ཡུམ་བཀྲ་ཤིས་ལྷ་མོས་མར་མེ་ཞིག་ཕུལ་ནས། འདི་གཞི་འཛིན་མཆོད་མེ་ཡིན། ཞེས་པ་ཞག་བདུན་རིང་མ་གཟིམས་པར་མ་ཟད། སྒྲུབ་པ་གྲོལ་ཉིན་ཡང་སྣུམ་སྡོང་རྩར་ཞུ་ཙམ་ལས་རང་སོར་ཡོད་པ་ཀུན་གྱི་མཐུན་སྣང་དུ་བྱུང་།

འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་བར་གཅོད་སྲི་ལས་བཟློག་ཕྱིར་སྲི་གཅོད་རྡོ་རྗེ་ཞེས་དང་། དེ་རྗེས་ངེས་གསང་སྙིང་པོའི་བསྟན་འཛིན་གྱི་སྐྱེས་བུ་དམ་པར་འགྱུར་བའི་ལུང་བསྟན་དབུགས་དབྱུང་དང་འབྲེལ་འགྱུར་མེད་ངེས་དོན་བསྟན་འཛིན་ཅེས་བསྩལ།   ཡབ་རྗེ་བླ་མས་ཨོ་རྒྱན་གཏེར་བདག་གླིང་པའི་ཡང་སྲིད་ཡིན་པར་ཞལ་བཞེས་གནང་སྟེ། མཚན་སྔ་མ་གཉིས་ཀྱི་ཟུར་བསྡུས་ནས་རིག་འཛིན་འགྱུར་མེད་རྡོ་རྗེ་ཞེས་གསོལ། གཙང་སྐོར་གྲུབ་ཆེན་བྱམས་པ་ཆོས་འཛིན་དང་། ལྐོག་གྱུར་མཁྱེན་པའི་དམ་པ་མང་པོས་དཔལ་ཡུལ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱི་སྐུ་སྐྱེ་ཡིན་པར་བསྔགས།

དགུང་གྲངས་བཅུ་གཉིས་པར་ཀཿཐོག་གསང་སྙིང་མཁན་པོ་རྗེ་དབོན་པདྨ་རྒྱལ་མཚན་མདུན་ལས་རྙིང་མ་རྒྱུད་འབུམ་པོད་ཉེར་དྲུག་དང་། དགེ་རྩེ་པཎྜི་ཏའི་བཀའ་འབུམ་པོད་དགུ། དབུ་མ་རྩ་འཇུག་གཞི་གསུམ། སྨིན་གླིང་པ་ཨོ་རྒྱན་ཆོས་གྲགས་ཀྱི་གསང་སྙིང་སྤྱི་དོན་རིན་ཆེན་ཕྲེང་བ། ཀུན་མཁྱེན་མི་ཕམ་པའི་སྤྱི་དོན་འོད་གསལ་སྙིང་པོ། སྨིན་གླིང་དྷརྨ་ཤྲཱིའི་གསང་བདག་དགོངས་རྒྱན་དང་། གསང་བདག་ཞལ་ལུང་སོགས་གསན།

དགུང་གྲངས་བཅུ་གསུམ་པར་ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོའི་མདུན་དུ་གཙུག་སྐྲ་ཕུལ་བས། མཚན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་དཔལ་བཟང་པོ་ཞེས་དང་། དགུང་གྲངས་བཅུ་དགུ་ཤིང་ཕོ་སྟག་༡༩༡༤ལོར་རབ་ཏུ་བྱུང་བར། མཚན་ཐུབ་བསྟན་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ།  རྗེ་དེ་ཉིད་ལས་བདུད་འདུལ་ཕུར་པའི་དབང་ལུང་ཁ་ཚང་དང་། ཞིང་སྐྱོང་སྲོག་གཏད་བཅས་གསན།

དགུང་གྲངས་ཉི་ཤུའི་ནང་ཙམ་ལ་གླིང་རྫོང་མགོ་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་དང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། གསུང་ཐོར་བུ། ཡ་བཞི། སྨན་རྒྱུད་བཞི། ཟབ་མོ་བཀའ་རྒྱ་སོགས་ལུང་དུ་མ་གསན།

དགུང་གྲངས་ཉེར་གཉིས་མེ་སྦྲུལ་ལོར་རྫོགས་ཆེན་མཁན་ཐུབ་བསྟན་སྙན་གྲགས་ལས་མངོན་པ་མཛོད་དང་། དེ་རྗེས་གསང་བདག་དགོངས་རྒྱན། རྒྱ་ཆེར་འགྲེལ། སྤར་ཁབ། གཡུང་ཊིཀ །གསང་སྙིང་མཛོད་ཀྱི་ལྡེ་མིག །ཐལ་འགྱུར་རིག་པའི་སྒོ་འབྱེད། ལུང་རིགས་རྡོ་རྗེའི་རོལ་རྩེད། སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་གསན།

དགུང་གྲངས་ཉེར་བརྒྱད་ཆུ་མོ་ཕག་༡༩༢༣ལོར་ཀཿཐོག་མཁན་སྐལ་བཟང་དབང་ཕྱུག་ལས་བསྟན་འགྱུར་ལས་ལུང་རྒྱུན་བཞུགས་པ་པོད་ཉི་ཤུའི་ལུང་དང་། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་ལས་ཀློང་གསལ་བཀའ་བརྒྱད་མ་དང་། གུ་དྲག་གི་དབང་། སྡོང་བྱ་བྲལ་བ་བསོད་ནམས་དོན་འགྲུབ་ཀྱི་ཁྲིད་ཡིག་ལྗགས་ལུང་སོགས།   དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་ལས་བཀའ་བརྒྱད་འདུས་ཆེན་མཁའ་ཀློང་ཡངས་པའི་ཆོག་བསྒྲིགས་ལྟར་དབང་དང་། པོད་དགུའི་ལུང་། བླ་མ་དགོངས་འདུས་པོད་བཅུ་གསུམ་གྱི་དབང་ལུང་། འདུས་པ་མདོ། མ་ཏིའི་སེང་གདོང་དབང་སྲོག་གཏད་སོགས་གཏེར་གཞུང་ལྟར་དབང་སྐོར་ཆ་ཚང་། རཏ་གླིང་དམ་ཅན་དང་། ཀུན་སྐྱོང་གླིང་པའི་དམ་ཅན་གྱི་སྲོག་གཏད་། ཆོས་སྐྱོང་སྲོག་གཏད་སྐོར་ཁ་ཤས་སོགས།    དཔལ་ཡུལ་ཡང་སྲིད་རིན་པོ་ཆེ་ཀརྨ་ཐེག་མཆོག་ལས་ཚོགས་བདག་སྲོག་དབང་དང་། གཏེར་གསར་གཤེད་དམར་དབང་ལུང་། གཤིན་རྗེ་ལྕགས་འདྲ་སྡིག་སོགས།    གཏེར་ཆེན་རིན་ཆེན་གླིང་པ་ལས་གཏེར་སྟོན་ཉིད་ཀྱི་གཏེར་གསར་ཆོས་སྐོར་ཆ་ཚང་།   བླ་མ་ཀུན་བཟང་བསྟན་འཛིན་ལས་སྡོམ་གསུམ་རྣམ་ངེས་ཀརྨ་ངེས་ལེགས་འགྲེལ་པ། རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ་ལས་གནམ་ཆོས་སངས་རྒྱས་ལག་འཆང་སྔོན་འགྲོ་དང་། རང་གི་གསུང་གནམ་ཆོས་སྔོན་དངོས་ཀྱི་ཁྲིད། མགོན་པོ་ཚོགས་བདག་དཔལ་ཡུལ་ལུགས་ཀྱི་སྲོག་དབང་། ཡོན་ཏན་མཛོད་དཔལ་སྤྲུལ་དཀའ་འགྲེལ་དང་སྦྲགས་རྩ་བའི་སྟེང་རྒྱས་བཤད། སྙན་ངག་ལེའུ་བར་མ་སོགས།  ཀཿཐོག་དགེ་སྤྲུལ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྣམ་རྒྱལ་ལས་ཐོས་གྲོལ་དབང་དང་། བསྐྱེད་རྫོགས་གཉིས་བཅས་ཀྱི་ལྗགས་ལུང་། འདོད་འཇོའི་བུམ་བཟང་ཁ་ཚང་། ཚེ་གཡང་ཁ་སྤྲོད་རྗེས་གནང་། འཕྲིན་སྒྲུབ་རིན་ཆེན་ཕྲེང་བའི་དབང་། འཇམ་དཔལ་རྗེས་གནང་། མགར་ནག་སྲོག་གཏད། གསང་སྙིང་ལེགས་བཤད་རོལ་མཚོ་སོགས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་ཐར་ལམ་དཀར་པོའི་སྔོན་འགྲོ་དང་། རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་ཡོངས་རྫོགས་སོགས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་གཅོད་ཡུལ་འཛིན་པ་རང་གྲོལ་གྱི་དབང་ལུང་ཁྲིད་བཅས་དང་། ལྕེ་བཙུན་སྙིང་ཐིག་གི་དབང་ཁྲིད་བཅས་གསན།

དགུང་གྲངས་སོ་བདུན་ཕེབས་པ་ཆུ་སྤྲེལ་ལོར་མཁན་ཀུན་དཔལ་མདུན་ནས་སྒྱུ་འཕྲུལ་གསང་སྙིང་གི་དཀའ་གནད་མང་པོ་དོགས་གཅོད་མཛད་པ་སོགས་མདོ་སྔགས་ཀྱི་གཞུང་ལུགས་ལ་གསན་བཞེས་མཛད་པ་རྣམས། ཕྱི་ཚུལ་དུ་ནན་ཏན་སྒོས་ཞིབ་གཟིགས་མ་གྲུབ་པ་ལྟ་བུར་སྣང་མོད། གཞན་དོན་དགོས་གལ་གྱི་དུས་སུ་མདོ་སྔགས་ཀྱི་གཞུང་ལུགས་གང་ལའང་དོན་གྱི་གོ་བ་ཐོགས་མེད་དུ་མཁྱེན་ཅིང་། མཁས་པ་སུ་ཞིག་དང་བགྲོ་གླེང་མཛད་ཚེ་གཞུང་ལུགས་ཀུན་ལ་ཐོགས་མེད་དུ་མངའ་དབང་འབྱོར་བས། རྫོགས་པ་ཆེན་པོའི་ཉམས་རྟོགས་ཀྱི་སྟོབས་ཀྱིས་དགོངས་པའི་ཀློང་བརྡོལ་ཡིན་པ་དམ་པ་མང་པོས་གླེང་ཞིང་། བསྔགས་བརྗོད་མཛད།   རྗེ་ཉིད་ཀྱིས་མཛད་པའི་ལྗགས་རྩོམ་ཡང་སྒྱུ་འཕྲུལ་ལམ་རིམ་གྱི་འབྲུ་འགྲེལ་དང་། འགྲོ་འདུལ་དཔའ་བོ་རྡོ་རྗེའི་རྣམ་ཐར། དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ། བཟང་སྤྱོད་སྨོན་ལམ་འགྲེལ་པ། དབང་བཞིའི་རྣམ་བཤད། འཁོར་འདས་སྤྱི་གཞིའི་ཟིན་བྲིས། མོས་གུས་ལམ་ལྷོངས་ཀྱི་སྙིང་དོན། མཎྜལ་རྣམ་བཤད། ཚོགས་ཀྱི་སྟོན་ཐུན་སོགས་ལྗགས་རྩོམ་པོད་བཞི་ད་ལྟ་མཇལ་དུ་ཡོད་པ་དང་།   ཁྱད་པར་དུ་ཡབ་རྗེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་སངས་རྒྱས་དངོས་མཐོང་གིས་རིགས་བདག་ཏུ་བསྟེན་ཏེ། ཐུན་མོང་སྔོན་འགྲོ་ནས་བཟུང་ཐུན་མིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་བར་དང་། ལྷག་པར་རིག་འཛིན་འཇིགས་མེད་གླིང་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་བའི་ཤིན་ཏུ་ཉེ་བརྒྱུད་དང་། པདྨ་འོད་གསལ་མདོ་སྔགས་གླིང་པ་ལས་ཆིག་བརྒྱུད་ཅན་གྱི་ལྕེ་བཙུན་སྙིང་ཐིག་སྐོར། རིག་འཛིན་རྒོད་ལྡེམ་ལས་ཉེ་བརྒྱུད་བབ་པ་དགོངས་པ་ཟང་ཐལ་དང་། ཀ་དག་རང་ཤར། ཨོ་རྒྱན་ཡབ་ཡུམ་གཉིས་ལས་ཞལ་གཟིགས་ལུང་བསྟན་གྱིས་དགོངས་གཏེར་དུ་བབ་པ་རྗེ་ཉིད་ཀྱི་ཟབ་གཏེར་དག་གི་དབང་ལུང་ཁྲིད་གསུམ་གྱི་གདམས་པ་གང་ཡོད་བུམ་པ་གང་བྱོས་ཚུལ་དུ་མནོས་ནས་ཉམས་སུ་བསྟར།

དགུང་གྲངས་ཞེ་བཞི་པ་སྤྱི་ལོ་༡༩༣༩ས་ཡོས་ལོ་ནས་བརྩམས་འོད་གསལ་ཐེག་མཆོག་གླིང་དུ་གཙུག་ལག་ཁང་རྟེན་དང་བརྟེན་པ་ལོ་བཞི་ལ་གསར་བཞེངས་དང་། གཞན་ཡང་ཟླ་རེ་བཞིན་རྒྱུན་གྱི་དུས་དྲུག་མཆོད་སྐོང་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒོ་ནས་སྒྲུབ་མཆོད་ཆེན་མོ། ཡབ་རྗེ་བླ་མ་དང་ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ནས་བཅུ་དགུ་བར་བླ་མ་མཆོད་པ་འཚོགས་པའི་རྒྱུན་འཛུགས་དང་། སྐབས་དེ་དག་ཏུ་འདུས་སྡེ་སྤྱི་ལ་ཤ་དམར་གྱི་གསོལ་འདྲེན་མི་ཆོག་པར་མཛད། ཡབ་རྗེ་བླ་མ་སྐུ་མྱ་ངན་ལས་འདའ་ཁར་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད་པ་ནས་གདུལ་བྱ་གཞན་ལའང་ཁམས་དབང་མོས་པ་དང་བསྟུན་ཏེ་དབང་ལུང་ཁྲིད་གསུམ་སྤྱི་དང་། ཁྱད་པར་དུ་སྙིང་ཏིག་ཡ་བཞི་དང་ཀློང་ཆེན་སྙིང་ཐིག་སྟེ་སྙིང་ཐིག་གོང་འོག་གཉིས་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་རྗེས་དྲན་དུ་བབ་པའི་ལྕེ་བཙུན་སྙིང་ཐིག་དང་། གཏེར་སྟོན་རིན་ཆེན་གླིང་པས་ལང་གྲོ་མཆེད་པ་སྟག་འདྲ་ནས་སྤྱན་དྲངས་པའི་སངས་རྒྱས་མཉམ་སྦྱོར་ཏེ་ལྕེ་བཙུན་སྙིང་ཐིག་གོང་འོག་གཉིས། ཡབ་རྗེ་གྲུབ་དབང་བླ་མའི་ལྕེ་བཙུན་སྙིང་ཐིག་གི་ཁྱད་པར་ཁྲིད་ཡིག་དང་། རིག་འཛིན་འཇིགས་མེད་གླིང་པའི་ཁྲིད་ཡིག་ཡེ་ཤེས་བླ་མའི་སྟེང་ནས་ཀ་དག་དང་ཁྲེགས་ཆོད་ཀྱི་གདམས་པ་ཟབ་མོ་དམར་ཁྲིད་དང་།    ལོ་ནར་མར་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ཟླ་བ་ཕྱེད་གཉིས་རེ་དང་། སྟོན་དཔྱིད་གཉིས་ལ་ཁྲིད་ཡིག་ཡེ་ཤེས་བླ་མའི་སྟེང་ནས་འཁོར་འདས་རུ་ཤན་ཟླ་ལྷག་རེ། དབང་པོ་ཡང་རབ་ཁ་ཅིག་ལ་བརྡ་ཐབས་ཀྱི་སྒོ་ནས་རིག་ངོ་སྤྲད་པ་སོགས་སྐུ་ཚེ་ཧྲིལ་པོར་བསྟན་པ་དང་འགྲོ་བའི་དོན་ལ་བརྩོན་པས་སློབ་མའི་གཙོ་བོ་ནི། གོང་དུ་བཀོད་པའི་རྗེ་ཉིད་ཀྱི་བླ་མ་རྣམས་ལས་ཡབ་རྗེ་གྲུབ་དབང་འགྲོ་འདུལ་བླ་མ་དང་། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། རྗེ་དབོན་པདྨ་རྒྱལ་མཚན། མཁན་ཚུལ་ཁྲིམས་རྒྱལ་མཚན། ཀཿཐོག་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ། མཁན་ཀུན་དཔལ་ཙམ་མ་གཏོགས་གཞན་ཞལ་སློབ་ཏུ་མ་གྱུར་པ་མེད་ལ། དེ་བཞིན་ཡབ་རྗེ་གྲུབ་དབང་འགྲོ་འདུལ་དཔའ་བོ་རྡོ་རྗེའི་དངོས་སློབ་རེ་ཟུང་ལས་གཞན་སློབ་བརྒྱུད་ཡོད་དོ་ཅོག་རྗེ་འདིའི་ཞལ་སློབ་ཀྱང་ཡིན་ནོ། །

ཁྱད་པར་དུ་ཕྱི་ལོ་༡༩༥༥རབ་བྱུང་བཅུ་དྲུག་པའི་ཤིང་མོ་ལུག་ལོར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་མཆོག་ལ་མཁྱེན་བརྩེ་སྐུ་གོང་མས་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལ་ཆིག་བརྒྱུད་དང་། དེ་ལས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་ལ་ཆིག་བརྒྱུད་དུ་བསྩལ་བའི་བི་མ་ལའི་ཟབ་ཏིག་བླ་སྒྲུབ་དང་། འོད་གསལ་སྙན་བརྒྱུད་རྡོ་རྗེའི་ཆོས་དྲུག །ཚེ་སྒྲུབ་གདམས་པ་ཐུན་མིན་གུད་སྦས་དབང་ཁྲིད་ལུང་དཔེ་དང་བཅས་ཆིག་བརྒྱུད་དུ་ཕུལ་བ་དང་། གཞན་ཡང་སྙིང་ཏིག་ཡ་བཞིའི་དབང་བཀའ་ཡོངས་རྫོགས། ལྕེ་བཙུན་སྙིང་ཏིག་གི་དབང་ཁྲིད་བཅས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཕྱག་བཞེས་ལྟར་ཕུལ་བ་དང་།    དེ་བཞིན་རྫོགས་ཆེན་མཁྱེན་བརྩེ་རིན་པོ་ཆེ། ཨོ་རྒྱན་སྨིན་གྲོལ་གླིང་གི་གཅུང་སྤྲུལ་ངག་དབང་ཆོས་གྲགས། རྫ་རྒྱུད་ཕྱོགས་ཀྱི་མཁན་ཆེན་དམ་པ་པདྨ་ཚེ་དབང་ལྷུན་གྲུབ། དར་ཐང་མཆོག་སྤྲུལ་ཀུན་དགའ་དགེ་ལེགས། གོ་འཇོའི་རག་སྤྲུལ་བཀྲ་ཤིས་རྣམ་རྒྱལ། ཁ་ལེགས་མཆོག་སྤྲུལ་པདྨ་ཀུན་བཟང་རང་གྲོལ། བླ་མ་ཚེ་རིང་དབང་དྲག་གམ་གོ་འཇོ་རིན་པོ་ཆེ། འཛིང་སྤོམ་རྫོང་མཁན་ཆེན་ཀརྨ་རྡོ་རྗེ། རྨུགས་སངས་མཁན་པོ་དམ་ཆོས།   རང་ཡུལ་ཕྱོགས་ནས་སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་བསྟན་པའི་རྒྱལ་མཚན། མཁན་ཆེན་འདུས་པ་རྒྱ་མཚོ། ན་ཐ་སྤྲུལ་སྐུ་བསོད་ནམས་མཆོག་གྲུབ། མཁན་ཨ་རབ། ཁྲོཾ་དགེ་ཨ་རིག་རིན་པོ་ཆེ་དང་། དེ་ཡི་ཉེ་གནས་གྲུབ་དབང་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ནམ་ཨ་ཁྱུག་རིན་པོ་ཆེ། རྒྱ་གར་བ་བསྟན་འཛིན། ཁུ་ནུ་བ་བསོད་ནམས་མཐར་ཕྱིན། གར་ཤ་བ་ཀེ་ལ་སོ་མི། འབྲུག་པ་བླ་མ་རིག་འཛིན་དཔལ་ལྡན། དགེ་བཤེས་རབ་འབྱམས་པ་འཇམ་དབྱངས་འོད་ཟེར། གྱི་ལིང་ཐུགས་མཆོག་རྡོ་རྗེའི་ཡང་སྲིད་བདེ་ཆེན་འཇིགས་མེད་རྡོ་རྗེ། རི་ཁྲོད་བླ་མ་གཟན་སེར་ཅན། རྒྱ་ནག་ཧ་ཤང་བླ་མ་ཀན་ཚབ་དང་། མན་ཤན་སོགས་རྙིང་མ་དང་། ས་སྐྱ། དགེ་ལྡན། བཀའ་བརྒྱུད་བོན་པོ་བཅས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་སྟོང་ཕྲག་མང་པོ་བྱོན་པ་དང་། དེ་ལས་བདག་ཅག་གི་འདྲེན་མཆོག་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཐུབ་བསྟན་པདྨ་འཕྲིན་ལས་དཔལ་བཟང་པོ་མཆོག་ལ། ཡབ་རྗེ་གྲུབ་དབང་འགྲོ་འདུལ་པ་ལས་བརྒྱུད་པའི་རིང་བརྒྱུད་ཉེ་བརྒྱུད་ཡོད་དོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་ཕུལ་ཏེ། འབྱུང་འགྱུར་གསང་བ་སྙིང་ཐིག་ལ་མཛད་རྗེས་མངོན་པར་མཐོ་བ་ཡོང་བའི་དབུགས་དབྱུང་ལུང་བསྟན་བཅས་བསྩལ་ཏེ། དོན་དུ་སྐུ་གསུང་ཐུགས་ཀྱི་བརྒྱུད་འཛིན་དང་། རྒྱལ་ཚབ་ཏུ་མངའ་གསོལ་མཛད།

དེ་ཡང་རང་རྣམ་གྱི་མཇུག་ཏུ། སྤྱི་མདོ་ལས། རྨོངས་པ་གདུང་བ་སེལ་བའི་དུས་ན་འབྱུང་། །ཞེས་དང་། ལས་རྒྱུན་ཡོངས་སུ་གཅོད་པ་ན་ཡང་འབྱུང་། །གསུངས་པ་བཞིན། ཚེ་འདིར་དགྲ་རྐུན་ཇག་སོགས་ལས་ངན་ཚབས་ཆེན་བསགས་པའི་སྡིག་ཆེན་རྣམས་ཐུན་མོང་གི་བསགས་སྦྱོང་སོང་ནས། ཁྲིད་ཉམས་ལེན་ལ་བསླབ་པ་ཀུན་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མེད་ཅིང་། འཆི་བྲོད་ཀྱི་གདེང་ཚད་རྙེད་པ་མང་དུ་བྱུང་བས། བླ་ཆེན་དང་། མཁན་སྤྲུལ་ཕལ་ཆེར་གྱི་ཞབས་པད་མི་ཟིན་པ་དང་། རྗེས་སུ་འཛིན་དཀའ་བའི་རིགས་ཀྱི་རྒྱུད་ལ་ཕན་ཐོགས་རེ་བྱུང་བ་འདི་ལ་བལྟས་ན། ཆོས་བཤད་གཟུགས་བརྙན་ལྟ་བུའི་ཁུར་བླངས་པའང་། དོན་ཅུང་ཟད་རེ་བྱུང་སྙམ་པ་དང་། དམ་པའི་སྐྱེས་བུ་ཆེན་པོ་རྣམས་ལ་ཆོས་ཀྱི་མཎྜལ་ཕུལ་བ་ལ། ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར་པའི་གསུང་ཕེབས་པའང་མང་དུ་བྱུང་བས། གདོལ་པའི་ལག་གི་སྤོས་རེང་ལྟ་བུར་གྱུར་སྙམ་པའི་རྟོག་པ་རེ་ཤར་བའང་། རྗེ་བཙུན་བླ་མའི་བཀའ་དྲིན་དུ་ཤེས་པ་ལས། རང་མཐོང་དང་། ང་རྒྱལ་གྱི་དབང་དུ་མ་ཤོར་བ་ཙམ་དུ་གྱུར། ཞེས་གསུངས་སོ། །དེ་ལྟར་ཁོང་གི་ཞབས་ཟིན་གྱི་སློབ་མ་ཕལ་པ་རྣམས་ཀྱང་སྐུ་ཚེའི་མཐའ་བར་སྒྲུབ་ཚུགས་ཟིན་ཅིང་། འཆི་ཁར་གྲུབ་པའི་རྟགས་མཚན་མ་ཐོན་པ་མེད་པ་ལྟ་བུས། བོད་ཡུལ་སྟོད་སྨད་བར་གསུམ་གཙོས་ཤར་ཨེ་ཤ་ཡའི་གླིང་ནས། བྱང་ཨ་རིའི་བར་དུ་ཨ་འཛོམ་ཞེས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་པ་དང་། གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་སྲིད་ན་དཀོན་པ་དག་ཀྱང་། རྗེ་ཡབ་སྲས་འདི་གཉིས་ཀྱི་སྐུ་དྲིན་དང་བསོད་ནམས་ལ་བརྟེན་ནས་གྲུབ་པ་ཡིན་འདུག་པས། རྒྱུད་འཛིན་བུ་སློབ་རྣམས་ཀྱིས་ཁོང་གི་སྐུ་དྲིན་དྲན་ཞིང་དྲིན་གཟོ་བར་རིགས་སོ། །  

དགུང་གྲངས་༦༣ཕེབས་པ་ས་ཁྱི་ལོར་སྐུ་དངོས་ཀྱི་མཛད་པ་ཐ་མ་སྨྱོ་ཤུལ་ལུང་རྟོགས་སྤྲུལ་རིན་པོ་ཆེ་ཨ་རྡོར་དང་། ཨོ་རྒྱན་སྨིན་གྲོལ་གླིང་གི་གདུང་སྲས་འཇམ་དཔལ་ཆོས་ཀྱི་གྲགས་པ། ཁྲོཾ་དགེའི་བླ་སྤྲུལ། རྡོ་ཁོ་དགོན་གྱི་མཁན་བཀྲ་གཅེས་སོགས་བླ་སྤྲུལ་ཉི་ཤུ་ཙམ་ལ་སྒྱུ་འཕྲུལ་ལམ་རིམ་གྱི་བཤད་ཁྲིད་རྫོགས་པར་གནང་སྟེ། མཐར་དགུང་གྲངས་རེ་བཞི་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་༡༩༥༩ལོར་ཟླ་བ་ལྔ་པ་སྤྲེལ་ཟླའི་ཚེས་བཅུའི་སྔ་དྲོའི་ཆར་དཔལ་ཡུལ་རྫོང་གི་ཁྲི་མུན་དུ་སྐུ་མྱ་ངན་ལས་འདས་སོ། །

དེ་ཡང་དུས་འགྱུར་གྱི་རྦ་རླབས་དྲག་ཏུ་འཕྱུར་བའི་སྐབས་དང་། དེ་ལས་གྲོལ་ཏེ་བསྟན་པ་བསྐྱར་དར་གྱི་དུས་དག་ཏུ་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་བར་མ་ཆད་པར་གནས་པ་དང་། བསྟན་པ་སླར་གསོ་མཛད་པའི་དམ་པའི་སྐྱེས་བུ་ཕལ་མོ་ཆེ་ཞིག་རྗེ་འདིའི་དངོས་སློབ་བརྒྱུད་པ་དང་བཅས་པ་ཡིན་པས། རྗེ་འདི་ཉིད་སྔ་འགྱུར་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའོ། །

རྣམ་ཐར་ཞིབ་གཟིགས་འདོད་པ་རྣམས་ཀྱིས་རྗེ་ཉིད་ཀྱི་རང་རྣམ་༼རིག་འཛིན་འགྱུར་མེད་རྡོ་རྗེའི་ལོ་རྒྱུས་ཆུ་ཟླའི་སྣང་བརྙན༽དང་། དེའི་ཁ་སྐོང་ཁ་ལེགས་མཆོག་སྤྲུལ་པདྨ་ཀུན་བཟང་རང་གྲོལ་གྱིས་མཛད་པ་གཉིས་ལ་གཟིགས་པར་ཞུ།

ཞེས་པའང་དམ་པ་གང་གི་བརྒྱུད་པའི་གྲལ་མཐར་བསྙེགས་པ་ཚེ་རིང་དར་རྒྱས་སུ་འབོད་པས། མགོན་པོ་གང་ཉིད་སྐུ་ཞི་བར་གཟིམས་ནས་བགྲང་བྱ་རེ་གཉིས་འཁོར་བའི་དུས་ཚིགས་ཉིན་ཏེ། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་ཟླ་བ་ལྔ་པའི་ཚེས་བཅུ་ལ་རྗེས་དྲན་ཚུལ་དུ་བཀོད་པའོ།། །།

རྩོམ་ཁུངས། འོད་ཟེར་དམར་པོའི་འཕྲིན་སྟེགས།

རྩོམ་སྒྲིག་པ། ཀློང་གསལ།

47.2K